མེ་མདའ་ཟིལ་གྱིས་གནོན་པའི་སེམས་དཔའ།

                                            ---《ཇག་པ》བཀླགས་པ།

  ཚེ་རིང་དོན་གྲུབ་ལགས་ཀྱི་བརྩམས་སྒྲུང་གསར་བ«ཇག་པ»ནི་2022ལོའི«མི་རིགས་ཀྱི་རྩོམ་རིག»དེབ་བཞི་པར་ཐོག་མར་སྤེལ། རྗེས་ནས་མཆོད་མེ་རྩོམ་རིག་དྲ་བར་བཀོད་དེ་ཀློག་གྲངས་ཆིག་ཁྲི་བཞི་སྟོང་ལྷག་ལ་སླེབས། བོད་རྩོམ་ཞིག་ལ་མཚོན་ནས་བཤད་ན་ཀློག་པ་པོ་ཆེས་མང་བའི་བརྩམས་ཆོས་ཀྱི་གྲས་སུ་གཏོགས་སྲིད། འདི་ལ་རྩོམ་མཁན་གྲགས་ཅན་ཡིན་པ་དང་ཁོང་གི་བརྩམས་སྒྲུང་གོ་སླ་བ་སོགས་རྒྱུ་རྐྱེན་མང་དུ་ཡོད་སྲིད་མོད།གཙོ་བོ་ནི་བརྩམས་ཆོས་ཀྱི་སྤུས་ཀའི་སྟེང་འབབ་དགོས་པ་རེད་སྙམ།

  ཚེ་རིང་དོན་གྲུབ་ལགས་ནི་དངོས་ཡོད་འཚོ་བ་དང་ཉེ་བར་བཅར་ནས་དགག་གཞག་གི་མདུང་ཁ་ཕྱི་ལ་གཏོད་པའི་རྩོམ་མཁན་ཞིག་རེད།ཡིན་ཡང་།«ཇག་པ»དང«ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག»ཅེས་པའི་བརྩམས་ཆོས་གཉིས་ཀྱི་ནང་བསམ་གཞིགས་དང་ཕྱིར་རྟོག་གི་སྙུག་ཁ་ནང་ལ་གཏད་དེ་བྲིས་ཡོད།གཙོ་བོར་མི་གཤིས(人性)་དང་ཚེ་སྲོག་ལ་འཚོལ་རྟོག་བྱ་རྒྱུ་དེ་རྩོམ་གྱི་དཀྱིལ་སྙིང་དུ་བཟུང་འདུག་པའི་ཚོར་བ་སྟེར།བརྩམས་ཆོས་འདི་གཉིས་མཚོན་སྟངས་ཀྱི་ཆ་ནས་མི་འདྲ་སྟེ།«ཇག་པ»ནི་འཆར་ཡན་ནམ་ཕུགས་བསམ་གྱི་རང་བཞིན་ཤུགས་དྲག་པའི་སྒྲུང་ཐུང་ཞིག་རེད་ལ།«ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག»ནི་སྒྱུ་འཕྲུལ་དང་ལྷ་སྒྲུང་གི་རང་བཞིན་ལ་སྦྱར་ནས་བསྟན་དོན་མཚོན་པ་ཞིག་རེད།ཁོང་གིས་སྔོན་ཆད་བྲིས་པའི་སྒྲུང་ཐུང་དག་དང་བསྡུར་ན།འདི་གཉིས་པོ་ཅུང་མི་འདྲ་བ་ཞིག་རེད་བསམས།སོ་སོར་རང་རང་གི་ཁྱད་ཆོས་ཐུན་མིན་ཞིག་ཐོན་འདུག་སྙམ།ཁྱད་ཆོས་དེ་གཙོ་བོ་བསམ་བློའི་བསྟན་དོན་གྱི་ཐད་ན་ཡོད།ལྷུག་བརྗོད་བྱེད་ཐབས་དང་གཏམ་སྦྱོར་སྤེལ་ལུགས།མཐོང་སྣེ་འདེམས་སྟངས་དང་སྐད་ཆའི་རྩལ་འདོན་སྟངས།ཞིབ་འབྲི་བྱེད་ཐབས་སོགས་ཀྱི་ཐད་དུའང་གླེང་རི་བའི་ཁྱད་ཆོས་མང་དུ་ཡོད་མོད།ཡིག་ཚོགས་ཀྱི་དབང་གིས་དེ་དག་བསྐྱུངས་ཏེ་བསམ་བློའི་བསྟན་དོན་གྱི་སྐོར་ནས་བསམ་ཚུལ་འགའ་བརྗོད་འདོད།

