2022ལོའི་དཔེ་ཀློག་ཟིན་བྲིས།

  བདག་ལ་མཚོན་ན།དཔེ་ཀློག་ནི་རང་གི་མི་ཚེ་གང་པོའི་ཚོགས་བསགས་དང་བསོད་ནམས་ཀྱི་བགོ་སྐལ་ཉག་ཅིག་ཏུ་རྩི་བཞིན་ཡོད།དཔེ་ཀློག་གིས་རང་གི་མི་འདང་ས་དང་ཆད་པའི་སྐོར་དེ་ནམ་ཡང་ཁ་གསབ་བྱེད་ཀྱིན་ཡོད་པས་ན།ལོ་འདིར་ཡང་སྔར་ལོ་དང་འདྲ་བར་མང་པོའི་ནང་གི་དཔེ་ཆ་ཉུང་ཉུང་ཙམ་ལས་བཀླགས་མ་ཐུབ་རུང་།བདག་གིས་དེ་ནི་ནམ་ཡང་རང་གི་བསོད་ནམས་དང་འཇོན་ཐང་ལ་རྩི་བཞིན་ཡོད།གཤམ་དུ་གསལ་བ་ནི་ཁོ་བོས2022ལོར་བཀླགས་པའི་དཔེ་ཐོ་ཙམ་ཡིན།ཡིན་ནའང་ཁོ་བོས་དཔེ་ཆ་འདི་དག་ཀློག་དུས་གོ་བ་མི་ལོན་ས་དང་གོ་བ་ལོག་ལམ་དུ་བླངས་པ་སོགས་ནོར་འཁྲུལ་གྱི་རིགས་ཀྱང་མང་པོ་ཞིག་ཡོད་ངེས་མོད།ཁོ་བོས་དེ་ནི་དཔེ་ཀློག་པ་ཞིག་གི་ངོས་ནས་བལྟས་ན་ཧ་ཅང་རྒྱུན་ལྡན་ཞིག་ཡིན་པར་འདོད་དེ།ཁྱོད་ལ་ཐོག་མར་དཔེ་ཀློག་གི་འདུ་ཤེས་དང་བསམ་བློ་སྐྱེས་པ་དེ་ནི་ཁྱོད་ཀྱི་གོ་རྟོགས་སད་པའི་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་ཏུ་བརྩིས་ན་ཅིས་མི་ཆོག

  1སྒྲུང་གཏམ།《རླུང་ལ་བསྐུར་བ།》ཤོག་ངོས196བྱོན། ཨ་ལེས་བརྩམས།སྙིང་མོ་སྐྱིད་ཀྱིས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2021ལོའི་པར་མ།

  [ནང་དོན་གནད་བསྡུས།]འདི་ནི་རྩོམ་པ་པོ་ཨ་ལེ་ལགས་ཀྱི་སྒྲུང་རིང་《རྒྱུད་གྲོང་ཚོའི་སྒྲུང་རབས།》ཁག་དྲུག་ཡོད་པའི་ནང་གི་ཁག་དང་པོ《རླུང་ལ་བསྐུར་བ།》ཞེས་པ་དེ་ལགས།སྒྲུང་འདིའི་ནང་དུ།ཕྱི་ནས་རྒྱུད་གྲོང་ཚོར་ཡོང་བའི་ཨ་མ་བསམ་གཏན་དང་ཐང་བུ་དགེ་ལེགས་གཉིས་ཀྱིས་རྒྱུད་གྲོང་ཚོ་ནས་འཚོ་བ་རོལ་དུས།ནམ་རྒྱུན་རྩོད་རྒྱུ་མེད་པར་གནས་བཟོད་བདེ་ཡང་།དོན་ངན་ཞིག་ལྷགས་ཚེ།ཁོ་གཉིས་ཀ་རིགས་ངན་ཞིག་ཏུ་བརྩིས་ཏེ།རྒྱུད་གྲོང་ཚོའི་མི་རྣམས་ཀྱི་ཁོག་གཅོང་འདོན་སར་གྱུར་འགྲོ་སྟེ།དགེ་ལེགས་ཀྱི་གྲོགས་པོ་འདང་ཅན་རི་བོང་བྱིས་པ་སྐོར་ཞིག་དང་མཉམ་དུ་རྩེ་མོར་གཡེང་དུས་གར་ཡོང་མི་ཤེས་པའི་ཤོག་སྦགས་ཤིག་གིས་རྨས་ཏེ།རིམ་བཞིན་རྨ་ཁར་གཉན་ཚད་རྒྱས་ཤིང་།ཕྱིས་སུ་ཚེ་ལས་འདས།དེ་དུས་དགེ་ལེགས་བྱིས་པ་ཚོའི་གྲས་སུ་མེད་ན་ཡང་།ཤོག་སྦགས་དགེ་ལེགས་ཀྱིས་གཡུག་པ་རེད་ཅེས་བྱིས་པ་ཚོས་གང་སར་བསྒྲགས།དགེ་ལེགས་ཀྱིས་ཁོ་རང་མིན་ཚུལ་གྱི་དག་སེལ་ཇི་འདྲ་བྱས་ཀྱང་ཉན་མཁན་མ་བྱུང་ཞིང་།དོན་འདི་ཁོ་རང་གི་སེམས་ནད་གཙོ་བོ་ཞིག་ཏུ་གྱུར།རྩོམ་པ་པོས་རི་བོང་ལ་རྨས་ཕོག་སྟེ་མ་ཤི་སྔོན་དང་ཤི་རྗེས་སུ་དམིགས་ནས།ཐང་བུ་དགེ་ལེགས་ཀྱི་གནས་བབས་དང་།རྒྱུད་གྲོང་ཚོའི་མིའི་སེམས་ཀྱི་འགྱུར་བ།གཞུང་དྲང་བབས་ཆགས་ཡིན་པའི་སྲོལ་རྒྱུན་གྱི་རྒྱུད་གྲོང་ཚོ་དེ།ལམ་ལུགས་རྙིང་བའི་རྩ་གཏོར་དང་བསྟུན་ནས་རྩ་ཆེ་བའི་དངོས་པོ་དག་རླུང་ལ་ཇི་ལྟར་བསྐུར་བ་བརྗོད་ཡོད།

  2 དཔྱད་རྩོམ།《བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས།》ཤོག་ངོས215བྱོན། བདུད་ལྷ་རྒྱལ་གྱིས་བརྩམས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2021ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་འདིའི་ནང་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒན་བདུད་ལྷ་རྒྱལ་ལགས་ཀྱི་བརྩམས་སྒྲུང་སྐོར་གྱི་དཔྱད་རྩོམ་དགུ་དང་།སྙན་ངག་སྐོར་གྱི་དཔྱད་རྩོམ་བརྒྱད་བཅས་བསྡོམས་པས་དཔྱད་རྩོམ་བཅུ་བདུན་བསྡུས་འདུགའདིའི་ནང་དུ་རྩོམ་པ་པོས་བརྩམས་ཆོས་ལ་ཐད་ཀར་དཔྱད་བརྗོད་དང་།གཞུང་ལུགས་དང་ལོ་རྒྱུས་ཐད་ནས་དཔྱད་པ་བཏང་བ།ད་དུང་རྩོམ་རིག་དང་བསམ་བློ་སྦྲགས་ཏེ་བསམ་བློའི་རང་བཞིན་ཅན་གྱི་དཔྱད་བརྗོད་གནང་བ་སོགས་ཀྱང་འདུགདཔྱད་རྩོམ་དག་ལ་སྤྱི་མཚན་གྱི་བརྡ་ཆད་དང་།རིག་གཞུང་གི་བརྡ་ཆད་ཆེད་ལས་ཅན་བེད་སྤྱོད་བྱས་པ་ལས་གཞུང་གི་ཁོག་དབུབས་ཚད་དང་།ཡང་དག་རང་བཞིན་དང་ཞིབ་ཆ་རང་བཞིན་སོགས་ཐོན་ཡོད་པར་མ་ཟད།ཡུལ་ཅན་རང་བཞིན་ཟེར་བའམ།མཛེས་རྟོགས་རང་བཞིན་ཟེར་བ་ལྟ་བུའི་ལྐོག་གྱུར་དང་སྤྱི་མཚན་གྱི་ཐ་སྙད་གང་མང་ཞིག་བེད་སྤྱོད་བཏང་བ་དང་།གསལ་བྱེད་མང་པོ་མེད་པའི་དོན་བསྡུ་ཡི་རྩོམ་གཤིས་ཤིག་ངང་གིས་གྲུབ་ཡོད།ཁོང་གིས་དཔྱད་བརྗོད་ཀྱི་བརྗོད་བྱ་བཟུང་བ་གནད་ལ་ཁེལ་ཞིང་།རིག་ལམ་དང་དཔྱོད་པའི་བློ་མིག་རྣོ་བས་དཔྱོད་ཡུལ་གྱི་བརྩམས་ཆོས་གང་དེའི་ཕྱི་ཤུན་དང་ནང་སྙིང་ལྐོག་མར་འབྱིན་པར་དགེ་མཚན་ཆེན་པོ་ཐོན་ཡོད་སྙམ།

