«ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག»ལས་མངོན་པའི་མཉམ་གནས་ཀྱི་བསམ་བློ།

  སྒྲུང་ཐུང་འདི་2022ལོའི«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»དེབ་གཉིས་པའི་སྟེང་ཐོག་མར་སྤེལ།གཞུག་ནས་མཆོད་མེ་དྲ་བར་བཀོད་རྗེས་ཀློག་གྲངས་ཆིག་ཁྲི་ལྷག་ལ་སླེབས། འདི་ཡང«ཇག་པ»ནང་བཞིན་ཀློག་པ་པོའི་དགའ་བསུ་ཐོབ་པའི་བརྩམས་ཆོས་ཤིག་རེད། འདིའི་ནང་ཞིབ་འབྲི་བྱེད་ཐབས་དང་སྐད་ཆའི་བརྗོད་ལུགས་ཀྱི་ཐད་རྩོམ་པ་པོས་ཤུགས་མང་ཙམ་བཏོན་འདུག་སྙམ།མཚོན་ཐབས་ཀྱི་ཆ་ནས«ཇག་པ»དང་མི་འདྲ་བར་ལྷ་སྒྲུང་དང་སྒྱུ་འཕྲུལ།དངོས་ཡོད་དང་སེམས་ཚོར་སོགས་རྐྱ་འཐབ་པར་བྱས་ཏེ་བསྟན་དོན་མཚོན་པར་བྱས་ཡོད།དེ་བས་འདི་ནི་མཚོན་དོན་ཟབ་ཅིང་སྣ་མང་བའི་བརྩམས་ཆོས་ཤིག་རེད་འདོད།གཤམ་ནས་བརྩམས་སྒྲུང་འདིའི་མཚོན་དོན་ཐད་བསམ་ཚུལ་འགའ་བརྗོད་པར་བྱ།

  གཅིག མི་ནི་ལྷ་ཡིན་ལ་འདྲེ་ཡང་ཡིན།

  ང་ཚོའི་འཚོ་བའི་ཁྲོད"མི་མཐུན་གཡུལ་རྒྱལ"ཞེས་པའི་མཚོན་དོན་ཅན་གྱི་རི་མོ་ཞིག་མཐོང་རྒྱུ་ཡོད།དེ་ནི་ཕན་ཚུན་དགྲ་གཤེད་དུ་གྱུར་པའི་སྲོག་ཆགས་རིགས་གཉིས་རེ་གཞི་གཅིག་ཏུ་བསྡེབས་ནས།མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་པ་སྟེ་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བའི་མཚན་མའམ་མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བ་མཚོན་པའི་རི་མོ་ཞིག་རེད།དཔེར་ན།སེང་གེ་དང་ཁྱུང་ཆེན།ཆུ་སྲིན་དང་དུང་།ཉ་དང་སྲམ་སོགས་སྲོག་ཆགས་མི་འདྲ་བ་གཉིས་རེ་ཕྱོགས་གཅིག་ཏུ་བསྡེབས་ནས་གཉིས་ཀའི་ཁྱད་ཆོས་ལྡན་པའི་སྲོག་ཆགས་གསུམ་པ་ཞིག་གྲུབ་པ་རེད།«ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག»གི་མཚོན་དོན་ཡང་འདི་དང་འདྲ་སྟེ།འཇིག་རྟེན་ན་ལྟོས་མེད་ཀྱིས་ཕན་ཚུན་སྤངས་འགལ་དུ་གྱུར་པའི་ཆོས་ཤིག་ཡོད་མི་སྲིད།ཕན་ཚུན་གྱི་ཁྱད་ཆོས་དང་རང་བཞིན་ལ་བརྩི་འཇོག་དང་དང་ལེན་བྱ་ཐུབ་ཚེ་ཆོས་ཐམས་ཅད་གཅིག་ལ་གཅིག་བརྟེན་དང་གོང་བུ་གཅིག་ཏུ་གྲུབ་ཡོད་པ་རེད།