  གཅིག ཕུགས་བསམ་གྱི་སྐར་ཚོགས་ལ་ཅེར་བའི་སྤོབས་པ།

  གནའ་བོའི་ཀེ་རི་སིར་གཏམ་རྒྱུད་འདི་འདྲ་ཞིག་བྱུང་མྱོང་སྟེ།མཚན་ཉིད་རིག་པ་གྲགས་ཅན་ཐཱ་ལེ་སི(Thales)ནི་ནམ་རྒྱུན་ནམ་མཁའི་སྐར་ཚོགས་ལ་ཞིབ་ལྟ་བྱེད་རྒྱུར་ཤིན་ཏུ་དགའ་བས་ཉིན་ཞིག་ཐུགས་མཉམ་མ་བཞག་པར་དོང་ཟབ་མོ་ཞིག་ཏུ་ལྷུང་བ་རེད།མི་མང་པོ་དེར་འདུས་ཏེ་ཁོ་ལ་འཕྱ་སྨོད་བྱས།དེ་ལས་གཡོག་ངན་མ་ཞིག་གིས"ཨ་ཙི།འདི་ཐཱ་ལེ་སི་མིན་ནམ།རྡོག་འོག་གི་དོང་མི་མཐོང་བ་ཞིག་གིས་ནམ་མཁའི་དོན་དག་ཨེ་ཤེས་ཡ།ཧོ་ཧོ་ཡ།"ཞེས་ཟུར་ཟ་བྱས་ཤིང་ངོ་མཚང་བྲུས།ཡིན་ཡང་།ཕུགས་བསམ་གྱི་ནམ་མཁར་ཅེར་བའི་ཐཱ་ལེ་སི་ནི་ང་ཚོ་དང་གྱེས་ནས་ལོ་ངོ་སྟོང་ཕྲག་འགའ་འགོར་ཡང་བརྗེད་ཐབས་མེད་ཀྱང་།དངོས་ཡོད་འཚོ་བའི་ཁྲོད་རྡོག་འོག་གི་དོང་མཐོང་བའི་གཡོག་ངན་མ་དང་མི་དེ་དག་གི་མིང་ཙམ་ཡང་ལོ་རྒྱུས་སུ་ལྷག་མེད།དེ་བས་ཕུགས་བསམ་ནི་ཇི་འདྲའི་རྒྱང་ཐག་རིང་ཡང་ཕུགས་བསམ་གྱི་སྐར་ཚོགས་ལ་རྒྱང་ལྟ་བྱེད་ཕོད་པའི་མི་ལ་གཟོད་ཕུགས་བསམ་མངོན་འགྱུར་ཡོང་བའི་རེ་བ་ཡོད།"སྙན་ངག་དང་རྒྱང་རིང"ལ་སྙེག་པ་ནི་སྙིང་སྟོབས་དང་སྤོབས་པ་ཞིག་རེད།རྟོག་བཟོའི་ལག་ཐབས་ལ་བརྟེན་ནས་ཀློག་པ་པོར་ཀུན་རྟོག་གི་འཇིག་རྟེན་རྒྱ་ཆེ་ཞིང་གུ་ཡངས་པ་ཞིག་བསྐྲུན་རྒྱུ་ནི་བརྩམས་སྒྲུང་གི་ལས་ཀ་གཙོ་བོ་ཞིག་རེད།རྟོག་བཟོའི་རང་བཞིན་དང་ཕུགས་བསམ་གྱི་རང་བཞིན་མི་ལྡན་པའི་བརྩམས་སྒྲུང་ནི་བརྩམས་སྒྲུང་དུ་གྲུབ་མིན་བཤད་དཀའ།

  «ཇག་པ»ནི་འཆར་ཡན་དང་ཕུགས་བསམ་གྱི་རང་བཞིན་ཤུགས་དྲག་པའི་བརྩམས་ཆོས་ཤིག་ཡིན་ཏེ།གཏམ་རྒྱུད་ནང་གི་ཇག་པ་དང་ཕྱུགས་བདག་མ་གཉིས་ཀྱི་བསམ་སྦྱོར་དེ་འདྲ་ཞིག་དངོས་ཡོད་འཚོ་བའི་ཁྲོད་འབྱུང་སྲིད་པའི་ངེས་པ་ཧ་ཅང་ཕྲ།ཡིན་ཡང་གཏན་ནས་མི་སྲིད་པའང་མིན་ཏེ།གཏམ་རྒྱུད་འདི་བྱུང་བའི་དུས་སྐབས་དེར་འདི་དང་འདི་ལྟའི་ངག་རྒྱུན་མང་དུ་ཐོས་རྒྱུ་ཡོད་པར་བལྟས་ན་དཔེ་མི་སྲིད་པ་ཞིག་མིན་པ་ཤེས་ཐུབ།གང་ལྟར་ད་ལྟའི་ཁོར་ཡུག་དང་སྦྱར་ནས་བཤད་ན།དེ་ནི་དངོས་ཡོད་འཚོ་བ་དང་ལེ་དབར་སྟོང་ཕྲག་གིས་ཆོད་པའི་ཕུགས་བསམ་གྱི་ཞིང་ཁམས་ཤིག་རེད།བྱམས་སྙིང་རྗེ་དང་སྐྱིད་སྡུག་མཉམ་བརྗེ་ཡི་ལྟ་སྤྱོད་ལ་མི་དགའ་བའི་སྐྱེ་བོ་ནི་ཧ་ལམ་མེད་ཚོད་དུ་སྣང་ཡང་།ལག་ལེན་དུ་བསྟར་ཐུབ་མཁན་ནི་རུས་སྦལ་གྱི་སྤུ་ལྟར་དཀོན་པའང་མིག་མཐོང་ལག་ཟིན་རེད།

  དངོས་ཡོད་འཚོ་བའི་ཁྲོད་གཏམ་རྒྱུད་འདི་འདྲ་ཞིག་དངོས་སུ་འབྱུང་བའི་དབང་དུ་བཏང་ན།མི་ཕལ་ཆེ་བས་ཕྱུགས་བདག་མ་དེ་བླུན་པོའམ་གླེན་མར་བརྩི་སྲིད་ལ།ཇག་པ་དེ་ཡང་གླེན་ཞད་ཅན་ཞིག་ཏུ་འདོད་ངེས།དེ་ནི་མི་རྣམས་ཀྱིས་མཚན་ཉིད་རིག་པ་ཐཱ་ལེ་སི(Thales)གླེན་པར་བརྩིས་པ་དང་ཅི་ཁྱད།ཡིན་ཡང་སྒྱུ་རྩལ་བརྩམས་ཆོས་ཁྲོད་འདི་ལྟའི་གཏམ་རྒྱུད་ཅིག་བཀླགས་ན་ཡིད་འགུལ་ཐེབས་མཁན་མང་དུ་ཡོད་ལ།ཕལ་ཆེ་བ་ཀློག་པར་སྤྲོ་བ་རེད།དེ་ནི་སྒྱུ་རྩལ་གྱི་ནུས་པ་གལ་ཆེན་ཞིག་རེད།ཀློག་པ་པོར་སྤྲོ་བ་བསྐྱེད་པ་དང་བསམ་གཞིགས་ཀྱི་འཇིག་རྟེན་བསྐྲུན་པ་ནི་སྒྱུ་རྩལ་གྱི་ནུས་པ་རེད།མི་རྣམས་ནི་ཁྱིམ་ཚང་དང་རང་ཉིད་སོགས་ཀྱི་ཆེད་དུ་ཉིན་མཚན་ལ་དབྱེ་བ་མེད་པར་བྲེལ་གྱིན་ཡོད།དངོས་ཡོད་འཇིག་རྟེན་གྱི་ཁྲོད་འདོད་པ་དོན་ཐོག་ཏུ་མི་འགྲོ་བའི་སྐབས་ཤིན་ཏུ་མང་ལ།སོང་ཡང་འགྱོད་གདུང་གིས་མཇུག་བསྡུ་དགོས་པའི་སྐབས་ཀྱང་མང་པོ་ཡོད།གང་ལྟར་མི་ཞིག་འཇིག་རྟེན་དུ་གསོན་པ་ནི་དཀའ་སྡུག་གི་ཁྲོད་འཕག་འཚག་བརྒྱབ་སྟེ་གསོན་དགོས་པ་རེད།འཁོར་བའི་འཐབ་འཛིང་ཁྲོད་ལུས་སེམས་གཉིས་རྨས་ཤིང་ངལ་བའི་དུས།སྒྱུ་རྩལ་བརྩམས་ཆོས་ཀྱིས་སེམས་གསོ་དང་བདེ་སྣང་།ཐ་ན་འཕྲུལ་སྣང་དང་འཁྲུལ་སྣང་སོགས་ཚོར་བ་སྣ་ཚོགས་ཤིག་སྟེར་བ་རེད།ཚོར་བ་དེའི་ཡོང་ཁུངས་གཙོ་བོ་ནི་བརྩམས་ཆོས་ཁྲོད་ཆགས་པའི་ཕུགས་བསམ་དང་འཆར་ཡན་གྱི་འཇིག་རྟེན་དེ་ཡིན།འཇིག་རྟེན་དེས་ང་ཚོའི་རྨ་ཁ་གསོ་ལ་སེམས་ངལ་སེལ་བར་གྲོགས་བྱེད་པ་རེད།དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཐོབ་ཤོར་དང་འདུ་བྲལ།ཤི་གསོན་དང་དགའ་སྐྱོ་སོགས་རེ་ཞིག་བཏང་སྙོམས་སུ་འཇོག་པའམ་དེ་དག་བརྗེད་པར་བྱས་ཏེ་ཀུན་རྟོག་གི་འཇིག་རྟེན་ཡངས་པོ་ཞིག་ལ་ལྟད་མོར་འགྲོ་ཆོག་པ་རེད།དེས་བྱིན་པའི་སིམ་ཚོར་དང་དགའ་སྣང་དེ་གཞན་དངོས་པོ་གང་གིས་ཀྱང་ཚབ་བྱེད་ཐབས་བྲལ།དཔེར་ན།ཐང་ཆད་པ་དང་སེམས་སྐྱོ་བའི་དུས།རང་ཉིད་དགའ་བའི་རོལ་དབྱངས་ཤིག་ལ་མཉན་པའམ་སྙན་ངག་ཅིག་གྱེར་པ།ཡང་ན་བརྩམས་སྒྲུང་ཞིག་ཀློག་པ་དང་རྩོམ་ཞིག་འབྲི་བ་སོགས་གང་བྱས་ཀྱང་སེམས་གསོ་བའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་རེད།མ་མཐའ་ཡང་སྒྱུ་རྩལ་གྱི་བློ་སྦྱོང་ཅུང་ཟད་ཡོད་པའི་སྐྱེ་བོ་ཞིག་ལ་མཚོན་ན་དེ་འདྲ་རང་ཡིན་སྲིད།

  དེ་བས།«ཇག་པས»ཀྱང་ང་ཚོ་ཕུགས་བསམ་དང་འཆར་ཡན་གྱི་འཇིག་རྟེན་ཞིག་ཏུ་འཁྲིད་པ་རེད།དེ་ན་བདག་བས་གཞན་གཅེས་དང་སྐྱིད་སྡུག་མཉམ་བརྗེ་ཡི་ཁོར་ཡུག་ཅིག་གྲུབ་ཡོད།གནས་དེ་ན་འཐབ་རྩོད་དང་འཁྲུག་ལོང་མེད་ལ།མནར་གཅོད་དང་ངན་སེམས་མེད།ཡོད་ཚད་ཞི་བདེ་དང་མཉམ་གནས།གུ་ཡངས་དང་བརྩི་འཇོག་གི་ངང་ནས་འཚོ་ཞིང་གཞེས།དེ་འདྲའི་འཇིག་རྟེན་གྱིས་མིའི་ནང་སེམས་དང་ཚེ་སྲོག་ལ་ཐུན་མིན་གྱི་རིན་ཐང་བསྐྲུན་པ་རེད།མི་བུ་སྒེར་བ་དང་ཐུན་མོང་ཚོགས་པ་གང་ཡིན་ཡང་ཕུགས་བསམ་གྱི་འཇིག་རྟེན་ཞིག་ལ་དམིགས་ནས་བརྩོན་པ་བྱེད་ཀྱིན་ཡོད།གལ་ཏེ་ཕུགས་བསམ་གྱི་འཇིག་རྟེན་དེ་མེད་ཚེ།མདུན་སྐྱོད་ཀྱི་སྒུལ་ཤུགས་ཐམས་ཅད་ཀྱང་རང་བཞིན་གྱིས་ཉམས་སྲིད་པ་རེད།

