རྩོམ་རིག་དུས་དེབ་ཀྱི་རྩོམ་སྒྲིག་པ་ཞིག་གིས་བཤད་འདོད་པའི་སྐད་ཆ་འགའ།
རྩོམ་སྒྲིག་གི་ལས་ཀ་གཉེར་ནས་བགྲང་བྱ་ཉི་ཤུ་ལྷག་འདས་ཟིན། འདས་ཟིན་པའི་ལོ་ཟླ་ལ་ཕྱིར་འདང་རེ་བརྒྱབ་ན། བསླབ་སྟོན་རྡོག་རྡོག་ཅིག་འདིའོ་ཞེས་མེ་ལོང་ལ་གཟུགས་བརྙན་ལྟ་བུ་ཞིག་སྟོན་རྒྱུ་མེད་ནའང་། “གཞན་དོན་དུ་དཀའ་ལས་རྒྱག་ནུས་ཀྱི་མིང་མེད་དཔའ་བོའི”བརྟུལ་ཞུགས་འཛིན་མཁན་གྱིས་ཉི་མ་རེ་རེ་གཞན་ཕན་གྱི་རྡོག་སྒྲ་རེ་རེ་དང་སྦྲགས་ནས་ཡོང་བ་ཡིན། ཡིན་པའི་རྒྱུ་མཚན་གྱི་དབང་གིས་རྩོམ་སྒྲིག་གི་ལས་ཀའི་ཁྲོད་རྩོམ་མཁན་གྱིས་མཉམ་འཇོག་དང་འབད་བརྩོན་བྱ་འོས་ཀྱི་ཆ་འགའ་རང་སྐྱོན་དང་སྦྲགས་ནས་ཀུན་གྱི་སྙན་ལམ་དུ་བསྒྲོན་པར་འདོད་དེ།
གཅིག ཡིག་ནོར་མང་བ།
སྤྱིར“ཡི་གེའི་ཁོངས་ནས་མིང་དབྱུང་སྟེ།། མིང་གི་ཁོངས་ནས་ཚིག་ཕྱུང་ནས།། ཚིག་གིས་དོན་རྣམས་སྟོན་པར་བྱེད”ཅེས་པ་ལྟར། རྩོམ་མཁན་ག་འདྲ་ཞིག་ཡིན་ཡང་བརྩམས་ཆོས་ཤིག་འགྲུབ་པར་བྱ་བར་ཚིག་གི་འཁར་བར་བརྟེན་དགོས་པ་ནི་སྨོས་མེད་ཡིན་ལ། ཚིག་དེ་ཡང་ཡི་གེ་རེ་རེའི་ཕྲེང་ཐག་བརྒྱུས་ནས་སྤེལ་ཡོང་བ་ནི་ཀུན་གསལ་རེད། ཡིན་ནའང་རྩོམ་སྒྲིག་བྱ་བའི་གོ་རིམ་ཁྲོད་ཆེས་མགོ་ན་བ་ནི་དེང་རབས་བོད་ཀྱི་རྩོམ་པ་པོ་མང་ཆེ་བས་གསར་རྩོམ་གྱི་ཆེས་རྨང་གཞིར་གྱུར་པའི་ཡི་གེ་དེ་ལ་དོ་སྣང་མི་བྱེད་པར་ཡིག་ནོར་ཅི་འདོད་དུ་བྲིས་ཡོང་བ་དེ་རེད། ཡིག་ནོར་འབྲི་མཁན་གྱི་ཁྲོད་དུ་གསར་རྩོམ་ལ་ཞུགས་མ་ཐག་པའི་ལས་དང་པོ་བ་ཡོད་ལ། བྲིས་ནས་བྱང་ཚད་ངེས་ཅན་དུ་བསླེབས་པའི་རྩོམ་པ་པོ་ཡོད་པར་མ་ཟད། ལས་གནས་ཐོབ་ཐང་རིམ་པ་མཐོ་ཤོས་སུ་ཕྱིན་ཟིན་པའི་མཁས་པའང་ཡོད་པ་རེད། སྣང་ཚུལ་འདི་རྒྱལ་ཡོངས་གཅིག་གྱུར་གྱི་དཔེ་རྟགས་ཡོད་པའི་དཔེ་དེབ་དང་དུས་དེབ།ཚགས་པར་བཅས་ལས་བརྒྱུད་པའི(བཅོས་ཟིན་པ)ལམ་ནས་མཐོང་ཐུབ་པར་མ་ཟད། དཔེ་རྟགས་མེད་པའམ་ཡང་ན་དཔེ་རྟགས་རྫུན་མའི་ལམ་ནས་ཅི་འདོད་དུ་པར་སྐྲུན་བྱས་པའི་དཔེ་དེབ་དང་དུས་དེབ། ཚགས་པར་སོགསལས་ཐད་ཀར་གང་འདོད་དུ་མཐོང་ཐུབ་པར་མངོན། ཡིག་ནོར་མང་བོ་མཐོང་ཐེངས་རེར་སེམས་པ་འཁྱག་ཤུར་ཤུར་དུ་འགྲོ་བའི་དུས་མཚུངས་སུ། ནོར་འཁྲུལ་འདི་ངེས་པར་རང་ས་ནས་གང་མྱུར་གྱིས་ཡོ་བསྲང་བྱ་དགོས་པའི་འབོད་སྐུལ་ཞིག་མགྲིན་པའི་ལམ་ནས་དབང་མེད་དུ་ཤོར་བར་འགྱུར། འབོད་སྐུལ་འདི་འདྲ་རྩོམ་མཁན་དག་གིས་དང་ལེན་མི་བྱེད་པར་མུ་ནས་མུར་བཏང་སྙོམས་སུ་བཞག་ཚེ། ང་ཚོའི་དེང་རབས་རྩོམ་རིག་གི་གནས་བབ་ནི་བྱིས་པ་འགྲོ་མི་ཐུབ་པ་ཞིག་རྒྱུག་བཞིན་པའི་ངང་ཚུལ་མི་སྡུག་པ་ཞིག་དང་ཆ་འདྲ་བས། འཛམ་གླིང་རྩོམ་སྟེགས་སུ་རང་ས་ཟིན་རྒྱུ་ནི་མཁའ་ཡི་པད་མོའི་རྗེས་སུ་འགྲོ་ངེས་པ་ནི་གདོན་མི་ཟའོ། གཞན་ཡང་རྩོམ་པ་པོ་མི་ཉུང་བ་ཞིག་གིས་རྩོམ་ཡིག་བསྐུར་ཡོང་དུས་མ་རྩོམ་ལ་བཟོ་བཅོས་ཅུང་ཙམ་བརྒྱབ་རྗེས་ཐད་ཀར་བསྐུར་ཡོད་དེ། རྩོམ་ཡིག་འདི་དག་མཐོང་ཐེངས་རེར་རང་ཉིད་ནི་ཡ་མཚན་གྱི་དཔྱང་ཐག་ལ་འཇུས་ནས་ཏར་ཅིག་སྡོད་དགོས་བྱུང་འགྲོ། ཡོངས་གྲགས་སུ“རྩོམ་ནི་བཅོས་ནས་ཐོན་པ་ཞིག་ལས་བྲིས་ནས་ཐོན་པ་མིན”ཞེས་བཤད་པ་ལྟར། འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་གོ་གནས་ངེས་ཅན་ཟིན་ཡོད་པའི་ལེ་ཧྥུ་ཐོར་ཟི་ཐེ་དང་ཧེ་མེང་ཝེ། ལུའུ་ཞུན་སོགས་རྩོམ་པ་པོ་གྲགས་ཅན་ཡོད་ཚད་གྱིས་རང་རྩོམ་ལན་མང་བཅོས་པ་བརྒྱུད་ནས་ལེགས་གྲུབ་བྱུང་བ་ཡིན་པས་ན། ང་ཚོའི་རང་རྩོམ་མ་བཅོས་པར་ལེགས་རྩོམ་གྱི་གྲལ་དུ་བཙངས་འདོད་པ་ནི་གླེན་རྟགས་ཁོ་ནར་ངེས། དེ་བས་རང་རེའི་རྩོམ་མཁན་རྣམས་ཀྱིས་སྐུ་ཞབས་ལུའུ་ཞུན་གྱིས“བྲིས་ཚར་རྗེས་ཉུང་མཐའ་ཡང་ཐེངས་གཉིས་ལ་བལྟ་དགོས་ཤིང་། ཡོད་མེད་གང་ཡང་རུང་བའི་མིང་དང་ཚིག་གིས་ཚན་པ་ཡོད་དོ་ཅོག་ཕངས་སེམས་མེད་པར་དབྲི་དགོས”ཞེས་གསུངས་པ་ལྟ་བུའི་ལེགས་བཤད་དག་ཡིད་ལ་དམ་པོར་བཟུང་ཐོག་རང་རྩོམ་གང་ཞིག་གྲུབ་འཕྲལ་ཡང་དང་བསྐྱར་དུ་ཀློག་པར་བྱེད་དགོས་པ་དང་། ཀློག་པའི་གོ་རིམ་ཁྲོད་ཡིག་ནོར་རེ་རེ་དང་ཚིག་སྐྱོན་རེ་རེ། དོན་སྐྱོན་རེ་རེ་གྲོ་ཞིང་ལས་ལྡུམ་བུ་འབལ་འབལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེ་བས་རྩོམ་མཁན་ག་འདྲ་ཞིག་ཡིན་ཡང་གནད་འདི་གལ་བོ་ཆེ་ལ་ནན་ཏན་དུ་འཛིན་ཐུབ་ཚེ། དེ་ལ་རྩོམ་ཡིག་འབྲི་བའི་རྨང་གཞི་བརྟན་ཆགས་ཤིག་ཡོང་བའི་ཆ་རྐྱེན་རིམ་འགྱུར་གྱིས་ཚང་ངེས་པས་ན། དུས་ཕྱིས་རྩོམ་རིག་བརྩམས་ཆོས་ཀྱི་སྤུས་ཚད་ནི་དུ་བ་བཞིན་དུ་ཡར་ལ་བསྐྱོད་པ་ལས། ཆུ་བོ་བཞིན་དུ་ཐུར་འབབ་མི་སྲིད་དོ།།
གཉིས། བརྗོད་བྱ་རྙིང་བ།
རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་བརྗོད་བྱ་གསར་བ་ཡིན་རྒྱུ་ནི་ཧ་ཅང་གཙོ་ཆེ་སྟེ། འདི་ནི་བརྩམས་ཆོས་ཀྱི་སྲོག་ལྟ་བུ་ཡིན་པས་ན། བོད་ཀྱི་གནའ་བོའི་སྙན་གཞུང་ཁག་ཏུ་འདི་ལ“སྲོག”ཅེས་མིང་དུ་གདགས་པར་མཛད་ཡོད། བརྩམས་ཆོས་ཀྱི་སྲོག་བཞིན་གྱུར་པའི་བརྗོད་བྱ་རྙིང་བར་གྱུར་ཚེ་དེ་ནི་རང་བཞིན་གྱིས“སྤྱི་ཚོགས་ཀྱི་མེ་ལོང”དུ་འགྱུར་མི་ཐུབ་པ་གསལ་ཡང་། ཉེ་བའི་ལོ་འགའི་རིང་གི་བརྩམས་ཆོས་ཁག་ལས་སྒྲུང་གཏམ་ལ་ཕྱི་མིག་ཅིག་བལྟས་ཚེ། བརྗོད་བྱ“རིག་གསར”དང་འབྲེལ་བའི་སྒྲུང་གཏམ་ལྔ་དྲུག(《སྦྲང་ཆར》ཁོ་ནའི་སྟེང)ཙམ་འདུག་སྟེ། དཔེར་ན་ལྷ་བྱམས་རྒྱལ་གྱི《ལྷགས་རླུང》དང་རིག་ལྡན་རྒྱ་མཚོའི《ཨ་ཁུ་དཔོན》སྟག་འབུམ་རྒྱལ་གྱི《ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ཧུ་ར་འཇའ་པེ་ཡི《ལོ་མའི་ཟིན་ཐོ》པིར་ཐོགས་ཀྱི《རྨ་འགྲམ་གྱི་ངུ་སྐད》སོགས་ཡོད་པ་རེད།
