མིའི་རིགས་རིག་པའི་ལྟ་སྟངས་ཀྱི་ཐད་ནས་གློག་བརྙན《ལག་དམར》དང《དབུགས་ལྒང》གི་བྱུང་རིམ་འགའ་འགྲེལ་བ།

བསོད་ནམས་ཚེ་རིང་།(མཚོ་ལྷོ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-10-26
 
      འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ནི་བོད་མི་ཞིག་ཡིན་པར་མ་ཟད། ཁོས་འཁྲབ་ཁྲིད་བྱས་པའི་གློག་བརྙན་དག་ཀྱང་བོད་མའི་འཚོ་བ་དང་སྤྱི་ཚོགས་འགྱུར་ལྡོག རིན་ཐང་ལྟ་ཚུལ་བཅས་བརྗོད་བྱར་བཟུང་སྟེ་བརྙན་ཕབ་བྱས་ཡོད།འོ་ན་ཁོའི་བརྙན་མིག་ལས་བྱུང་བའི་བོད་མའི་འཇིག་རྟེན་དེ་དངོས་ཡོད་སྤྱི་ཚོགས་ཀྱི་བོད་མའི་འཇིག་རྟེན་དང་གཅིག་ཡིན་ནམ།ཡང་ན་བོད་མིའི་འཚོ་བ་དང་རིག་གནས་ལ་འཁྱོག་བཤད་བྱས་ཏེ་མི་རིགས་དང་རྒྱལ་ཁབ་གཞན་གྱི་མིག་དབང་འཕྲོག་ཆེད་ཡིན།དེའི་ཐད་ད་ལྟའི་དུས་སུ་བོད་མིའི་ནང་ཁུལ་དུ་གླེང་ཕྱོགས་མི་མཐུན་པ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་པས། འདིར་ངས་གཟུར་བོར་གནས་ཏེ་ཡིན་མིན་དང་བདེན་རྫུན་མེད་པར་མིའི་རིགས་རིག་པའི་ལྟ་སྟངས་ཀྱི་ཐད་ནས་བརྗོད་པར་བྱ་རྒྱུ་ཡིན།

༡ གཙོ་གནས་དང་མགྲོན་གནས་ཀྱི་ཐད་ནས་བལྟ་བ།(主观和客观)

            གློག་བརྙན《ལག་དམར》གྱི་བྱུང་རིམ་དུ་ཁམས་པའི་ཕོ་གསར་ཞིག་གིས་དགྲ་ཤ་ལེན་ཆེད་རང་གི་ཕ་གསོད་ཀྱི་མི་དེ་འཚོལ་ནས་རྙེད་ཀྱང་། མཐར་ཁོའི་བློ་ཁ་འགྱུར་ནས་དགྲ་ཤ་མ་བླངས་བའི་བྱུང་རིམ་དེར་མཚོན་ན། གཙོ་གནས་དང་མགྲོན་གནས་ཀྱི་ཟུར་མ་འདྲ་ཚེ་ལྟ་ཚུལ་ཀྱང་མི་འདྲ་སྟེ།གཙོ་གནས་ཀྱི་ཐད་དེ་བོད་མིའི་ངོས་ནས་བལྟས་ན། ཕ་གསོད་ཀྱི་དགྲ་ཤ་མ་བླངས་བ་ནི་འོས་ཤིང་རུང་བ་ཞིག་ཡིན་ཏེ། དེ་ནི་དགེ་བའི་ལས་ཤིག་དང་ཆོས་དང་མཐུན་པ་ཞིག་ཡིན། རྒྱུ་མཚན་ནི་བོད་མིའི་འདུ་ཤེས་སུ། ནང་བསྟན་གྱི་ལྟ་བ་གཞིར་བཟུང་ནས་མར་གྱུར་སེམས་ཅན་ཐམས་ཅད་ཞེས་འགྲོ་བ་རིགས་དྲུག་གང་ཡིན་རུང་རང་ཉིད་ཀྱི་མ་རུ་མ་གྱུར་པ་མེད་པར་འདོད་པས། མི་སུ་ལའང་དགའ་བ་དང་སྙིང་རྗེ་སྒོམས་ནས་རང་གི་ཨ་མའི་འདུ་ཤེས་འཛིན་པ་ལས། དེ་ལ་དགྲ་རུ་འཛིན་པའི་བསམ་བློ་མེད་པ་རེད། ཡང་ནང་བསྟན་གྱི་ལས་འབྲས་ལྟ་བར་ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་བཤད་ཅིང་སྲོག་གཅོད་པ་ནི་མི་དགེ་བ་བཅུའི་དང་པོ་ཡིན་པས་ཧ་ཅང་འཛེམ་པ་ཡིན། གལ་ཏེ་ཕ་གསོད་ཀྱི་དགྲ་ཤ་བླངས་ནའང་གཞན་གྱི་སྲོག་བཅད་པའི་འབྲས་བུ་སྡུག་བསྔལ་མྱོང་དགོས། ཡང་ལས་འབྲས་ཆུད་མི་ཟ་བར་འདོད་པས། སོ་སོས་བྱས་པའི་འབྲས་བུ་དེ་སོ་སོས་མྱོང་དགོས་པས། ཕ་གསོད་ཀྱི་དགྲ་ཤ་མ་བླངས་རུང་མི་བསད་པའི་རྣམ་སྨིན་གྱི་འབྲས་བུ་མི་དེ་ལ་འབྱུང་ངེས་པར་འདོད། དེ་བས་ཕ་གསོད་ཀྱི་དགྲ་ཤ་ལེན་མི་དགོས་པར་འདོད། བོད་མིའི་ངོས་ཐད་ནས་མ་བལྟས་པར་གཞན་གྱི་ངོས་ཐད་དེ་མགྲོན་གནས་ཀྱི་ཟུར་ནས་བལྟས་ན། རྒྱ་མི་རིགས་ཀྱི་འདུ་ཤེས་ལྟར་ན་ཕ་གསོད་ཀྱི་དགྲ་ཤ་མ་བླངས་པར་བསྐྱུར་བ་ནི་བློས་དཔོགས་དཀའ་བ་ཞིག་ཡིན་ཏེ། རྒྱུ་མཚན་ཕ་གསོད་ཀྱི་དགྲ་ཤ་ལེན་རྒྱུ་ནི་བདེན་དོན་འགྱུར་མེད་(天经地义)ཅིག་ཡིན་པའི་བསམ་བློ་ཡོད་པ་རེད།