  བརྩམས་སྒྲུང་དུ་མི་སྣ"ང"ཞེས་པ་དེ་མི་མེད་ལུང་སྟོང་ཞིག་ནས་འབྲོག་ཁྱིམ་ཁེར་འབབ་ཅིག་ཏུ་བུད་མེད་ཡག་མ་ཁེར་ཉལ་ཞིག་དང་འཕྲད་པའི་གཏམ་རྒྱུད་ཁྱད་མཚར་བ་ཞིག་བྲིས་ཡོད།ཐོག་མར་འབྲོག་མོ་ཡག་མ་དེས་མི་སྣ་"ང"ཡི་ཡིད་དབང་རབ་ཏུ་བཀུག་སྟེ་སེམས་ལ་འདྲ་མིན་སྣ་ཚོགས་དྲན།ཡིན་ཡང་རང་གི་འདོད་སྲེད་ལ་སྟངས་འཛིན་བྱས་ཏེ་མུ་མཐུད་དུ་བརྟགས་པས་འབྲོག་མོ་དེའི་རང་བཞིན་གཞན་ཞིག་མཐོང་བྱུང་།དེ་མཐོང་བའི་མོད་ལ་སྐྲག་སྣང་དང་འཇིགས་པ་གང་མང་ཞིག་སྐྱེས་ཤིང་བློར་ཤོང་དཀའ་བའི་སྣང་བ་ཤར་ཡང་།སྔར་བཞིན་བཟོད་བསྲན་བསྐྱེད་དེ་བརྟགས་པ་ལས་ཧོལ་རྒྱུགས་དང་བྲོས་བྱོལ་གང་ཡང་མ་བྱས་པའི་དྲིན་ལ།རང་གཞན་གཉིས་ཀར་ཉེན་ཁ་དང་གྱོང་གུན་ཅི་ཡང་མེད་པའི་སྒོ་ནས་མཚན་མོ་ཧྲིལ་བོ་ཞིག་ཕར་ལ་བསྐྱལ་པ་རེད།གལ་ཏེ་མི་སྣ"ང"ཞེས་པ་དེ་འབྲོག་མོ་དེའི་ཡག་ལ་ཆགས་དྲགས་ཏེ་མཛེས་པའི་བསླུ་བྲིད་བཟློག་མ་ནུས་པར་ཁོ་མོ་ལོངས་སུ་སྤྱད་འདོད་ཀྱིས་རུམ་དུ་འཛུལ་གྲབས་བྱེད་པའམ་ཆགས་གཏམ་ལབ་པར་བྱས་ཡོད་ཚེ་གཏམ་རྒྱུད་ཀྱི་བྱུང་རིམ་གཞན་ཞིག་ཏུ་འགྱུར་སྲིད་པ་རེད།གལ་ཏེ་མི་སྣ"ང"ཞེས་པ་དེས་འབྲོག་མོ་ཡག་མ་དེའི་སྤྱང་གཟུགས་མཐོང་རྗེས་དེ་མ་ཐག་ཏུ་ལག་འགུལ་བའམ་འབྲོ་བར་རྩོམ་པ་སོགས་སྦྱོར་བ་གང་བརྩམས་ཀྱང་མཇུག་འབྲས་གཞན་ཞིག་འབྱུང་སྲིད།ཐ་ན་འབྲོག་མོ་དེ་སྤྱང་གཟུགས་སུ་འགྱུར་ནས་ཕྱི་ལ་སོང་རྗེས་མི་སྣ"ང"སྔར་བཞིན་ཉལ་ནས་མ་བསྡད་པར་བྲོས་པ་ཡིན་ཚེ་འབྲོག་མོ་དེས་རང་དགར་བསྐྱུར་མིན་སུས་ཀྱང་བཤད་དཀའ།