  གཉིས། མཚོན་ཆ་ལ་མེ་ཏོག་ལན་དུ་སྟེར་བའི་སེམས་དཔའ་བ།

  དགེ་ཆོས་ལགས་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་གྱི་མགོ་རུ"བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་མཉེན་མེ་ཏོག་ལན་དུ་སྦྱིན།།ལྷས་བྱིན་ཁྲོས་པའི་སྒྱོགས་རྡོ་འཕངས་ཚེ་མི་སྨྲའི་བརྟུལ་ཞུགས་དང་དུ་བླངས།།རང་གི་དགྲ་ལ་སྡང་མིག་ཙམ་ཡང་བལྟ་བར་མི་ནུས་ཤཱཀྱའི་སྲས།།འཇིགས་རུང་འཁོར་བའི་དགྲ་ཆེན་སྐྱོབས་པའི་གྲོགས་སུ་ཤེས་ལྡན་སུ་ཡིས་བཀུར།།"ཞེས་གསུངས་པ་ལྟར།འདིར་སེམས་དཔའ་ཞེས་པའི་དོན་ནི་སྙིང་སྟོབས་ཆེ་བ་སྟེ་སེམས་དཔའ་བོ་ཡིན་པར་གོ།དགྲ་བོས་མཚོན་ཆ་རྩུབ་མོ་དག་བཀོལ་ནའང་དེ་ལ་འཚེ་མེད་ཞི་བའི་མེ་ཏོག་ལན་དུ་སྟེར་བ་དང་།ཕ་རོལ་བས་བརྙས་བཅོས་ཀྱི་སྒྱོགས་རྡོ་འཕངས་ཀྱང་དེ་ལ་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ།ཐ་ན་རང་གི་དགྲ་བོར་སྡང་མིག་ཙམ་ཡང་མི་བལྟ་བའི་སེམས་ནི་དཔའ་བའི་རྟགས་མཚན་ནོ།།གོང་ནས་བརྗོད་ཟིན་པ་ལྟར«ཇག་པ»ནི་ཕུགས་བསམ་དང་འཆར་ཡན་རང་བཞིན་ཅན་གྱི་བརྩམས་ཆོས་ཤིག་རེད།"རྐུན་མ་ལ་དཔའ་དར་དང་སྤྱང་ཀི་ལ་རྣ་ཚར"་བཏགས་པའི་ཕལ་བའི་བློ་ཁོག་ལས་འགོངས་པའི་འཇིག་རྟེན་ཞིག་བཞེངས་ཡོད།འཇིག་རྟེན་དེ་གཙོ་བོ"སེམས་དཔའ"ཞེས་པའི་ཡིག་འབྲུ་གཉིས་ཀྱི་སྟེང་དུ་ཆགས་ཡོད་སྙམ།

  «ཇག་པའི»ནང་གི་ཇག་པ་ནི་ཐང་ལ་བུད་དེ་ཁེར་འགྲོ་ཁེར་འདུག་བྱས་ཏེ།མི་བསད་དེ་རྟ་འདེད་པར་མིག་ཙམ་ཡང་མི་བཙུམ་པའི་ཇག་པ་དམར་པོ་ཞིག་རེད།ཁོའི་མེ་མདའ་དང་རལ་གྲིའི་འོག་ཏུ་ཚེ་སྲོག་ནི་ཚེ་སྲོག་ཏུ་བརྩི་མ་མྱོང་སྟེ།མི་ཞིག་གསད་རྒྱུ་ནི་རྩྭ་འཇག་མ་རྐང་གཅིག་གཅག་རྒྱུའི་ཚེགས་ལས་མེད།བུ་དཔའ་བོ་དང་རྟ་མགྱོགས་པ།བོའུ་གཟུ་མོ་དང་གྲི་རྣོན་པོ་སོགས་གང་ལའང་སྐྲག་མ་མྱོང་།ཐ་ན་རང་གི་ཇག་དཔོན་ཡང་ཕྱི་མའི་ཡུལ་དུ་བརྫངས་པ་རེད།ཁོས་སེམས་ཐག་བཅད་དེ་ཇག་ལ་ཁེར་འགྲོ་བྱས་པ་ནས་བཟུང་།ཁོའི་སེམས་སུ་རང་ཉིད་ཀྱི་གཉན་པོ་ནི་མེ་མདའ་མ་ཡིན་པར་བུད་མེད་ཁེར་རྒྱུགས་ཤིག་ཡིན་སྲིད་པ་ཡིད་ལའང་དྲན་མེད།ཡིན་ཡང་ཆོས་ཐམས་ཅད་ཀྱི་གཉན་པོ་རེས་མོས་སུ་འཁོར་ཡོད་པས་སྟག་ཁྱི་ལག་ནས་འཆི་ཉིན་ཡོད་པ་བདེན་དེ།ཡ་ང་བ་སྙིང་རྗེ་མེད་པའི་གདུག་རྩུབ་ཅན་གྱི་ཇག་པ་འདུལ་མཁན་ནི་ཕྱུགས་བདག་མ་ཞིག་ཡིན་པ་རེད།མོས་ཇག་པར་སྐད་ཆ་མང་པོ་ཞིག་བཤད་མེད་མོད།སྐད་ཆ་ཚིག་གཉིས་ཀྱིས་ཁོའི་མི་ཚེའི་ལམ་ཁ་རྩ་བ་ནས་བསྒྱུར་པ་རེད།