༢ སྲོལ་རྒྱུན་ཆེ་བ་དང་སྲོལ་རྒྱུན་ཆུང་བའི་ངོས་ཐད་ནས་བལྟ་བ།(大传统和小传统)

     སྤྱི་ཚོགས་རྙིང་པར་མཚོན་ན་བོད་ཀྱི་སྲོལ་རྒྱུན་ཆེ་བ་ནི་ནང་བསྟན་རིག་གནས་ཡིན་པས། སྲོལ་རྒྱུན་ཆེ་བའི་ངོས་ཐད་ནས་བལྟས་ན། ཁམས་པའི་ཕོ་གསར་དེས་ཕ་གསོད་ཀྱི་དགྲ་ཤ་མ་བླངས་བ་ནི་གོང་དུ་རྒྱུ་མཚན་དང་བཅས་བཤད་པ་བཞིན་འོས་ཤིང་རུང་བ་ཞིག་ཡིན། ཡིན་ནའང་བོད་ཀྱི་སྲོལ་རྒྱུན་ཆུང་བའི་ངོས་ཐད་ནས་བལྟས་ན་ཕ་གསོད་ཀྱི་དགྲ་ཤ་ལེན་རྒྱུ་ནི་དོན་ཆེན་ཞིག་ཡིན། རྒྱུ་མཚན་ནི་གཞན་གྱི་བརྙས་བཅོས་ལ་མགོ་བོ་སྒུར་ནས་མི་འདུག་པར་དགྲ་ལ་འཁོན་ལན་སློག་པའི་བསམ་བློ་དེ་བོད་ཀྱི་དམའ་རིམ་སྤྱི་ཚོགས་སུ་རྒྱུགས་ཆེ་བར་མ་ཟད། སྟག་ཤར་ཞིག་ལ་མཚོན་ན་དེ་ནི་ལ་རྒྱ་ཞིག་ཀྱང་ཡིན། ལྷག་པར་བོད་སིལ་བུའི་དུས་སྐབས་སུ་ས་གནས་སོ་སོ་ཡུལ་གྲུ་བཅད་བཟུང་གིས་རང་མགོ་རང་ཐོན་ཡིན་པས།གཅིག་གྱུར་གྱི་མགོ་བདག་དང་རྒྱལ་ཁྲིམས་ཞིག་མེད། དེ་བས་བུ་སུ་དཔའ་དང་སུ་རྒྱལ་ལས་གཉོམ་ཆུང་མཐའ་ནས་སྐྱོར་མཁན་དང་བཙན་པོ་མགོ་ནས་གནོན་མཁན་ཞིག་མེད་པ་རེད། དེ་ནི་རྗེ་བཙུན་མི་ལའི་ཚེ་སྟོད་ཀྱི་མཐུ་བསླབ་པའི་བྱ་བ་དེས་གསལ་བྱེད་བྱ་ཐུབ་སྟེ། ཨ་ཁུ་དང་ཨ་ནེས་ཁོང་མ་སྨད་གསུམ་ལ་བརྙས་བཅོས་ཚད་མེད་དེ་འདྲ་བྱུང་རུང་སྐབས་དེར་ཞུ་གཏུགས་བྱེད་ས་གང་ཡང་མེད་པར། མང་ན་དམག་ཐོངས། ཉུང་ན་མཐུ་ཐོངས་ཟེར་བ་ལྟར་རང་ཁོ་ནར་ཐུག་ཡོད། དེ་བས་མཐར་མཐུ་བཏང་ནས་འཁོན་ལན་སློག་པ་རེད། དེ་ལྟ་བུའི་བོད་ཀྱི་སྲོལ་རྒྱུན་ཆུང་བ་ལྟར་ན། ཕ་གསོད་ཀྱི་དགྲ་ཤའམ་རོ་སྐྱིན་ལེན་མ་ཐུབ་ནི་ངོ་ཚ་ཞིག་དང་རང་སྡེ་དང་གཞན་གྱི་འཕྱ་དམོད་བྱེད་སའི་གནས་ཡིན་སྟབས།ཕ་གསོད་ཀྱི་དགྲ་ཤ་ནི་ངེས་པར་ལེན་དགོས་པ་ཞིག་ཡིན།