  3གཞུང་འགྲེལ།《ཤེས་རབ་སྙིང་པོའི་འགྲེལ་བ་གསར་མ།》ཤོག་ངོས134བྱོན། གནས་བརྟན་ཐིག་ནཏ་ཧཱན་གྱིས་བརྩམས། བསོད་ནམས་རྒྱལ་གྱིས་དབྱིན་ཡིག་ནས་བསྒྱུར། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།2020ལོའི་པར་མ།

  [ནང་དོན་གནད་བསྡུས།]འགྲེལ་བ་འདི་ནི་སྤྱི་ལོ1987ལོར།གནས་བརྟན་པའི་ཆར་གཏོགས་པ་བསམ་གཏན་པའི་སློབ་དཔོན་ཐིག་ནཏ་ཧཱན་གྱིས་ཨ་རི་ནས་དོན་གཉེར་ཅན་བརྒྱད་བརྒྱ་ལྷག་ལ་ཤེར་རབ་སྙིང་པོའི་ཚིག་དོན་འགྲེལ་བ་གནང་བ་ཞིག་རེད།ཁོང་གིས་ཕན་ཚུན་པ(interbeing)ཞེས་པའི་ཐ་སྙད་འདིའི་སྟེང་ནས་དབུ་བཙུགས་ཏེ།ཕུང་པོ་ལྔ་བོ་དེ་དག་རང་ངོས་ནས་གྲུབ་པ་མེད་ཚུལ།དེ་དག་གི་སྟོང་བའི་རང་བཞིན་དང་སྐྱེ་འགག་མེད་ཚུལ།ཕུང་པོ་ལྔ་བོ་རེ་རེ་ཕུང་པོ་གཞན་དང་ལྷན་དུ་ཕན་ཚུན་དུ་གྲུབ་པ་དང་།ཁམས་བཅོ་བརྒྱད་ཀྱང་ཁམས་རེ་རེ་གཞན་དང་ལྷན་དུ་ཕན་ཚུན་གྲུབ་པར་བརྟེན་།རང་ངོས་ནས་གྲུབ་པ་མེད་པར་གསུང་།མཐའ་མར་ཡེ་ཤེས་མེད་ཅེས་ཡེ་ཤེས་ལ་ཐ་དད་པའི་གྲུབ་པ་ཞིག་མེད་པའི་དོན་དང་།སངས་རྒྱས་ནི་སངས་རྒྱས་མ་ཡིན་པའི་ཆོས་དག་གིས་གྲུབ་པ་ལྟར།ཡེ་ཤེས་ཀྱང་ཡེ་ཤེས་མ་ཡིན་པའི་ཆོས་དག་གིས་གྲུབ་ཅེས་སོགས་ཤེས་སྙིང་གི་གཞུང་དོན་ཅུང་ཁ་གསལ་ཞིག་གསུང་ཡོད།

  4《ཆུ་ཆེན་ཟིན་ཐོ།》ཤོག་ངོས280བྱོན། ལི་ཤིན་ཧེང་གིས་བརྩམས།(ཆིང་རྒྱལ་རབས)དབལ་ཤུལ་བློ་བཟང་བསྟན་འཛིན་གྱིས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། 2021ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་འདིའི་མ་ཕྱི་ཐོག་མ་ནི་སྤྱི་ལོ1790ལོར་པར་སྐྲུན་བྱས་པ་ཞིག་ཡིན།དེབ་འདིའི་རྩོམ་པ་པོ་ལི་ཤིན་ཧེང་ནི་ཆིང་རྒྱལ་རབས་ཀྱི་ཆན་ལུང་སྲིད་ལོའི་སྐབས་སུ་ཆུ་ཆེན་གྱི་གཞུང་དཔོན་རབས་བཞི་བ་ཡིན།རྩོམ་པ་པོས་སྔ་རྗེས་སུ་ཆུ་ཆེན་དུ་ལོ་ལྔ་ཙམ་ལ་འཚོ་བ་རོལ་ཞིང་།ལས་གནས་ཐོག་ཏུ་ཆུ་ཆེན་དང་བཙན་ལྷའི་མྱོང་ཚོར་དང་མཐོང་ཐོས་གཞིར་བཟུང་།ཕྱི་ནས་ཡོང་མཁན་ཞིག་གི་མཐོང་རྒྱ་ལས་སྐབས་དེའི་ཆུ་ཆེན་དང་།བཙན་ལྷ།དེར་མ་ཟད་རོང་བྲག་སོགས་རྒྱལ་མོ་ཚ་བ་རོང་གི་ཡུལ་སྡེ་དག་གི་ཡུལ་སྲོལ་གོམས་གཤིས་སོགས་བརྗོད་ཡོད་ཅིང་།སྐབས་དེའི་ཆུ་ཆེན་དམག་འཁྲུག་གི་ལོ་རྒྱུས་རེ་འགའ་དངོས་སུ་ཡིག་ངོར་ཕབ་ཡོད།དེབ་འདི་དེབ་དང་པོ་དང་དེབ་གཉིས་པ།དེབ་གསུམ་པ་ཞེས་དེབ་དྲུག་གི་ཚན་པར་དགར་ཡོད།དེབ་འདིའི་འགོ་བརྗོད་ལ་གནམ་བསྐོས་གོང་མར་གུས་འདུད་ཞུ་ཆེད་དུ《ཆུ་ཆེན་དང་བཙན་ལྷའི་རྡོ་རིང་ཐོག་ཁེབས་ཅན།》དང་《རྒྱལ་རོང་ཞོད་འཇགས་ཀྱི་རྡོ་རིང་མདོ་བུ་ཞེས་བྱ་བ།》《རྒྱལ་རོང་ཞོད་འཇགས་ཀྱི་རྡོ་རིང་བཀར་ངེས་ཞེས་བྱ་བ།》《རྒྱལ་རོང་ཞོད་འཇགས་ཀྱི་རྡོ་རིང་མེ་ནོ་ཞེས་བྱ་བ།》བཅས་གོང་མའི་རྡོ་རིང་ཡི་གེ་བཞི་དང་།གོང་མས་རི་ཀླུང་ལ་མཆོད་འབུལ་གསོལ་ཡིག་ངོ་བཤུས་ཡི་གེ་སོགས་བཀོད་ཡོད།

  5གླིང་གེ་སར་རྒྱལ་པོའི་སྒྲུང《རྟ་རྒྱུགས་དཔྱིད་ཀྱི་ཉི་མ།》ཤོག་ངོས176མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཚོགས་པས་འཚོལ་བསྡུ་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་པར་མ།