  གཏམ་རྒྱུད་འདི་ནི་ལྷ་སྒྲུང་དང་སྒྱུ་འཕྲུལ་གྱི་རང་བཞིན་ལ་སྦྱར་ནས་བྲིས་པ་ཞིག་རེད་ལ།དབྱིན་ཇིའི་རྩོམ་མཁན་ཧྥི་རཱ་ཙིར (James George Frazer) གྱི«གསེར་གྱི་འདབ་མའི » (Golden Bough) ལྟ་དགོངས་ལྟར་ན།ལྷ་སྒྲུང་དང་སྒྱུ་འཕྲུལ་གྱི་གཤིས་སུ་གྲུབ་པའི་གཏམ་རྒྱུད་དང་ངག་རྒྱུན་གང་ཡིན་ཡང་ཐམས་ཅད་ལ་མིའི་བསམ་བློ་དང་འཚོ་བ་སོགས་ཀྱི་མཚོན་དོན་རེ་ཡོད་པ་རེད།འདིའི་སྐབས་ཀྱི་ལྷ་སྒྲུང་ནི་ལྷ་སྒྲུང་ཙམ་གྱི་ངོ་བོར་གནས་པ་མིན་པར།མིའི་འཇིག་རྟེན་མཚོན་བྱེད་ཀྱི་རྟགས་དང་མཚན་མ་ལྟ་བུར་གྱུར་ཡོད་པ་རེད།དེ་བཞིན«ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག»གི་ནང་འབྲོག་མོ་ཡག་མ་ཞིག་གློ་བུར་དུ་སྤྱང་ཀིར་འགྱུར་བ་དང«གཟུགས་འགྱུར་ཟིན་ཐོའི»ནང་མི་སྣ་གཙོ་བོ་ཀོ་ལི་ཀེར་སམ་ཧྲ་གློ་བུར་དུ་འབུ་རུ་འགྱུར་བ་སོགས་དངོས་ཡོད་འཚོ་བའི་ཁྲོད་དཔེ་མི་སྲིད་ལྟ་བུར་སྣང་ཡང་།སྒྱུ་རྩལ་གྱི་མཚོན་ཐབས་ལ་བརྟེན་ནས་ལས་སྣོན་དང་བཞེངས་སྐྲུན་བྱས་གྱུར་ན་དེ་ལ་མཚོན་དོན་གཞན་ཞིག་ཡོད་པ་རེད།ཚེ་རིང་དོན་གྲུབ་ལགས་ཀྱི་བརྩམས་སྒྲུང་འདི་ལྟ་བུར་མཚོན་ནའང་དེ་ལས་མ་འདས།

  མཛེས་སྡུག་དང་མི་སྡུག་པ་གཉིས་མི་གཅིག་གི་སྟེང་རྐྱ་འཐབ་སྟེ་ཡོད་དེ།འབྲོག་མོ་དེ་ཡག་མ་ཡིན་ལ་སྤྱང་མོ་ཡང་ཡིན།ཡག་བཙོག།དགེ་སྡིག།ཆགས་སྡང་སོགས་སྐུད་པ་དཀར་ནག་གི་རྐྱ་གཅིག་རེ་གཅིག་རེར་དགར་དུ་མེད་པར་ཆ་ཚང་འབྲོག་མོ་དེའི་སྟེང་གཞི་གཅིག་ཏུ་གྲུབ་ཡོད།འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་ངོས་གཉིས་རེ་ཡོད་པ་བཞིན་ང་ཚོ་སྨྲ་ཤེས་དོན་གོ་བའི་མི་ཡང་འོད་དང་མུན་པ་གཉིས་ཀྱིས་གྲུབ་ཡོད།དེའི་ཕྱིར་མི་དང་མི་འགྲོགས་སྐབས།ཕན་ཚུན་གྱི་མཛེས་པར་ཡི་རངས་དང་གོང་བཀུར་བྱེད་པ་དང་མཉམ་དུ།ཕན་ཚུན་གྱི་མི་མཛེས་པའི་ཆ་ལའང་གུ་ཡངས་དང་བཟོད་བསྲན་བསྐྱེད་དགོས་པ་རེད།མཛེས་པ་ཁོ་ནར་ཞེན་ན་མི་མཛེས་པ་དང་ལེན་བྱེད་ཐབས་མེད་ལ།མི་མཛེས་པ་ཁོ་ནར་དང་དོད་དང་འཁང་ར་བྱས་ན་མཛེས་པ་དང་འགྲོགས་ཐབས་མེད།དཔེར་ན།བརྩམས་སྒྲུང་འདིའི་ནང་གི་མི་སྣ"ང"ཞེས་པ་དེ་འབྲོག་མོ་དེའི་མཛེས་སྡུག་ཁོ་ནར་ཆགས་ཏེ་ཁོ་མོའི་མི་མཛེས་པའི་ཆར་ཐད་ཀར་ངོ་རྒོལ་བྱས་ཡོད་ཚེ།ཁོ་ཚོས་འགྲིག་མཐུན་གྱི་ལམ་ནས་མཚན་མོ་ཧྲིལ་བོ་ཞིག་ཕར་བསྐྱལ་ཐབས་བྲལ།མི་སྣ"ང"ཞེས་པ་དེ་ཕྱི་ཉིན་ཞོགས་པར་ཡུལ་ལ་འགྲོ་བའི་སྐལ་བ་ཡང་ལྡན་དཀའ།