དེ་ཡང་གོང་གསལ་གྱིས་བརྩམས་ཆོས་དག་ལ་སྒྱུ་རྩལ་གྱི་རིན་ཐང་ཅུང་ཙམ་ཡང་མེད་པར་བསྟན་པ་མ་ཡིན་པར། གཙོ་བོ་བརྗོད་བྱ་དེའི་རིགས་དུས་རབས་ཀྱི་རྗེས་སུ་ཆོད་མི་འདུག་ཚུལ་བརྗོད་པ་རང་ཡིན། སྤྱིར་བཏང་དུ་རྩོམ་པ་པོ་ཞིག་ལ་མཚོན་ན་བསམ་བློ་སོགས་གང་ཅིའི་ཐད་དུས་རབས་ཀྱི་སྔོན་དུ་བསྐྱོད་དགོས་ནའང་། ང་ཚོའི་རྩོམ་པ་པོ་སྐོར་ཞིག་གིས་དུས་རབས་ཀྱི་མདུན་དུ་མི་བལྟ་བར། བྱུང་ཞིང་འདས་ནས་དུས་ཡུན་རིང་བོ་འགོར་ཟིན་པའི་ལོ་རྒྱུས་ཀྱི་གད་སྙིགས་སློག་པ་ནི“བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད”ཟེར་བའི་ལེགས་བཤད་དང་རྒྱབ་འགལ་དུ་སོང་བ་མ་ཡིན་ནམ། ལྷག་དོན་ང་ཚོ་འཚོ་སྡོད་ཀྱི་དུས་རབས་འདི་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་ཤིག་ཏུ་ཁེལ་ཡོད་ལ། ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེན་པོ་ཞིག་ལའང་ཐུག་ཡོད་པས། བརྗོད་བྱ་གསར་བ་དང་ནང་དོན་སོ་མ་མང་བོ་ང་ཚོའི་ཁོར་ཡུག་ཏུ་རྒྱ་ཆེའི་མང་ཚོགས་ཀྱིས་འཁྲབ་སྟོན་བྱས་དང་བྱེད་མུས་སུ་འདུག དེ་ལས་དཔེར་མཚོན་ཞིག་རྩོམ་གྲོགས་ཡོངས་ལ་བློ་སྒོ་འབྱེད་བྱེད་ཀྱི་ཚུལ་དུ་དགོད་པ་ལ།
ན་ནིང་ལོ་སར་གྱི་སྐབས་སུ། རང་ཉིད་ཕ་ཡུལ་ཁྲི་ཀར་ལོ་སར་དུ་སོང་བ་ཡིན། ལོ་སར་གྱི་སྐབས་སུ་ཁོམ་པ་ངེས་ཅན་ཡོད་པས་འཕྲིན་གསར་ཡང་མང་བོ་ཞིག་སྒྲ་འཛིན་གྱི་ལམ་དུ་འབྱོར་བྱུང་། དེ་ལས་བརྗེད་པར་དཀའ་བ་ནི་རྫོང་མཐའི་ཡུལ་ཚོ་ཞིག་གི་འབྲོག་ཁྱིམ་གཉིས་ཀྱིས་སྒོའི་ཕྱུགས་ཟོག་དང་མགོའི་སྦྲ་ནག་ཡོད་ཚད་བཙོངས་རྗེས། ཁྱིམ་མི་གང་བོ་རྫོང་ཐོག་ཏུ་གནས་སྤར་ཏེ། དར་མ་དག་གིས་མགྲོན་ཁང་དང་ཚོང་ཁང་གཉེར་བ་དང་། རྒན་པ་དག་གིས་བུ་ཕྲུག་སློབ་གྲྭར་སྐྱེལ་བཞིན་འདུག་ཟེར།འཕྲིན་གསར་དེ་གོ་རྗེས། རང་ཉིད་ལ་དངོས་ཡོད་གནས་ཚུལ་དེ་རྒྱབ་ལྗོངས་བྱས་ནས་སྒྲུང་གཏམ་ཞིག་བྲི་འདོད་སྐྱེས་བྱུང་། རྒྱུ་མཚན་ནི་གཅིག་ན་བོད་མི་ཚོར་མཚོན་ན་རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བའི་ལྟ་སྟངས་རྙིང་བ་མཁྲེགས་རྒོད་ཅིག་ཡོད་པར་མ་ཟད། རྒན་རྒོན་ཚོར་མཚོན་ནའང་རང་ས་མ་མོའི་བྲང་མགོ་ལྟ་བུ་གང་ཞིག་མཆིལ་མའི་ཐལ་བ་བཞིན་དུ་དོར་ཏེ། ཟང་ཟིང་གི་རྫོང་ཐོག་ཏུ་འགྲོ་དགོས་ཞེ་ན་ཨུ་ཚུགས་ཀྱི་རྐང་བ་རྡོ་ལ་གཏོད་ངེས་པ་ནི་གདོན་མི་ཟ་བས། ཁོ་ཚོ་གནས་སྤར་བའི་བརྒྱུད་རིམ་ཁྲོད་ཀྱག་ཀྱོག་གི་ལམ་བུ་རིང་བོ་ཞིག་བརྒྱུད་ཡོད་པ་ནི་སྨོས་མེད་ཡིན་པས་སྒྲུང་གཏམ་གྱི་བྱུང་རིམ་ལེགས་པོ་ངེས་ཅན་ཡིན་པ་དང་། གཉིས་སུ་བརྗོད་བྱ་འདི་རིགས་ད་ལྟའི་དུས་དང་འཚམ་པ་ལས་གཞན། བོད་མི་རིགས་ཀྱི་མ་འོངས་འཚོ་བའི་འགྲོ་ཕྱོགས་ཀྱང་ཡིན་པས་ན་ཕྱོགས་སྟོན་ཀྱི་ནུས་པའང་མི་དམན་པ་ཞིག་ཡོད་ངེས་སོ།། དོན་ལ་འཚོ་བའི་འཁོར་ཕྱོགས་འདི་བོད་བཙན་པོའི་དུས་སུའང་བྱུང་མྱོང་སྟེ། “རི་ཁྱིམ་ཀློང་དུ་ཕབ་པའི”དུས་སྐབས་དེ་ཡིན། ཡིན་ནའང་བོད་སིལ་བུར་ཐོར་རྗེས་དང་སྒོས་སུ་འབྲོག་དམངས་ཟོག་དང་ཕྱུགས་ཟོག་རྩྭ་ལ་བརྟེན་པའི་ལོ་ཟླའི་འཁོར་རྒྱུན་ནང་། ང་ཚོའི་མི་རིགས་འདི་རྫ་སུལ་དང་ལུང་ཁོག ཐང་སྟོང་བཅས་སུ་ལྷིང་འཇགས་ངང་འཚོ་བར་བྱས་པས། གཞི་ནས་རིག་གནས་སྣ་གཅིག་དང་དཔལ་འབྱོར་རྗེས་ལུས། ཚན་རྩལ་ཡེ་བོར་གྱི་ད་ལྟའི་གནས་བབ་འདི་བྱུང་བ་མ་ལགས་གྲང་། དེ་བས་རྣམ་པ་འདི་བསྒྱུར་བར་འགྲན་རྩོད་ཀྱི་ར་བའི་ནང་རང་འགུལ་གྱིས་ཞུགས་དགོས་ལ། སྦྱོར་བ་དེ་འདྲ་སྤེལ་བར་ཐོག་མར་བསམ་བློ་སྔོན་དུ་འགྲོ་དགོས་པས། ང་ཚོའི་རྩོམ་མཁན་དག་གིས་མང་ཚོགས་ཕལ་བ་དེ་ཚོའི་འཚོ་བ་དང་བསམ་སྦྱོར་ལ་བརྟག་ཞིབ་ཡང་ཡང་བྱས་ཏེ། བརྩམས་ཆོས་ཀྱི་བརྗོད་བྱ་ལྗིད་ཆེ་བ་དག་གདམ་རྒྱུ་ན་གནད་ཀྱེ་དོན་པའོ།།
གསུམ། རྩོམ་ཁུངས་དོག་པ།