  [ནང་དོན་གནད་བསྡུས།]གླིང་སྒྲུང་འདི་ལེའུ་བདུན་གྱིས་གྲུབ་ཡོད།དེ་ཡང་ནག་ཕྱོགས་བདུད་ཀྱི་ཁ་གནོན་ལ་སེང་ཆེན་གོང་མ་ལྷ་ནས་བསྐོས་པ་དང་།ཀླུ་ཡི་གཏེར་ཟོག་གླིང་ལ་དྲངས་ཚུལ།དེ་ནས་མུ་སྟེགས་སྒོམ་ཆེན་དམ་ལ་བཏགས་པ།སྟག་རོང་དཔོན་པོ་ཁྲོ་རྒྱལ་ལ་རྟ་རྒྱུགས་རྒྱན་འཇོག་དགོས་པའི་ལུང་རྫུན་གནང་བ།དགྲ་ལྷ་ཝེར་མའི་ཚོགས་ཀྱིས་རྐྱང་རྒོད་བཟུང་སྟེ་ཨ་མ་འགག་མོར་སྤྲད་པ་དང་འབྲུག་མོས་སྒ་ཆས་སྤྲས་ཤིང་སྨོན་ལམ་བཏབ་པ།གླིང་གི་རྟ་རྒྱུགས་ཚོགས་ཐོག་ནས་འབྲུག་མོས་རྟ་བཤད་བྱས་པ།ཇོ་རུས་ཨ་ཡུ་དིལ་གྱི་གཞི་བདག་དམ་དུ་བཏགས་ཤིང་འཁོར་དུ་བསྒྱུར་བ།གླིང་གི་རྟ་རྒྱུགས་དེ་རྟ་མགོ་གུ་རུ་རྫ་དང་རྟ་རྟིང་ཨ་ཡུ་དིལ་ལ་བྱས་ནས་རྒྱུགས་སྐབས་སུ་འགག་མོའི་བུ་ཇོ་རུ་ཡིས་ལྷ་རྗེ་ཀུན་དགའ་ཉི་མ་དང་མོ་མ་ཀུན་ཤེས་སོགས་ལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བསྒྲིགས་ཤིང་།མཐར་ལྷ་རྟ་རྐྱང་རྒོད་གཡེར་བ་གླིང་གི་རྟ་རྒྱུགས་ལས་རྣམ་པར་རྒྱལ་ཏེ།ཕ་ཟོག་ནོར་བུ་ཆ་བདུན།ལས་ཟོག་གཏེར་གྱི་སྒྲོམ་བུ།སྟག་སྒམ་ནོར་བུའི་བང་མཛོད་སོགས་སྐྱ་ལོ་ཚང་གི་རྒྱུ་ནོར།གླིང་དཀར་སྟོད་ཀྱི་སྤྱི་ནོར་སོགས་སྐྱ་ལོའི་མི་ཟོག་འཁོར་བཅས་ཡོད་ཚན་རྒྱན་དུ་བླངས་ཏེ།འགག་མོའི་བུ་སྡུག་ཇོ་རུ་དེ་ཁམས་གསུམ་ཟིལ་གནོན་གྱི་ཁྲི་ལ་འགྱིང་བར།གདོང་མ་བཞིའི་དཔོན་པོ་ཁྲོ་ཐུང་གིས“ཧེ་ཧེ་ངའི་ཚ་བོ་ལ་དེ་རིང་གེ་འདི་འདྲ་སར་འདུག”ཅེས་བསྟོད་པ་བྱས་པ་ལས་མཚན་ལ་གེ་སར་སྐྱེས་བུ་དོན་གྲུབ་གསོལ་ཏེ་བོད་ཁམས་ཡོངས་ཀྱི་རྗེ་བོ་ལ་མངའ་གསོལ་བར་གདའོ།

  6གླིང་གེ་སར་རྒྱལ་པོའི་སྒྲུང་《རྟ་རྒྱུགས་ནོར་བུ་ཆ་བདུན།》ཤོག་ངོས258བྱོན། ཀུ་ས་ལི་ཨཀྵ་ར་སུ་ནི་ཤ་སས་བྲིས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1980ལོའི་པར་མ།

  [ནང་དོན་གནད་བསྡུས།]སྒྲུང་འདི་ནི་རྒྱལ་སྲིད་སྣ་བདུན་ལྟར་ལེའུ་བདུན་དུ་བགོས་ཡོད་ཅིང་།འཇུ་མི་ཕམ་ཚང་གི་བརྡའ་གསང་ནོར་བུའི་མེ་ལོང་ལྟར་བཀྲལ་ཡོད།ཐོག་མར་ལུང་བསྟན་རྩེ་དགའི་སྣ་འདྲེན་པ་འཁོར་ལོ་རིན་ཆེན་ལྟ་བུའི་གཏམ་ཚོ།འབྲུག་མོ་ཇོ་རུ་གདན་འདྲེན་དུ་ཕེབས་ཚུལ་བཙུན་མོ་རིན་ཆེན་ལྟ་བུའི་གཏམ་ཚོ།ལྷ་རྟ་རྐྱང་རྒོད་འཛིན་པའི་སྐོར་ཅང་ཤེས་རིན་ལྟ་བུའི་གཏམ་ཚོ།མཁོ་དགུ་དབང་དུ་འབྱོར་བ་ཁྱིམ་བདག་རིན་ཆེན་ལྟ་བུའི་གཏམ་ཚོ།སྦས་པའི་ཚུལ་གྱིས་གླིང་དཀར་པོའི་གྲལ་མཐར་གཤེགས་ཀྱང་གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་གྱིས་ས་ལམ་ཆིག་ཆོད་བགྲོད་ཚུལ་གླང་པོ་རིན་ཆེན་ལྟ་བུའི་གཏམ་ཚོ།འགྲན་ཟླ་འཚོལ་ཞིང་གླགས་ལྟ་བའི་མི་དང་མི་མ་ཡིན་ཟིལ་གྱིས་གནོན་ཚུལ་དམག་དཔོན་རིན་ཆེན་ལྟ་བུའི་གཏམ་ཚོ།གླིང་གི་རྟ་རྒྱུགས་ལས་རྣམ་པར་རྒྱལ་ཞིང་གསེར་ཁྲི་ལ་དབང་བསྒྱུར་ཏེ་བསམ་པའི་རེ་བ་མཐའ་དག་གྲུབ་པར་མཛད་ཚུལ་གཟུགས་སྐུ་ཡིད་བཞིན་ནོར་བུ་ལྟ་བུའི་གཏམ་ཚོ་སྟེ།རྒྱལ་སྲིད་སྣ་བདུན་གྱི་གྲངས་ལྟར་སྒྲུང་གི་གཞུངས་བསྲིངས་པའོ།།

  7《ཟ་འཕྲུག》ཤོག་ངོས120བྱོན། སྐྱབས་ཆེན་བདེ་གྲོལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2021ལོའི་པར་མ།