  མདོར་ན།མིའི་རྒྱུད་ན་ལྷ་གཤིས་དང་འདྲེ་གཤིས་གཉིས་ཀ་རྐྱ་འཐབ་སྟེ་ཡོད་པ་རྟོགས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་སྙམ།གལ་ཏེ་མིའི་ལྷ་གཤིས་ཁོ་ན་མ་གཏོགས་མ་མཐོང་ཚེ་ནམ་ཞིག་གི་ཚེ་བློ་ཕམ་ཆེན་པོ་སྐྱེ་སྲིད་ལ།གལ་ཏེ་མིའི་འདྲེ་གཤིས་ཁོ་ན་མ་གཏོགས་མ་མཐོང་ཚེ་རང་ཉིད་ཀྱིས་མི་ཁྱུ་ནས་འཚོ་བ་རོལ་ཐབས་མེད།དེ་བས།མི་གཤིས་ཀྱི་སྐྱོན་ལ་གུ་ཡངས་དང་བཟོད་པའི་རྣམ་འགྱུར་བཟུང་སྟེ་ཡོན་ཏན་ལ་ཡི་རངས་དང་བརྩི་འཇོག་བྱས་ན་གཟོད་རང་གཞན་གཉིས་ཀར་ཕན་པའི་ལམ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་སྙམ།

  གཉིས། གུས་ཞེད་ཀྱི་བསམ་བློ་ནི་མཉམ་དུ་གནས་པའི་རྩ་བ་རེད།

  གུས་ཞེད་ཅེས་པ་འདི་ཕལ་ཆེར་ཕྱི་ཡོང་གི་ཐ་སྙད་ཅིག་ཡིན་པར་བཤད།འདིའི་ནང་དོན་ནི་གུས་པ་དང་འཇིགས་པ་གཉིས་གཞི་གཅིག་ཏུ་འདྲེས་པའི་ཚོར་བ་དང་བསམ་བློ་ཞིག་ལ་གོ་དགོས་པ་འདྲ།སྔོན་ལྟར་ན་རང་ཉིད་ཀྱི་ཕ་མས་ང་ཚོར་གུས་ཞེད་ཀྱི་ཚོར་བ་སྐྱེ་རུ་འཇུག་པ་རེད།ཚོར་བ་དེའི་ནང་དུ་ཕ་མར་གུས་བཀུར་བྱེད་པའི་ཆ་ཞིག་ཡོད་ལ།འཇིགས་པའམ་སྐྲག་པའི་ཆ་ཞིག་ཀྱང་ཡོད།འོན་ཀྱང་འདིའི་སྐབས་ཀྱི་སྐྲག་པ་ནི་དགྲ་བོར་འཇིགས་པའི་སྐྲག་པ་དང་མི་འདྲ།གུས་པའི་དབང་གིས་བསྐྱེད་པའི་སྐྲག་སྣང་དེ་ལ་གོ་དགོས།དེང་སང་མཁས་པ་མང་པོའི་བཞེད་དགོངས་ལྟར་ན།མི་དང་རང་བྱུང་ཁམས་མུ་མཐུད་དུ་མཛའ་མཐུན་གྱི་ངང་ནས་མཉམ་དུ་གནས་དགོས་ན་ཆེས་རྩ་བའི་ཆ་རྐྱེན་ནི་རང་བྱུང་ཁམས་ལ་གུས་ཞེད་ཀྱི་རྣམ་འགྱུར་འཛིན་རྒྱུ་དེ་རེད།