དུས་རྒྱུན་གྱི་ལབ་གླེང་ཁྲོད། བོད་ཀྱི་དེང་རབས་རྩོམ་རིག་ལ་མོས་པ་ཆེ་བའི་ཤེས་ལྡན་པ་འགའ་རེས་ཁྱོད་ཚོས་རྩོམ་ཡག་ཤོས་རེ་ཡོད་ཚེ་དུས་དེབ་སྟེང་བཀོད་ན་མི་ཆོག་གམ་ཞེས་པའི་དྲི་བ་འདོན་པར་འགྱུར། དྲི་བ་དེའི་ཚིག་ཤུགས་སུ་དུས་དེབ་སྟེང་རྩོམ་ཡག་ཤོས་དཀོན་པ་ནི་རྩོམ་སྒྲིག་པས་བསམ་བཞིན་མ་བཀོད་པ་ལྟ་བུའི་གོ་བ་སྦྱིན་འོང་། དོན་དངོས་སུ་རྩོམ་སྒྲིག་པར་མཚོན་ན་རྩོམ་ཡག་ཤོས་རེ་མ་འབྱོར་བར་ལག་པ་གཅོད་ལ་ཐུག་ཡོད་དེ། དངོས་ཡོད་གནས་ཚུལ་འདི་རང་ཉིད《སྦྲང་ཆར》གྱི་སྙན་ངག་རྩོམ་སྒྲིག་ཚན་ཆུང་ནས་སྒྲུང་གཏམ་རྩོམ་སྒྲིག་ཚན་ཆུང་དུ་ཡོང་རྗེས་གཟོད་ནས་ཤེས་རྟོགས་བྱུང་། ཞིབ་འདང་རེ་བརྒྱབ་ཚེ། ཡ་ང་བའི་སྣང་ཚུལ་འདི་འདྲ་བྱུང་བ་ལའང་ཁག་མེད་དེ། བོད་ཀྱི་དེང་རབས་རྩོམ་རིག་སྤེལ་མགོ་བརྩམས་ནས་བགྲང་བྱ་སུམ་ཅུ་ཙམ་འདས་ཟིན་ནའང་། བོད་ཡིག་གི་ལམ་ནས་གསར་རྩོམ་བྱེད་པའི་རྩོམ་པ་པོའི་ནང་ཆེད་ལས་རྩོམ་པ་པ་གཅིག་ཀྱང་མི་འདུག་ལ། གསར་རྩོམ་གྱི་ལས་སུ་ཞུགས་མཁན་མཐའ་དག་ལས་ཞོར་རྩོམ་པ་པོ་ཡིན་པར་མ་ཟད། དེ་ལས་སློབ་ཆེན་གྱི་དུས་སྐབས་སུ་རྩོམ་ཡིག་འགའ་རེ་སྤེལ་ཅིང་རེ་བ་ཅན་ལ་རེ་བཞག་བྱས་ཆོག་པའི་གསར་རྩོམ་པ་མི་ཉུང་བ་གང་ཞིག ལས་བགོས་དུས་སུ་འདོད་ཐོག་ལ་རྟ་མ་བརྒྱུགས་པར་སྲིད་འཛིན་ལས་ཁུངས་སོགས་ལ་མངགས་པ་བཅས་ཀྱིས། བོད་ཡིག་དུས་དེབ་ཀྱི་རྩོམ་ཁུངས་ལ་གནོད་པ་མི་དམན་པ་ཐེབས་པར་བྱས་འདུག དེ་ལྟ་ནའང་། འུ་བུ་ཅག་ལ་རྩོམ་པ་པོའིདཔུང་སྡེ་ཞིག་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་བརྟན་ཆགས་སུ་འགྲོ་བཞིན་པས་བློ་ཕམ་དང་ཡི་ཆད་ནི་ཡེ་ནས་སྐྱེས་དོན་མེད། རྒྱུ་མཚན་ནི་ང་ཚོའི་མེས་པོ་དག་གིས་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གོ་ལ་ཟླུམ་པོའི་ཁོངས་སུ་ཆེས་རིང་བར་གྲགས་པའི་དཔའ་བོའི་རྟོགས་པ་བརྗོད་པའི་སྙན་རྩོམ《གེ་སར་རྒྱལ་པོའི་སྒྲུང》འཛམ་གླིང་རྩོམ་རིག་བང་མཛོད་དུ་བཞག་ཡོད་པར་མ་ཟད། ཐུན་མོང་མ་ཡིན་པའི་རིག་གནས་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ། ཐུན་མོང་མ་ཡིན་པའི་སྙིང་སྟོབས་སོགས་མང་བོ་མང་བོ་ཞིག་ང་ཚོ་ལ་བགོ་སྐལ་དུ་བསྩལ་ཡོད་པས། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་དང་གཞུང་ལུགས་སྣ་ཚོགས་ལ་སྦྱངས་བརྩོན་མི་དམན་པ་བྱས་ཐོག བོད་ཀྱི་འཚོ་བ་རྣལ་མ་གང་ཞིག་རང་གི་ཐུན་མོང་མ་ཡིན་པའི་གསར་རྩོམ་གྱི་ལག་ཐབས་ལ་བརྟེན་ནས་གསོན་ཉམས་ལྡན་པའི་ངང་དུ་མངོན་མཚོན་བྱེད་ཐུབ་ཚེ། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལམ་བུ་ནི་འོད་སྟོང་འབར་བའི་ལམ་ཆེན་ཞིག་ཡིན་པར་ང་ཚོར་ཡིད་ཆེས་ཡོད།
མཇུག་མཐར་ཞུ་རྒྱུ་ཞིག་ལ། རྩོམ་སྒྲིག་པ་དག་གི་སེམས་ཁམས་ཀྱང་གོང་སྨྲས་ཤེས་ལྡན་པ་དག་གི་སེམས་ཁམས་དང་གཅིག་མཚུངས་སུ་སྣང་ངེས་ཏེ། རྩོམ་ཡག་ཤོས་རེ་འབྱོར་འཕྲལ་གང་མྱུར་གྱིས་དུས་དེབ་སྟེང་བཀོད་པའི་གྲབས་ཤོམ་བྱས་འདུགརྩོམ་ཡག་ཤོས་རེ་ལག་སོན་བྱུང་དུས་ཀྱི་སྤྲོ་བ་ནི་སྨྲ་བསམ་བརྗོད་འདས་ཀྱི་སྤྲོ་བ་ཞིག་སྟེ། དེ་སྔོན་འཇུ་སྐལ་བཟང་གི་སྙན་ངག《དགེ་འདུན་ཆོས་འཕེལ》འབྱོར་དུས་དེ་འདྲའི་དགའ་བ་ཞིག་སྐྱེས་མྱོང་ལ། ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ《ར་ལོ》ལ་བལྟས་རྗེས་ཀྱང་ཚོར་སྣང་དེ་འདྲ་བྱུང་མྱོང་བར་མ་ཟད། པད་མ་ཚེ་བརྟན་གྱི《གངས》དང་བཀྲ་བྷའི《འཚུབ་མ་ཁེར་རྐྱང》ལྷ་བྱམས་རྒྱལ་གྱི《ལམ་གྱི་ཉི་འོད》བཅས་ལ་རོལ་མྱོང་བྱེད་སྐབས་ཀྱང་དེ་འདྲའི་ཚོར་སྣང་བྱུང་བས་ན། ང་ཚོས་དུས་རབས་གསར་བའི་འཐུས་ཚབ་བརྩམས་ཆོས་སུ་ངོམ་སོ་བྱ་རུང་བའི་རྩོམ་ཡིག་གང་ལེགས་ལུ་གུ་བརྒྱུད་ལྟར་ཡོང་བར་ལྷག་བསམ་རྣམ་དག་གིས་ངང་སྒུག་བྱེད་བཞིན་པ་བཅས་ལགས་སོ།།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། སྒང་ལམ་པའི་འཕྲིན་སྟེགས།