  [ནང་དོན་གནད་བསྡུས།]འདི་ནི“སྨིན་དྲུག”བོད་ཀྱི་ན་གཞོན་གསར་རྩོམ་དཔེ་ཚོགས་སུ་བསྡུས་པའི་སྒྲུང་འབྲིང་ཞིག་ཡིན།རྩོམ་པ་པོས་སྒྲུང་གཏམ་གྱི་འབྲི་ཐབས་གསུམ་པ“ང”ཡི་མཐོང་སྣེ་སྤྱད་དེ་གཏམ་རྒྱུད་ཀྱི་གཞུང་བསྲིངས་འདུགམི་སྣ་ང་ནི་བྱ་བ་ཐམས་ཅད་ལམ་ལྷོངས་མ་བྱུང་བའི་རི་མོ་མཁན་ཞིག་སྟེ།ལས་ཁུངས་སུ་བྱ་བ་བསྒྲུབ་པ་དང་།ལས་ཁུངས་ནས་རྒྱང་ཕུད་དུ་བཏང་བ།གླ་འཁོར་བསྐོར་བ།རོལ་དབྱངས་བརྩམས་པ།སྨན་ཁང་དུ་བསྡད་པ་སོགས་མི་ཚེའི་ཀྱག་ཀྱོག་རིང་པོ་ཞིག་བརྒྱུད་མྱོང་ཡོད་ལ།ལྷག་པར་དུ་མཛོམས་སྐྱིད་དང་དབྱངས་ཅན་པད་མ་སོགས་མི་སྣ་ཕན་ཚུན་བར་གྱི་འབྲེལ་བ་སྣ་ཚོགས་སྐྱ་འཐབ་ནས་གྲུབ་ཡོད།དེ་བས་ཀྱང་སྒྲུང་གཏམ་གྱི་མི་སྣ་གཙོ་བོར་རང་ངོས་ཀྱི་ལན་ཆགས་ཤིག་ཡོད་པ་ནི་གནས་ངེས་མེད་དུ་དུས་གང་རུང་ལ་ལུས་ཀྱི་ཆ་ཤས་གང་རུང་ཞིག་ལ་ཚོད་ཚོད་ལ་“ཟ་འཕྲུག”ཞིག་ལངས་རྒྱུ་ཡོད་པ་དེ་ཡིན།དེབ་འདིའི་འགོ་བརྗོད་དུ་རྩོམ་རིག་སྨྲ་བ་སྐུ་ཞབས་ལྡོང་བུ་ལགས་ཀྱིས་གསུངས་པ་ལྟར“‘ཟ་འཕྲུག’དེ་ནི་བྷེ་ཁེད་ཀྱི་ཟློས་གར་གྲགས་ཅན《གོ་ཌོད་ལ་སྒུག་པ》ཞེས་པའི་ནང་གི་སྐད་ཆ་ཐོག་མ“ཐབས་ཤེས་གང་ཡང་མི་འདུག”ཅེས་པ་ལྟ་བུ་ཞིག་རེད།ཡིན་ནའང་རྩོམ་པ་པོས“ཟ་འཕྲུག”གི་སྐོར་ལ་བྱུང་རིམ་གྱི་མཚམས་རེ་གཉིས་སུ་གླེང་སློང་དང་འགྲེལ་བཤད་ཐན་ཐུན་རེ་བྱས་ཡོད་པ་ལས།དེའི་ངང་ཚུལ་དང་།གནས་སྟངས།འགྱུར་བ།དེས་མིའི་ལུས་སེམས་གཉིས་ཀ་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ལ་བརྗོད་པ་མང་པོ་དང་གཏིང་ཟབ་པ་ཞིག་སྤེལ་མེད་ལདངོས་ཡོད་ལས་བརྒལ་ཞིང་མཚོན་རྟགས་རང་བཞིན་ལྡན་པ་དེ་ལ་དངོས་ཡོད་རིང་ལུགས་ཀྱི་ཞིབ་འབྲི་དང་རྗོད་དོན་སྔོག་འདོན་བྱས་མེད་པ་དེས།“ཟ་འཕྲུག”གི་བརྗོད་གཞིའི་སྐོར་ལ་རྩོམ་པ་པོ་རང་ཉིད་ཀྱིས་ཀྱང་ལེ་ལོ་སྒྱིད་ལུག་གི་བརྟུལ་ཞུགས་ཤིག་བཟུང་འདུག”ཅེས་སྨྲ་བར་བྱེད་དོ།།

  8《མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ།》ཤོག་ངོས126བྱོན། སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2021ལོའི་པར་མ།

  [ནང་དོན་གནད་བསྡུས།]འདི་ནི“‘སྨིན་དྲུག’བོད་ཀྱི་ན་གཞོན་དཔེ་ཚོགས་སུ་བསྡུས་པའི་སྒྲུང་འབྲིང་ཞིག་ཡིན།སྒྲུང་གཏམ་འདིས“ང”མཚོ་མོའི་གྲོ་ཞིང་ཁའི་བརྩེ་དུང་གི་གཏམ་རྒྱུད་ལས་འཕྲོས་ཏེ།མཚོ་མོ་རང་ལོ་བཅུ་བདུན་སྟེང་གནས་ལ་འགྲོ་དགོས་བྱུང་བ་དང་“ང”ཡིས་སློབ་ཆེན་དུ་རྒྱུགས་འཕྲོད་སོང་།དེ་ནས་བཟུང་ཕན་ཚུན་བར་གྱི་འབྲེལ་བའི་སྐུད་སྣེ་ཆད་པར་གྱུར།ང་ཡིས་མཐོ་དབུས་མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་ཞིག་ཏུ་བཅར་འདྲི་བྱེད་སྐབས་ཁོས་བླངས་པའི་པར་རིས་ཤིག་ལས་མཚོ་མོ་ངོ་ཤེས་ཤིང་།གྲོགས་པོ་བརྒྱུད་དེ་ཐབས་སྣ་ཚོགས་ཀྱིས་མཚོ་མོ་རྙེད་པར་མ་ཟད།ནམ་གང་པོར་ཁོ་གཉིས་ཀྱིས་འདས་དོན་རྗེས་དྲན་དང་།ལྷག་པར་དུ་མཚོ་མོའི་མི་ཚེ་ཡི་སྐྱོ་གར་རིང་མོ་ཕྱིར་དྲན་ཐེངས་ཤིག་བྱས།མཚོ་མོའི་དེང་ཐོག་གི་ཁྱོ་ག་ནི་བརྩེ་དུང་ལྡན་ལ་ལས་ལ་བརྩོན་པའི་ཁྱོ་ག་ཡ་རབས་ཤིག་ཡིན།ཐེངས་ཤིག་ཁ་བ་བབས་ཡོད་པར་སྣང་དོགས་ཙམ་ཡང་མ་བྱས་པར་རྡོ་སོལ་འདྲུད་དུ་སོང་བས་འཁོར་བགེག་གིས་ཚེ་ལས་འདས།ཁྱོ་ག་གཉིས་པ་རྡོ་རྗེ་ནི་མི་དྲང་མོ་མདའ་འདྲ་བ་ཞིག་ཡིན་ཡང་།སྒྱུག་མོ་དང་གཏན་ནས་མཐུན་པོ་མ་ཡོང་བའི་ཁར་སྒྱུག་མོ་ཁོང་ཁྲོ་ངང་ཚེ་ལས་འདས་རྗེས།དེ་ཚང་གི་མྱི་ཁ་མ་བཟོད་པར་གཉེན་འཐོར་བྱས།ཁྱོ་ག་གསུམ་པ་དེའི་མིང་ལ་ཀླུ་བྷ་ཟེར།ཀླུ་བྷས་དང་ཐོག་གྲོང་རྡལ་དུ་ཁང་བ་གྱན་གཉིས་གླས་ཏེ་སྟེགས་གྲུག་ཁང་ཞིག་གཉེར།ཡོང་སྒོ་ཡང་ཧ་ཅང་བཟང་།དེའི་འཕྲོར་ཁོས་“ཉིའུ་ཐིག”ཅིག་ཉོ་རྒྱུ་ཟེར་ནས་ཉོས་ཤིང་།དེ་ནས་བཟུང་ཡར་མར་ལ་རྒྱུགས་རྒྱུ་ཇེ་མང་དུ་སོང་བ་དང་།ཡུལ་ལ་ལོག་རྒྱུ་ཇེ་ཉུང་དུ་སོང་།སྐད་འཕྲིན་བརྒྱུད་དེ་ས་འདིའི་ཚོང་བ་ཆེན་པོ་གསེར་སོའི་ཆུང་མ་པད་མཚོ་ངོ་ཤེས་སུ་གྱུར།ཉིན་ཞིག་པད་མཚོ་དང་ཁོ་གཉིས་ས་འདིའི་མགྲོན་ཁང་རྩེ་གྲས་མཱ་ཀྱ་མགྲོན་ཁང་དུ་དགའ་བདེར་རོལ་དུས་གསེར་སོས་མི་མང་པོ་ཁྲིད་ཡོང་སྟེ་ཀླུ་བྷར་གཅར་རྡུང་བྱས་ཏེ་འགུལ་མེད་དུ་བཏང་བ་དང་།གསེར་སོས་ཁེ་གྲི་ཞིག་ཁྱེར་ཡོང་ནས་ཀླུ་བྷའི་ཕོ་མཚན་སག་གེར་གཏུབས།ཕོ་མཚན་བཅད་ཤུལ་དུ་ཁྲག་མང་པོ་བཞུར་བའི་རྐྱེན་གྱིས་ཚེ་ལས་འདས།ཡུགས་མོར་ཐེངས་གསུམ་པར་གྱུར་རྗེས་སྡེ་བ་འདིའི་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་རྡལ་སྲིད་གཞུང་གིས་མོ་རང་སྤྱི་ཕན་རང་བཞིན་གྱི་ལས་རྐང་ནང་བཞག་སྟེ་ཁོར་སྲུང་བའི་ལས་ཀ་འདི་བཀོད་སྒྲིག་བྱས་པ་རེད།

  9 རིག་རྒྱམ་བྱིས་སྒྲུང་དཔེ་ཚོམ།《ཙིག་ཕྲུག་གི་ཉེན་ཁའི་ཟིན་ཐོ།》ཤོག་ངོས174བྱོན། རིག་ལྡན་རྒྱ་མཚོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོའི་པར་མ།

  [ནང་དོན་གནད་བསྡུས།]《ཙིག་ཕྲུག་ཅིག་གི་ཉེན་ཁའི་ཟིན་ཐོ།》ཞེས་པ་འདི་ནི་ལེའུ་བཅུ་གསུམ་ཡོད་པའི་བྱིས་སྒྲུང་ཞིག་ཡིན།གཏམ་རྒྱུད་ཀྱི་ནང་དོན་གཙོ་བོ་ནི་གནའ་སྔ་མོ།བོད་ཁམས་ལ་གནོད་སྦྱིན་ནག་པོས་དབང་བསྒྱུར་ནས་འབངས་མི་སེར་ཀུན་སྡུག་བསྔལ་གྱིས་མནར་བའི་དུས་དེ་ཙ་ན།དཔའ་མཛངས་གཉིས་ལྡན་གྱི་ན་གཞོན་ཞིག་གིས་འབངས་མི་སེར་གྱི་སྣ་དྲངས་ཏེ་གྱེན་ལོག་བྱས་ནས་གནོད་སྦྱིན་ནག་པོའི་དབང་བསྒྱུར་མགོ་རྟིང་སློགམི་སེར་ཀུན་གྱིས་ཁོ་རྒྱལ་པོར་བཀུར།མིང་ལའང་མངའ་བདག་ཅེས་བཏགས་ཏེ་ངོ་སོ་རབ་ཏུ་བསྟོད་དོ།།

  དུས་སྐབས་དེར་གནོད་སྦྱིན་ནག་པོའི་རིགས་ཀྱིས་དབང་བསྒྱུར་སྐབས་གྲུ་འཛིན་གྲོང་ཁྱེར་དུ་སྡོད་མ་ཚུགས་པརབྱེས་སུ་སོང་བའི་ཙི་གུ་རྣམས་ཀྱིས་རྒྱལ་ཁམས་བདེ་ལ་བཀོད་པ་ཐོས་ནས།ཕྱིར་རང་གི་ཕ་ཡུལ་དུ་ལོག་པའི་སྟ་གོན་བྱེད།ཙིག་ཕྲུག་མིག་དམར་དང་གྱད་ཐུང་གཉིས་གྲུ་འཛིན་གྲོང་ཁྱེར་དུ་ཕོ་ཉར་མངགས།དེ་གཉིས་ཀྱིས་ལམ་གྱི་འཇིགས་སྐྲག་དང་དཀའ་བ་མཐའ་དག་ཁྱད་དུ་བསལ་ཏེ།ས་འོག་ཁུང་ལམ་རིང་མོ་བརྒྱུད་སྐབས་ཙི་གུའི་དཔོན་པོས་སྣེ་ལེན་བྱས་ཤིང་།ཙིག་ཕྲུག་ཉི་མ་ལམ་པར་མངགས།གནོད་སྦྱིན་ནག་པོའི་བསྟི་གནས་སུ་སྲས་མོ་ཤེལ་དཀར་ཚེ་སྒྲོན་བསྐྱབས་ཤིང་།གྲུ་འཛིན་གྲོང་ཁྱེར་དུ་ལྷགས་ཏེ།སྲས་མོ་ཡབ་ཡུམ་གཉིས་དང་འཕྲད་ཅིང་།ཙི་གུའི་ཕོ་ཉས་གཞུང་དོན་ཞུས་པ་བཞིན་མངའ་བདག་ཆེན་མོས་ཡུལ་གྱར་ཙི་གུའི་ཚོགས་ཕྱིར་ལོག་ཆོག་པའི་བཀའ་གནང་།དེ་ནས་ནང་རུལ་བློན་པོ་ཁྲིམས་ལ་སྦྱར་ཞིང་བྱི་ལ་མིག་ཡས་གཙང་པོར་བསྟིམས།ཙིག་ཕྲུག་མིག་དམར་དང་གྱད་ཐུང་གཉིས་ཀྱི་ཕོ་ཉའི་བྱ་བ་ལེགས་པོར་གྲུབ་པ་དང་།མངའ་བདག་ཆེན་མོས་གནོད་སྦྱིན་ནག་པོའི་ཡུལ་ལ་གཡུལ་བཤམས་ཤིང་།ཙི་གུའི་དམག་རོགས་གཡུལ་དུ་སླེབས་ཏེ།གནོད་སྦྱིན་ནག་པོའི་མུན་བསྐལ་མཇུག་རྫོགས་པར་བྱས་སོ།།

  10གངས་དབང་གི་མུ་འབྲེལ་རིག་གནས་ལྷུག་རྩོམ་དེབ་དང་པོ།《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཤོག་ངོས263བྱོན། གངས་དབང་གིས་བརྩམས།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2021ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་འདིའི་ནང་དུ་བསྡོམས་པས་ཡུལ་སྐོར་ཟིན་ཐོ་ཁག་བཅུ་བདུན་བསྡུས་འདུགརྩོམ་པ་པོས་ཟིན་ཐོ་འདི་དག་རིག་གནས་མིའི་རིག་པའི་མཐོང་སྣེ་སྤྱད་དེ་བྲིས་པས།སྤྱིར་བཏང་གི་ཟིན་བྲིས་ཙམ་ལས་བརྒལ་ཏེ།རིག་གནས་ཤིག་དང་ལོ་རྒྱུས་ཤིགཡང་ན་རང་གི་མྱོང་བ་དང་ཚོར་བ་དེ།འདུ་ཤེས་ཤིག་དང་འགན་འཁྲི་ཞིག་གི་ངོས་ནས་མངོན་པར་བསྟར་བས་བརྩམས་ཆོས་ཀྱི་རིན་ཐང་ཚད་ངེས་ཅན་ཞིག་ལ་སླེབས་འདུག་ཅེས་སྨྲས་ཀྱང་དོན་མེད་ཀྱི་འུད་བསྟོད་ཙམ་མ་ཡིན།རིག་གནས་ཀྱི་རྒྱབ་ལྗོངས་ཡོད་པའི་ལྷུག་རྩོམ་འདི་དག་གིས་ཁྱོད་ལ་རི་ཆུའི་རིག་གནས་ཤིག་དང་།རིག་གནས་དེ་དག་གི་བདག་པོ་ཡིན་པའི་མི་རབས་མང་པོ་ཞིག་གི་སྐྱིད་སྡུག་གི་ལོ་ཟླ་གསེད་འཀྲོལ་བྱས་འདུགརྩོམ་པོ་པོའི་སྨྱུག་ཁ་བསྐོར་སྟངས་དང་སྐད་ཆ་བཤད་སྟངས།ཡང་ན།མིང་དང་མིང་གི་བར་དང་།ཚིག་དང་ཚིག་གི་བར་ནས་དེབ་འདིའི་དགེ་མཚན་དུ་བརྩི་རིགས་པའི་ནང་སེམས་ཀྱི་རོལ་དབྱངས་སྙན་མོ་དེས་ཁྱོད་ལ་འཇིག་རྟེན་མཆོད་བསྟོད་ཀྱི་གོ་བརྡ་གཞན་ཞིག་སྤྲོད་ངེས།ལོ་རྒྱུས་ཞིབ་འཇུག་པ་ཞིག་ལ་མཚོན་ན།དེབ་འདིའི་ནང་དུ་ས་གནས་ཀྱི་ལོ་རྒྱུས་རྒྱུ་ཆ་མང་པོ་ཞིག་ཕྲེང་བར་སྤེལ་ཡོད་ལ།རྩོམ་རིག་པ་ཞིག་ལ་མཚོན་ན།དེབ་འདིའི་ནང་ཚོར་བས་ཟིན་པའི་ཡི་གེ་མང་པོ་ཞིག་གིས་རང་གི་འདོད་པ་ལྟར་གྱི་སྐད་ཆ་ཞིག་བཤད་བཞིན་ཁྱོད་ཀྱི་སེམས་ལ་ལག་སྙོབ་བྱེད་ཀྱིན་འདུག