  "་་་་་་དྲིན་ཆེན་པོ།་་་་་་བེའུ་ཡར་འདི་དག་་་་་་་ཨ་མ་དང་མཉམ་དུ་འདེད་རོགས།་་་་་་་འཇིག་རྟེན་འདི་ན་་་་་་་་མ་བུ་གསོན་པོར་་་་་་་ཁ་བཀར་བ་ལས་ཐུ་བའི་་་་་་་་གདུག་རྩུབ་ཅིག་མེད། ་་་་་་མ་བུ་མཉམ་དུ་དེད་ན་་་་་་་ཁྱོད་ལའང་སྟབས་བདེ་ཡིན།་་་་་་་་"

  དིང་སང་གི་མི་ཞིག་གིས་ཐོས་ན་ཁོང་དགོད་བྱེད་སྲིད་པའི་སྐད་ཆ་འདི་བཤད་མཁན་ནི་འབྲོག་མོ་དཀྱུས་མ་ཞིག་རེད།མོའི་ཁ་ནས་སྐད་ཆ་འདི་ལྟ་ཞིག་འབུད་སྲིད་པ་ཇག་པའི་ཁོག་ལ་དྲན་མེད་ལ།ཀློག་པ་པོའི་སེམས་ལའང་ཕལ་ཆེར་དྲན་དཀའ།རྒྱུ་མཚན་དེ་ནི་སྤྱིར་བཏང་གི་མི་ཞིག་གིས་སྒྲུབ་མི་ཐུབ་པའི་དོན་ཞིག་ཡིན་པས་རེད།ལྟོ་རྒྱབ་ཕྱུགས་ཟོག་ལ་བརྟེན་པའི་འབྲོག་མོ་ཞིག་གི་ནོར་ཁྱུ་ཟག་པས་དེད་རྗེས།མོས་ནོར་ཁྱུ་ཕྱིར་ཨེ་ལོན་ལ་སེམས་ཁུར་མི་བྱེད་པར་བེའུ་ཡར་ཁ་དྭར་འཕུད་པར་སེམས་ཚེགས་བྱས་ཏེ་བེའུ་ཡར་ཡང་ཇག་པས་འདེད་པར་རེ་བ་ཞུས་པ་འདི་ལས་ཁྱད་མཚར་པའི་སྤྱོད་པ་ཞིག་གང་ན་ཡོད།མི་ཕལ་བར་མཚོན་ན།སེམས་ལ་དྲན་ཡང་ཁ་ནས་བརྗོད་མི་ཕོད་ལ།ཁ་ནས་བརྗོད་ཕོད་ཀྱང་ལག་ཏུ་ལེན་མི་ཐུབ།སྙིང་སྟོབས་འདིའི་ཁྲོད་དུ་དཀྱེལ་ཡངས་དང་འཚེ་མེད།སྙིང་རྗེ་དང་བྱམས་བརྩེ།བདག་གཞན་མཉམ་བརྗེ་དང་བདག་པས་གཞན་གཅེས་ཀྱི་བསམ་བློ་རླབས་ཆེ་བ་ཞིག་བསྐུངས་ནས་ཡོད།རང་ཉིད་ཀྱི་སེམས་ལ་དཔའ་ཅི་ཙམ་ལྡན་ན་གཟོད་བསམ་བློ་རླབས་ཆེན་འདི་ཡི་བདག་པོར་འགྱུར་ངེས།འདི་ནི་དྲི་བ་ཞིག་རེད།