༣ རིག་གནས་བྱེད་ནུས་སྨྲ་བའི་ཐད་ནས་བལྟ་བ།(功能学派)

     གློག་བརྙན《དབུགས་ལྒང》གི་བྱུང་རིམ་དུ་བཟའ་ཟླ་གཉིས་ཀྱི་འཚོ་བའི་ཆ་རྐྱེན་ཧ་ཅང་སྡུག་ནའང་།རང་གི་ཨ་ཕའི་རྣམ་ཤེས་ཕྱིར་རང་ཁྱིམ་དུ་འཁོར་བར་རློམ་ནས་བྱིས་པ་ངེས་པར་བཙའ་དགོས་བྱུང་བ་དེར་མཚོན་ན། བོད་མི་ཡིས་རྣམ་ཤེས་དང་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་པའི་རིག་གནས་དེའི་བྱེད་ནུས་ཡིན། ཡང་བོད་ཀྱི་འདས་མཆོད་ཡུལ་སྲོལ་དུའང་ཤི་བོ་ལ་ཆོས་བསྒྲུབས་ཚར་རྗེས། ཤི་བོའི་རྣམ་ཤེས་ངོས་འཛིན་ནི་དོན་གལ་ཆེན་ཞིག་ཡིན་ཞིང་། རྣམ་ཤེས་དེའང་ཕྱིར་རང་གི་ཁྱིམ་ཚང་དེར་འཁོར་ཡོད་པའི་འདུ་ཤེས་དྲག་པོ་ཡོད། དེ་ལྟ་བུའི་རིག་གནས་བསམ་བློ་དེའི་དབང་གིས་དངོས་ཡོད་ཀྱི་འཚོ་བར་དཀའ་ཁག་ཇི་འདྲ་ཆེ་རུང་། ལམ་བུ་དེ་འདྲ་ཞིག་གདམས་པ་དང་འཚོ་བར་ཡང་འགྱུར་ལྡོག་སྣ་ཚོགས་ཐེབས། དེ་ནི་རིག་གནས་ཀྱིས་སྤྱི་ཚོགས་དང་འཚོ་བར་ཐེབས་པའི་ཤུགས་རྐྱེན་ཡིན་ཞིང་རིག་གནས་ཀྱི་བྱེད་ནུས་ཤིག་ཀྱང་ཡིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མིའི་རིགས་རིག་པའི་ལྟ་སྟངས་ཀྱི་ཐད་ནས་གློག་བརྙན《ལག་དམར》དང《དབུགས་ལྒང》གི་བྱུང་རིམ་འགའ་འགྲེལ་བ།

2021-10-26 བསོད་ནམས་ཚེ་རིང་།(མཚོ་ལྷོ) ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།