  11འཛམ་གླིང་སྙན་ངག་ཉིང་བཏུས《རྡོ་ཉི་མ》ཤོག་ངོས308བྱོན། ལྡོང་བུས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། 2022ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་ཆུང་འདིའི་ནང་ཨོག་ཋ་ཝིའོ•ཕ་སི་ཡི་སྙན་ངག་རིང་མོ《རྡོ་ཉི་མ》གཙོས་སྙན་ངག་པ་བཅུ་གཅིག་གི་ཅུང་ཚད་མར་འཛིན་པའི་སྙན་ངག་བརྒྱ་དང་བཞི་བཅུ་ལྷག་བསྒྱུར་ནས་བཀོད་འདུགསྒྱུར་པ་པོས་སྙན་ངག་དེ་དག་བསྒྱུར་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསྒྱུར་ཡོད་ཅིང་།དོན་དང་ཚིག་གི་རོ་ཉམས་ཕུན་སུམ་ཚོགས་པས་བོད་ཀྱི་རྩོམ་རིག་གསར་རྩོམ་དང་།ལྷག་པར་དུ་སྙན་ངག་རིག་པའི་སྐྱེད་ཚལ་དུ་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་གསར་བ་ཞིག་འཁྲུངས་པ་རེད།ལོ་ཙྭ་བ་རང་ནས“དུས་ཀྱི་ཆ་ནས་ཝིད་མན་ནི་དུས་རབས་བཅུ་དགུ་དང་།གཞན་དག་ནི་དུས་རབས་ཉི་ཤུ་བར་གཏོགས།སྙན་ངག་རྩོམ་སྟངས་ཀྱི་ཆ་ནས་ཝིད་མན་དང་།ཐེ་གྷོར།ཡེ་ཚི་གསུམ་ནི་འཆར་ཡན་རིང་ལུགས་དང་མཚོན་བྱེད་རིང་ལུགས།ནེ་རུ་ཌ་ནི་མཚོན་བྱེད་རིང་ལུགས།ཋོ་མ་སི•ཐྲན་སི་ཐྲོ་མེར་དང་ཕ་སི་ནི་དངོས་ཡོད་ལས་བརྒལ་བའི་རིང་ལུགས་དང་།ཡིད་བརྙན་གྲུབ་མཐའ་རུ་བགྲང་རུང་།མི་ཝོ་ཧྲི་དང་།ཤེམ་བྷོར་སི་ཁ།བྷོར་ཧེ་སི།བྷི་རོད་སི་ཀེ་བཅས་ལ་མི་ཕལ་བ་ཞིག་གིས་ཁ་བརྡ་བྱེད་པའི་རྩོམ་སྟངས་ཤིག་ཡོད་མོད།དེ་ལའང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་ཞིང་།དེ་ལས་ལྡོག་སྟེ་ཝལ་ཁོད་དང་ཐྲན་སི་ཐྲོ་མེར་གྱིས་བརྗོད་དོན་གབ་ཅིང་བསྡུས་ནས་སྟོན་ལ།ཕ་སི་ནི་སེམས་ཤུགས་དང་བརྩེ་གདུང་གིས་ཀུན་ནས་ཕྱུག་པ་ཡིན”ཟེར།

  དེབ་འདིའི་ནང་གི་ཝིད་མན་དང་བྷོར་ཧེ་སི་གཉིས་ཕུད།སྙན་ངག་པ་གཞན་པ་ཚང་མར་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མྱོང་།

  12《ཧྲང་ཧའེ་རུ་བསྐྱོད་པའི་མཐོང་ཐོས།》ཤོག་ངོས193བྱོན། བསོད་ནམས་པདྨས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2021ལོའི་པར་མ།

  [ནང་དོན་གནད་བསྡུས།]འདི་ནི་བོད་ལྗོངས་གཞིས་ཀ་རྩེ་ཡི་བོད་རིགས་གཞོན་ནུ་ཞིག་ཧྲང་ཧའེ་རུ་ཉིན14རིང་གི་དངོས་སྦྱོངས་བརྒྱུད་པའི་ཟིན་བྲིས་ཤིག་ཡིན།རྩོམ་པ་པོས་རང་ཉིད་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཡུལ་དང་།ཤར་ཕྱོགས་མུ་ཏིག་ཐོག་ཁང་།ཝེ་ལན་མཛེས་ལྗོངས།ཀྲུང་ཧྭ་སྒྱུ་རྩལ་ཕོ་བྲང་།ཧྲང་ཧའེ་དཔེ་མཛོད་ཁང་།ཧྲང་ཧའེ་དཔེ་གྲོང་།ཧྲང་ཧའེ་སྒོ་དབྱེ་སློབ་ཆེན་མ་སློབ།ཧྲང་ཧའེ་སྒོ་དབྱེ་སློབ་ཆེན་བུ་སློབ།ཧེ་ཉིང་ཀོ་གྲོང་།ཡུས་ཡོན་ཁྲོམ་གཞུང་།ཨོ་ཏ་ལེ་སི་ཚོང་གྲོང།གནའ་གྲོང་ཀྲུའུ་ཅཱ་ཅོ་སོགས་ལ་ལྟ་སྐོར་དང་དེ་གའི་རྨང་གཞིའི་འཛུགས་སྐྲུན་གཙོས།འཆམ་མཐུན་དང་དཔལ་ཡོན་མཐོང་བས།ཡིད་སེམས་དབང་མེད་དྲངས་ཤིང་།ཕྱིར་ཕ་ཡུལ་དུ་ལོག་སྟེ་ཕ་ཡུལ་འཛུགས་སྐྲུན་ལ་རང་ནུས་ཡོད་དགུ་འབུལ་བའི་ཆོད་སེམས་བརྟན་ཡོད།

  13《བསམ་བློའི་སྙིང་སྟོབས།》ཤོག་ངོས290བྱོན། མ་ཁམ་ཨེ་ཀེ་སི་སོགས་ཀྱིས་བརྩམས། འཇམ་དབྱངས་ནོར་བུ་སོགས་ཀྱིས་བསྒྱུར། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2016ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་འདིའི་ནང་དུ་ཨེ་ཟེ་རལ་གྱི་རང་བཙན་འཐབ་རྩོད་དང་།དཀའ་ཉོག་འདི་ནི་ཨ་རི་ཁོ་ནའི་དཀའ་ཉོག་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་དཀའ་ཉོག་རེད་ཅེས་པ་དང་།འདི་ནི་ཀིང་གི་སྐུ་ཚེའི་ལོ་རྒྱུས་དང་ཁོང་གི་ཕུགས་བསམ་རེད་སོགས་རྩོམ་ཡིག་བརྒྱད་བསྡུས་འདུགརྩོམ་ཡིག་དེ་དག་གིས་ཟུར་ངོས་མི་འདྲ་བ་ནས་རང་ཉིད་ལ་ཕུགས་བསམ་ཞིག་དང་སྙིང་སྟོབས་ཤིག་དགོས་པ་རྩལ་དུ་བཏོན་ཏེ།མི་ཚེའི་ལེགས་འགྲུབ་ནི་ནམ་ཡང་ཕྱིར་བཤོལ་མེད་པའི་བརྩོན་འགྲུས་ལ་རག་ལས་ཚུལ་རྒྱས་བཤད་བྱས་འདུག

  14སྒྲུང་རིང《སྦལ་པ།》ཤོག་ངོས598བྱོན། མོའོ་ཡན་གྱིས་བརྩམས། རྒན་གོང་ཨོ་རྒྱན་རྡོ་རྗེས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2018ལོའི་པར་མ།