  ཕྱུགས་བདག་མ་ཙམ་མ་ཟད།ཇག་པའི་སྤྱོད་པ་དེའང་སེམས་དཔའ་བའི་རྟགས་སུ་མངོན།ཁོ་ནི་གཞན་གྱི་རྒྱུ་ནོར་རྐུ་འཕྲོག་བྱས་ཏེ་ཁ་གསོ་པའི་རི་ཁའི་ཇག་པ་དམར་པོ་ཞིག་རེད།ཁོའི་མེ་མདའ་དང་རལ་གྲིའི་འོག་ཏུ་སྐྱེས་ཕོ་མོ་ག་ཚོད་ཀྱིས་མཐེ་བོང་བསྒྲེངས་ནས་སྲོག་ཐར་དུ་གཏང་བར་ཞུ་བ་བྱས་མྱོང་།གཅིག་གཉིས་ཙམ་མིན་པ་ཚིག་རིས་ཀྱི་ཤུགས་ལས་རྟོགས་ཐུབ།ཡིན་ཡང་།ཉིན་དེར་བུད་མེད་ལག་སྟོང་ཞིག་གིས་སྐད་ཆ་འཇམ་པོ་ཚིག་ཀ་གཉིས་ཀྱིས་ཁོ་རང་དབང་དུ་བསྡུས་ཏེ་རང་འགུལ་གྱིས་མོའི་ནོར་ཁྱུ་བསྐྱུར་ཏེ་སོང་།ཉིན་དེ་ནས་བཟུང་ཇག་པ་ཁེར་འགྲོ་ཟེར་བའི་ཇག་ལམ་ཆད་སོང་།ཁོའི་མི་ཚེའི་ཁ་ཕྱོགས་གཞན་ཞིག་ཏུ་འགྱུར་སོང་།ཇག་པ་དེས་ནོར་ཁྱུར་དེ་བསྐྱུར་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་ཡིན་མི་སྲིད།ཡིན་ཡང་།ཕྱུགས་བདག་མའི་བདག་གཞན་མཉམ་བརྗེ་ཡི་བསམ་བློ་དེས་ཁོ་དང་ཁོའི་མེ་མདའ་དེའང་ཟིལ་གྱིས་མནན་བྱུང་བས་ལོས་ཡིན།འཇིག་རྟེན་སྟེང་ཆེས་སྟོབས་ལྡན་གྱི་མཚོན་ཆ་ནི་འཛུམ་མདངས་རེད་ཅེས་པ་ལྟར་འཚེ་མེད་དང་ཞི་བ།བྱམས་དང་སྙིང་རྗེ་ནི་དུས་རབས་གང་ལ་ཐོན་ཡང་ལེགས་ཚོགས་ཀྱི་རྩ་བར་གྱུར་ཡོད་སྙམ།