  བརྩམས་སྒྲུང་འདིའི་ནང་དུ་ཏག་ཏག་མི་དང་རང་བྱུང་ཁམས་མཉམ་གནས་བྱེད་དགོས་ན་གུས་ཞེད་ཀྱི་བསམ་བློ་མེད་དུ་མི་རུང་བའི་གནས་ལུགས་དེ་མཚོན་འདུག་སྙམ།གལ་ཏེ་འབྲོག་མོ་ཡག་མ་དེའི་མཚོན་དོན་ནི་རང་བྱུང་ཁམས་ཡིན་པའི་དབང་དུ་བཏང་ན།མི་སྣ"ང"ཡི་མཚོན་དོན་ནི་འགྲོ་བ་མིའི་རིགས་ཡིན་པ་རེད།བུད་མེད་དེའི་མི་གཟུགས་དང་སྤྱང་གཟུགས་གཉིས་ཀྱིས་སྔ་ཕྱིར་རང་བྱུང་ཁམས་ཀྱི་བཀའ་དྲིན་དང་སྟོབས་ཤུགས་མཚོན་འདུག་སྙམ།གཏམ་རྒྱུད་དུ་མི་སྣ་དེ་གཉིས་མཉམ་གནས་བྱེད་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་མི་སྣ"ངས"མི་སྣ་འབྲོག་མོ་ཡག་མ་དེར་གུས་ཞེད་ཀྱི་རྣམ་འགྱུར་བཟུང་བས་རེད།ཕྱོགས་གཅིག་ནས་ཁོ་བུད་མེད་དེའི་མཛེས་པར་ཆགས་པས་དེ་ལ་རོལ་མྱོང་དང་ཡི་རངས།བརྩི་འཇོག་དང་རེ་བ་བྱས་ལ།ཕྱོགས་གཞན་ཞིག་ནས་ཁོས་བུད་མེད་དེའི་མི་མཛེས་པའི་ཆ་ལ་འཇིགས་པའི་སེམས་ཁམས་ཤིག་གིས་གུ་ཡངས་དང་བཟོད་པ།དང་ལེན་དང་བསམ་ཤེས་བྱས་ཡོད།གལ་ཏེ་ཁོས་བུད་མེད་དེའི་མཛེས་པ་དང་མི་མཛེས་པའི་ཆ་གང་རུང་ལ་ཕར་རྒོལ་དང་གདོང་ཐུག་བྱས་ཡོད་ཚེ།ཁོ་ལ་ཉལ་ས་དྲོན་པོ་དང་སྐྱེལ་མ་ཡག་པོ་དེ་ཕར་ཞོག།རང་གི་སྲོག་མགོར་ཐོན་རྒྱུ་ཡང་བཤད་དཀའ།