  [ནང་དོན་གནད་བསྡུས།]འདི་ནི་ནོའོ་པེར་རྩོམ་རིགས་བྱ་དགའ་ཐོབ་པའི་རང་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་མོའོ་ཡན་གྱི་སྒྲུང་རིང་ཞིག་ཡིན།སྒྲུང་རིང་འདིའི་ནང་དུ་སྦལ་པ་ཞེས་པའི་སྲོག་ཆགས་ཤིག་གི་ངོས་ནས་གཏམ་རྒྱུད་རྒྱུན་བསྲིངས་འདུགསྦལ་པ་ནི་རྒྱའི་དམངས་ཁྲོད་དུ་སྐྱེ་འཕེལ་དང་དད་མོས་ཀྱི་གདོད་མའི་མཚོན་རྟགས་ཤིག་ཡིན་པར་མ་ཟད།དེ་ནི་བུ་ཕྲུག་སྐྱེ་གསོ་མང་དུ་བྱས་ཏེ་མི་རྒྱུད་མཚམས་མི་ཆད་པར་སྤེལ་བའི་མཚོན་རྟགས་ཤིག་ཀྱང་ཡིན་ལ།མི་གཟུགས་གྲུབ་པའི་ཁམས་དཀར་དམར་དེ་སྦལ་གཟུགས་གྲུབ་པའི་ལྕོང་མོའི་དབྱིབས་དང་འདྲ་བའམ།འབྲེལ་བ་རྒྱུ་མཚན་དུ་བྱས་པ་ཞིག་ཀྱང་ཡིན་པར་སྣང་།

  སྒྱུར་པ་པོ་ན་རེ“བརྩམས་སྒྲུང་འདིས་བུ་བཙའ་ཚན་ཁག་ཏུ་ལས་དོན་ལོ་ངོ་ལྔ་བཅུ་ལྷག་ལ་བསྒྲུབས་པའི་གྲོང་གསེབ་ཀྱི་བུད་མེད་སྨན་པ་ཨ་ནེའི་མི་ཚེའི་བྱུང་བ་བརྗོད་པ་བརྒྱུད་གསོན་ཉམས་ལྡན་ལ་མི་སེམས་འགུལ་བའི་ཞིབ་ཆའི་ཐོག་ནས་ཀྲུང་གོ་གསར་པའི་ལོ་ངོ་དྲུག་ཅུ་ལྷག་ཙམ་གྱི་ནང་རྦ་རླབས་འཕྱུར་འཇགས་ལྟ་བུའི་ཞིང་གྲོང་གི་བུ་བཙའི་ལོ་རྒྱུས་མཚོན་པར་བྱས་པ་དང་།རྒྱལ་ཁབ་ཀྱི་མི་འབོར་ཕོན་ཆེན་འཕར་བར་ཚོད་འཛིན་བྱེད་ཆེད་འཆར་ལྡན་བུ་བཙའི་རྒྱལ་ཇུས་ལག་བསྟར་བྱས་ཏེ།གང་དེས་བརྒྱུད་པའི་དཀའ་ཚགས་དང་རྙོག་འཛིང་གི་ལོ་རྒྱུས་བརྒྱུད་རིམ་ཞིབ་བརྗོད་བྱས་ལ།ཕྱོགས་མཚུངས་དེང་རབས་ཀྱི་ཤེས་ཡོན་ཅན་ཚོའི་གནས་བབས་ཞན་ཅིང་ཉམ་ཆུང་གི་རྣམ་ཤེས་ལའང་དབྱེ་ཞིབ་བྱས་ཡོད།བརྩམས་སྒྲུང་རིང་པོ་འདི་འཁྲབ་གཞུང་རྩོམ་པ་པོ་ལྕོང་མོས་ལྗར་པན་གྱི་རྩོམ་པ་པོ་ཧྲན་ཀུའུ་དབྱི་རན་ལ་སྤྲིངས་པའི་འཕྲིན་ཡིག་རིང་པོ་བཞི་དང་།གཏམ་རྒྱུད་ཟློས་གར་གྱི་འཁྲབ་གཞུང་གཅིག་གིས་གྲུབ་ཅིང་།འདི་ནི་རྩོམ་པ་པོས་གྲ་སྒྲིག་ལོ་ངོ་བཅུ་ལ་བྱས་པ་དང་།རྩོམ་འབྲི་ལོ་ངོ་བཞི་བྱས་པ།བསྐྱར་འབྲི་ལན་གསུམ་བྱས་པ་སྟེ།རང་རྒྱལ་གྱི་མིའི་རྣམ་ཤེས་ཀྱི་ན་ཟུག་ཆེ་ཤོས་ལ་རེག་པའི་བརྩམས་སྒྲུང་གྲགས་ཅན་ཞིག་ཡིན།”པར་བརྗོད་དོ།།

  15《ཁྲོ་བའི་མེ་དཔུང་འཇོམས་པའི་ཤེས་རབ།》ཤོག་ངོས381བྱོན། གནས་བརྟན་ཐིག་ནན་ཧྭན་གྱིས་མཛད། བསོད་ནམས་རྒྱལ་གྱིས་དབྱིན་ཡིག་ལས་བསྒྱུར། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།2020ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་འདིའི་ནང་དུ་ཁོང་ཁྲོ་ཟས་སུ་བསྟེན་པའི་སྐྱོན་དང་ཁོང་ཁྲོའི་མེ་ལྕེ་འཇོམས་པ།བརྩེ་བ་ངོ་མའི་སྐད་ཆ་སོགས་བསྡོམས་པའི་ལེའུ་བཅུ་གཅིག་དང་།དྲན་ཤེས་དང་ལྡན་པའི་སྦྱོང་བརྡར་ལྔ་ཞེས་པའི་ཟུར་བཀོད་རྩོམ་ཡིག་གཅིག་བཅས་ཀྱིས་གྲུབ་ཡོད།དེབ་འདིའི་ལོ་ཙྭ་བས་མཚམས་སྦྱོར་བྱས་པ་ལྟར།དེབ་འདིའི་བརྗོད་བྱ་གཙོ་བོ་ནི།དྲན་པ་མཉམ་བཞག་གི་ཉམས་ལེན་ལ་བརྟེན་ནས་ཁོང་ཁྲོ་གཙོས་པའི་མི་དགེ་བའི་བློ་རྣམས་བཅོས་ཚུལ་གྱི་སྐོར་ཡིན།དེ་ཡང་ཉིན་རེའི་འཚོ་བ་དངོས་ཀྱི་ཁྲོད་ཁོང་ཁྲོ་སོགས་ཀྱིས་བསླངས་པའི་དཀའ་ངལ་གྱི་དཔེ་མཚོན་དུ་མ་ལེགས་པར་དྲངས་ཏེ།དཀའ་ངལ་དེ་དག་སེལ་ཐབས་དང་།ཁོང་ཁྲོ་སྐྱེ་ཚུལ།དེར་བྱ་ར་བྱེད་སྟངས།གཞན་ལ་ཉན་ཐབས།གནད་དོན་ལ་ཞིབ་མོར་དཔྱད་ཐབས།ད་དུང་ཁོང་ཁྲོའི་དབང་གིས་རང་གཞན་ཀུན་སྡུག་ལ་སྦྱོར་ཚུལ།མདོར་ན།ཉིན་རེའི་འཚོ་བའི་ཁྲོད་དྲན་ཤེས་དང་ལྡན་པའི་སྒོས་གནས་ཐབས་དང་།དེའི་ཕན་ཡོན་བཅས་ཀྱི་སྐོར་སློབ་གསོའི་རྣམ་པའི་ཐོག་ནས་གསུངས་ཡོད་པ་ཞིག་ཡིན།དེར་བརྟེན།མི་དང་མིའི་ཁ་ཐག་རིང་དུ་འགྲོ་བའི་དུས་སྐབས་འདིར་།དཔེ་ཆ་འདི་ནི་ཁ་ཐག་དེ་སྟུང་མཁན་གྱི་ཟམ་ཆེན་ཞིག་ཡིན་ཞེས་ཕལ་ཆེར་བརྗོད་ཆོག་པར་སྙམ།

  16《དུས་མཐའི་འཁྱམ་སྐྱོད།》སྟོད་ཆ། སྨད་ཆ། ཤོག་ངོས489བྱོན། འབྲོག་སྐྱ་བོས་བརྩམས། རྒྱལ་སྤྱིའི་ཀློག་དེབ་དཔེ་སྐྲུན་ཁང་། 2022ལོའི་པར་མ།