  གསུམ། མདུང་ཁ་རང་ལ་གཏད་པའི་ཕྱིར་རྟོག

  ཁ་ནང་ལ་ཕྱོགས་ནས་རང་ཉིད་ཀྱི་ཐོག་ལ་དཔེ་བླངས་ཏེ་བསམ་གཞིགས་བྱེད་པ་ནི་བརྩམས་ཆོས་འདིའི་བསམ་བློའི་དགེ་མཚན་གཙོ་བོ་ཞིག་ཏུ་བསམས་ཆོག་སྙམ།ཚེ་རིང་དོན་གྲུབ་ལགས་ཀྱི་བརྩམས་སྒྲུང་སྔ་མ་ཕལ་ཆེ་བས་ཕྱིའི་ཁོར་ཡུག་དང་སྤྱི་ཚོགས།དངོས་ཡོད་དང་འདུ་ཤེས།གོམས་སྲོལ་དང་རིག་གནས་སོགས་ལ་དགག་གཞག་བྱེད་པ་གཙོར་བཟུང་ཡོད་མོད།«ཇག་པའི»ནང་དུ་དེ་འདྲའི་རྗེས་ཤུལ་ཙམ་ཡང་རྙེད་དཀའ།བརྩམས་ཆོས་འདིའི་ནང་གཙོར་མི་སྣ་རང་ཉིད་ཀྱི་ཚེ་སྲོག་གི་མྱོང་བ་དང་ཚོར་བ།བསམ་གཞིགས་དང་ལྟ་སྟངས་དཔེ་རུ་བཟུང་ནས་མི་གཤིས་ཀྱི་དགེ་བའི་རང་བཞིན་ཁྱབ་གདལ་དུ་གཏོང་བའི་འདུན་པ་མཚོན་ཡོད།མི་བུ་སྒེར་བ་རེ་རེའི་ངོས་ནས་བདག་པས་གཞན་གཅེས་ཀྱི་སེམས་དཔའི་སྤྱོད་པ་དང་དུ་བླངས་གྱུར་ན་འཇིག་རྟེན་ཐམས་ཅད་འཚེ་མེད་ཞི་བདེའི་ལམ་དུ་འགྲོ་བའི་རེ་བ་མེད་པ་མིན་ཏེ།དཔེར་ན།སྔོན་ཆད་མཱ་ཆི་ཏོན་བྱང་མའི་བཙུན་མ་ཐི་ལིས་ཧྲ (Mother Teresa) གཅིག་པོས་བྱིས་པ་དང་བུད་མེད་ག་ཚོད་བྱམས་དང་སྙིང་རྗེས་བསྐྱངས་རེད།1941ལོར་ཨ་རིས་འཇར་པན་ལ་དཔུང་འཇུག་བྱ་པར་གྲོས་བྱེད་སྐབས།ཨ་རིའི་དགྱེ་ནེ་ཐི་རཱན་ཁེན(Jeannette Rankin)ལགས་ཀྱིས་མོས་མཐུན་མིན་པའི་ཤོག་བུ་འཕངས་པ་རེད།ཨ་རི་འཛམ་གླིང་འཁྲུག་ཆེན་དང་པོར་ཞུགས་རྒྱུར་ཡང་མོས་མཐུན་མིན་པའི་ཤོག་བུ་འཕངས་པ་རེད།མོས"ང་རང་མེས་རྒྱལ་ལ་ཧ་ཅང་དགའ་ཡང་འཐབ་འཁྲུག་ལ་རྒྱབ་སྐྱོར་བྱེད་མི་རུང"ཞེས་གསུངས་པ་རེད།འཇིག་རྟེན་ན་མོ་དང་མོ་ལྟ་བུའི་སྐྱེས་ཆེན་མང་དུ་འཁྲུངས་གྱུར་ན་ཇག་པ་དང་ཕྱུགས་བདག་མ་གཉིས་ཀྱི་གཏམ་རྒྱུད་དེའང་རྟོག་བཟོ་ཙམ་མིན་པར་སོ་སོའི་འཚོ་བའི་ཁྲོད་མངོན་སུམ་དུ་འགྱུར་ངེས།

  ཡིན་ཡང་།ཁ་ནང་ལ་ཕྱོགས་ཏེ་རང་ཉིད་ངོས་ཟིན་རྒྱུ་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན།མི་གཤིས་ནི་རྙོག་འཛིང་ཆེ་ལ་གཏིང་ཟབ་པ།རང་འགལ་ཅན་ཞིག་ཡིན་པས་རྗོད་པ་ཐུང་ཐུང་གིས་སྡོམ་ཚིག་འགོད་ཆོག་པ་དང་འགོད་ཐུབ་པ་ཞིག་མ་རེད།བརྩམས་ཆོས་འདིའི་ཞན་ཆ་གཙོ་བོའང་འདིའི་སྟེང་ན་ཡོད་སྙམ།དེ་ལའང་རྒྱུ་རྐྱེན་མང་པོ་ཡོད་ངེས་ཏེ།སྒྲུང་ཐུང་གི་ཤོང་ཚད་ཀྱི་དབང་གིས་ཡིན་སྲིད་ལ།དོན་བརྗོད་ཀྱི་དགོས་དབང་ངམ་སྒྲིག་གཞིའི་དགོས་དབང་གིས་ཡིན་ཡང་སྲིད།གང་ལྟར་གཏམ་རྒྱུད་སླ་མོ་བདེ་མོ་ཞིག་གིས་བརྗོད་བྱ་གཏིང་ཟབ་མོ་དང་རྒྱ་ཆེན་པོ་ཞིག་མཚོན་ཡོད་པ་འདི་འབྲི་བདེ་མོ་ཞིག་ཡིན་མི་སྲིད་སྙམ།

                                       ཕྱི་ལོ2022ལོའི་ཟླ8ཚེས29ཉིན་ལ།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།