  དེ་བཞིན་འགྲོ་བ་མིའི་རིགས་ཀྱིས་ཀྱང་རང་བྱུང་ཁམས་ཀྱི་མཛེས་སྡུག་དང་བཀའ་དྲིན་ཡིད་ལ་བཅངས་ནས་གུས་པ་དང་བརྩི་འཇོག་གི་རྣམ་པས་དེ་ལ་བརྟེན་ཏེ་ཐོན་ཁུངས་ལོངས་སུ་སྤྱོད་པ་དང་།དེའི་སྟོབས་ཤུགས་ཀྱི་མདུན་དུ་མི་ནི་རྡུལ་ཕྲན་རྡོག་གཅིག་ལས་ཅི་ཡང་མིན་པ་ཧ་གོ་ན་གཟོད་རང་བྱུང་ཁམས་ལ་གུས་ཞེད་དགོས་པའི་བསམ་བློ་སྐྱེ་སྲིད་པ་རེད།གལ་ཏེ་གུས་པ་དང་ཞེད་པའི་བསམ་བློ་ཅི་ཡང་མེད་པར་ཚད་བརྒལ་གྱིས་རང་བྱུང་ཁམས་ལ་གཏོར་བརླག་དང་རྡོག་བརྫིས་བཏང་ན་ནམ་ཞིག་གི་ཚེ་མཇུག་འབྲས་དེ་རང་ཐོག་ཏུ་སྨིན་པ་རེད།རང་བྱུང་ཁམས་ནི་ལྟ་བས་ཆོག་མི་ཤེས་པའི་ཡག་མ་ཞིག་ཡིན་ལ།མཐོང་ན་འཇིགས་པའི་སྤྱང་མོ་སྨྱོན་པ་ཞིག་ཀྱང་རེད།ཁྱོད་ཀྱི་འདོད་སྲེད་ཀྱི་འདྲེ་ལག་རིང་དྲགས་ན་མོས་ཁྱོད་ལ་རྨུག་སྲིད་ལ།ཁྱོད་ཀྱིས་གུས་ཞེད་དང་མཉམ་གནས་ཀྱི་བརྩེ་བའི་འཛུམ་མདངས་བསྟན་ན།མོས་ཀྱང་ཕྱིར་ཁྱོད་ལ་མཛེས་པའི་ཞལ་རིས་དེ་སྟོན་ངེས།

  གསུམ། ཁ་བྱང་གིས་བྱིན་པའི་བསམ་གཞིགས།

  «ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག»ཅེས་པའི་ཁ་བྱང་འདི་འདོགས་དོན་ལ་བསམ་གཞིགས་མང་ཙམ་བཏང་བ་ཡིན།ཐོག་མར་ཁ་བྱང་འདི་དང་བསམ་བློའི་བསྟན་དོན་གྱི་བར་དུ་འབྲེལ་བ་མེད་པ་ལྟ་བུ་ཞིག་ཏུ་ཆགས་འདུག་སྙམ།འབྲོག་མོ་ཡག་མ་དེ་ལོངས་སུ་སྤྱོད་མ་ཐུབ་པས་དོན་སྙིང་མེད་པའི་མཚན་མོ་ཞིག་ཏུ་གྱུར་པ་རེད་དམ།དེ་འདྲ་ཡིན་ན་ནི་བརྩམས་ཆོས་འདིར་བསམ་བློའི་དགེ་མཚན་ཅི་ཡང་མེད་ལྟ་བུར་གྱུར་འགྲོ།འོན་ཀྱང་ཞིབ་ཏུ་བསམས་ན་ཁ་བྱང་འདི་ལ་ནང་དོན་གཞན་ཞིག་འདུག་སྙམ།སྤྱིར་བཏང་དུ"རང་ཉིད་རང་གི་མགོན་ཡིན་གྱི།།གཞན་ལྟ་སུ་ཞིག་མགོན་དུ་བྱེད།།"ཟེར་མོད།དོན་དུ་འགྲོ་བ་མི་ནི་རང་གི་ལས་དབང་དང་མི་ཚེ་ལ་ཁ་ལོ་བསྒྱུར་ཐུབ་མཁན་ཞིག་མ་རེད་སྙམ།ཐ་ན་སྐབས་མང་པོར་གར་འགྲོ་གར་འདུག་ཀྱང་རང་ལག་ཏུ་མི་འདུག་སྙམ།དཔེར་ན།བརྩམས་སྒྲུང་འདིའི་ནང་དུ་མི་སྣ"ང"ལྟ་བུ་མཚོན་ན།རང་ཉིད་ཁྱིམ་ཚང་ཅི་འདྲ་ཞིག་ནས་ཞག་སྡོད་བྱེད་པ་དང་ཁྱིམ་བདག་མ་ཅི་ལྟ་བུ་ལ་འཕྲད་པ།འཕྲད་ནས་དོན་དག་ཅི་ཞིག་འབྱུང་སྲིད་པ་སོགས་རང་ཉིད་ཀྱིས་སྔོན་དཔག་བྱེད་ཐབས་བྲལ།མི་ཚེ་གང་བོའི་དོན་དག་ལྟ་ཅི།མཚན་མོ་གཅིག་གི་དོན་དག་ཀྱང་རང་དབང་ན་མེད་པ་ཤེས་སླ།

  རྒྱལ་སྲས་ཞི་བ་ལྷས་གསུངས་པ་ལྟར།"གལ་ཏེ་བཅོས་སུ་ཡོད་ན་ནི།།དེ་ལ་མི་དགར་ཅི་ཞིག་ཡོད།།གལ་ཏེ་བཅོས་སུ་མེད་ན་ནི།།དེ་ལ་མི་དགའ་བྱས་ཅི་ཕན།།"མི་གཤིས་དང་རང་བྱུང་ཁམས།ཚེ་སྲོག་གི་མདུན་དུ་མི་བུ་སྒེར་བ་ཞིག་གི་བསམ་སྦྱོར་ནི་ཇི་འདྲའི་ཉམ་ཆུང་ནུས་མེད་ཅིག་རེད།ང་ཚོས་སྒྲུབ་ཐུབ་པ་ཉག་གཅིག་ནི་དེ་དག་ལ་གུས་ཞེད་ཀྱི་བསམ་པ་བཟུང་སྟེ།འཆམ་མཐུན་མཉམ་གནས་ཀྱི་ཐབས་ལ་འབད་རྒྱུ་ལས་ཐབས་གཞན་མེད།

  བརྩམས་སྒྲུང་འདིའི་ནང་གི་མི་སྣ"ང"ལ་མཚོན་ན་ཡང་སྐབས་དེའི་རྣམ་པ་དེ་བསྒྱུར་ཐུབ་ན་ལེགས་མོད།བསྒྱུར་མི་ཐུབ་ན་མི་དགའ་བའི་རྣམ་འགྱུར་བསྟན་ཡང་ལྷག་མ་རེད།དེ་ལས་མངོན་ཆུང་གིས་ཁ་རོག་གེར་བསྡད་ན་རང་གཞན་ལ་ཕན་པའི་གདམ་ག་ཞིག་རེད།དེ་ནི་ཚེ་སྲོག་ཁྲོད་རང་ཉིད་ཀྱི་ནུས་པ་དང་སྟོབས་ཤུགས་འདོན་མ་ནུས་པའི་མཚན་མོ་ཞིག་རེད།མཚན་མོ་ལྷག་མ་དེས་འགྲོ་བ་མིའི་རིགས་ལ་གསལ་བརྡ་ཞིག་གཏོང་གིན་ཡོད་དེ།སྐབས་མང་པོ་ཞིག་ཏུ་མིའི་བསམ་སྦྱོར་མང་པོ་ཞིག་ལ་དོན་སྙིང་ཅི་ཡང་མེད།ནུས་པ་ཅི་ཡང་མི་ཐོན།དཔེར་ན།དེང་གི་འཇིག་རྟེན་འདི་འདྲའི་མཛེས་ཤིང་སྐྱིད་ཀྱང་།ནད་ཡམས་ཞེས་པའི་མཐོང་རེག་མེད་པའི་གདོན་འདྲེའི་གྲིབ་མ་ལྟ་བུ་འདིས་རྐང་གཉིས་འགྲོ་བ་ཀུན་ལས་སླ་བོའི་ངང་དབང་དུ་བསྡུས་འགྲོ་བ་ལྟ་བུ་རེད།སྐབས་ལན་རེར།ལས་དབང་དང་ཚེ་སྲོག།མི་གཤིས་དང་རང་བྱུང་ཁམས་སོགས་ཀྱི་མདུན་དུ།མི་ནི་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྲོག་ཆགས་ཤིག་རེད་ལ།མི་ཚེ་ནི་ཁ་ཕྱོགས་བོར་པའི་མཚན་མོ་ལྷག་མ་ཞིག་རེད།

                            ཕྱི་ལོ2022ལོའི་ཟླ9ཚེས5ཉིན་ལ།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།