  [ནང་དོན་གནད་བསྡུས།]འདི་ནི་ཡུལ་སྐོར་ཟིན་ཐོའི་རིགས་སུ་གཏོགས་པའི་དེབ་ཅིག་ཡིན།དེབ་འདིའི་ནང་དུ་ལམ་ལ་འབུད་ཁའི་གཏམ་ཞེས་པ་ནས་ཟི་ལིང་དང་སྐུ་འབུམ།མདོ་ལ།ཁྲི་ཀརྫ་ཆུ་ཁ་བ།བུན་རྫོང་།ཆུ་ཆེན།རོང་བྲག་སོགས་ས་ཆ་ལྔ་བཅུ་ལྷག་ལ་འཁྱམ་སྐྱོད་བྱས་པའི་སྐོར་བཀོད་འདུགརྩོམ་པ་པོས་ཁེར་རྐྱང་གི་ངལ་བ་དང་དུ་བླངས་ཏེ།བོད་ཡུལ་གྱི་རི་ཆུ་དང་སྡེ་བ་ཚོ་བ།དགོན་པ་དང་གནའ་ཤུལ་སོགས་མང་པོ་ཞིག་བསྐོར་ཞིང་།ས་ཆ་གང་ཞིག་ལ་ཐོན་ན་དེ་གའི་རི་ཆུ་ནགས་གསུམ་དང།ཡུལ་སྲོལ་གོམས་གཤིས།སྐད་ཆ་དང་ཆ་ལུགས།ཐ་ན་གྱོན་པ་གྱོན་ལུགས་ཚུན་ཆད་ནས་ངོ་སྤྲོད་ཅུང་ཞིབ་རྒྱས་ཤིག་གནང་འདུགརྩོམ་པ་པོའི་རིག་ལམ་གསལ་ཞིང་ཡུལ་མང་པོའི་ནང་གི་ཉུང་ཉུང་ཡིན་པའི་ཡུལ་དངོས་ཀྱི་བཅར་འདྲིའམ།རྒྱུ་ཆ་རྣམས་ནི་ཁ་གསལ་ཞིང་གོ་བདེ་ལ།ས་གནས་ལོ་རྒྱུས་ཞིབ་འཇུག་པ་ཞིག་ལ་མཚོན་ན་སྤྱོད་གོ་ཆོད་པའི་རྒྱུ་ཆ་ཤ་སྟག་གམ།མ་མཐའ་ཡང་ཟུར་ལྟའི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཏུ་གདེང་ཚོད་ལྡན་པར་སྨྲས་ཆོག་སྙམ།ད་དུང་འཁྱམ་སྐྱོད་འདིའི་ནང་དུ་རྩོམ་པ་པོ་ཁོ་རང་གི་མི་དང་མིའི་བར་གྱི་འབྲེལ་བ་དང།རང་གི་མི་རིགས་དང་རིག་གནས་ལ་ཤ་ཞེན་ཆེ་བའི་ཆགས་སྡང་མངོན་པར་གསལ་བས་ཀློག་རིན་ཞིག་དང་བསམ་རིན་ཞིག་འདུག་ཅེས།གོ་བའི་ཡུལ་ལ་བརྡ་དང་།མ་གོ་བའི་ཡུལ་ལ་སྐད་ཅིག་བསྐུར་བ་ཡིན།

  17《རྗེ་བཙུན་མི་ལ་རས་པའི་རྣམ་པར་ཐར་བ་ཉི་ཟླའི་འོད་ཟེར་སྒྲོན་མ་ཞེས་བྱ་བ་བཞུགས་སོ།》ཤོག་ངོས199བྱོན། དགེ་སློང་ཞི་བྱེད་རི་ཁྲོད་པས་མཛད། ཡུན་ནན་རིག་གནས་སྒྱུ་རྩལ་དཔེ་སྐྲུན་ཁང་། 2022ལོའི་པར་མ།

  [ནང་དོན་གནད་བསྡུས།]རྣམ་ཐར་འདི་མཛད་པ་པོ་དགེ་སློང་ཞི་བྱེད་རི་ཁྲོད་པ་ནི་དུས་རབས་བཅུ་གསུམ་པའི་ཤིང་སྤྲེལ་ལ་འཁྲུངས་ཤིང་བཅུ་བཞི་བའི་ཤིང་སྦྲུལ་ལ་ཞི་བར་གཤེགས་པ་ཡིན་འདུགཁོང་གིས་མི་ལ་རས་པར་ནང་རྒྱུས་ཆེ་བ་ནི་རྒྱ་བོད་གཉིས་ཀར་ཁོ་བོ་ལས་མེད་ཅེས་ཐུགས་ཁེངས་བྱེད་ཅིང་།མི་ལའི་རྣམ་ཐར་མི་འདྲ་བ་བརྒྱ་དང་ཉི་ཤུ་རྩ་བདུན་ཞིག་མཐོང་མྱོང་སྐད་དུ་གསལ་ལ།རྣམ་ཐར་འདི་རྩོམ་དུས་རྗེ་བཙུན་མི་ལ་མྱ་ངན་ལས་འདས་ནས་མི་ལོ་ཉིས་བརྒྱ་རེ་དགུ་སོང་མཚམས་ཆུ་མོ་གླང་གི་ལོ་འདིས་འགྲོ་བར་འདུག་ཅེས་ཞལ་བཞེས་ཤིན་ཏུ་གསལ་པོར་གནང་འདུགརྗེ་བཙུན་མི་ལ་རས་པ་ནི་རབ་བྱུང་དང་པོའི་ལྕགས་འབྲུག(༡༠༤༠)ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་ཡུལ་གུང་ཐང་གི་སྐྱ་རྔ་རྩ་རུ་སྐུ་འཁྲུངས།ཁོང་སྐུ་འཁྲུངས་ནས་ཡུན་རིང་མ་སོང་བར་ཡབ་སྐུ་གཤེགས་པ་དང་།ཨ་ཁུ་ཨ་ནེས་ཁོང་ཚང་གི་རྒྱུ་ནོར་དང་ས་ཞིང་བདག་འཛིན་བྱས་ཤིང་།མ་བུ་གཉིས་ལ་སྡུག་པོ་ཚད་མེད་བཏང་།དེ་རྗེས་ཡུམ་གྱི་བཀའ་བཞིན་མཐུ་བསླབས་ནས་འཁོན་ཀླན་པར་མི་མང་པོ་བསད།ཕྱིས་སུ་ལྷོ་བྲག་ཏུ་ཕེབས་ཏེ་མར་བ་ལོ་ཙྭ་བ་ཆོས་ཀྱི་བློ་གྲོས་སོགས་བསྟེན་ནས།དཀའ་སྤྱད་དང་སྙིང་རུས་ཆེན་པོས་སྡིག་སྒྲིབ་སྦྱོང་བ་དང་།དབང་དང་གདམས་ངག་མང་པོ་ཞུས་ཤིང་གནས་ངེས་མེད་དུ་སྒོམ་སྒྲུབ་མཛད།སྣོད་ལྡན་གྱི་བུ་སློབ་མང་པོ་བསྐྱངས་ཤིང་།སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས།མཐར་སྲས་མཆོག་སྒམ་པོ་བ་ལ་བསྟན་པ་གཏད་དེ་དགུང་ལོ་གྱ་བཞི་བ་རབ་བྱུང་གཉིས་པའི་ཆུ་ཡོས(༡༩༢༣)ལོར་ཞི་བར་གཤེགས།དངོས་སློབ་ལ་བུ་ཆེན་གྲུབ་ཐོབ་ཆེན་པོ་ཕོ་མོ་ཉི་ཤུ་རྩ་ལྔ་བྱུང་།དགེ་སློང་ཞི་བྱེད་རི་ཁྲོད་པས་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་འདི།དང་པོ་འཁོར་བ་ལ་སྙིང་པོ་མེད་པར་གཟིགས་པའི་ཡོན་ཏན།གཉིས་པ་ཏིང་ངེ་འཛིན་ཤར་བའི་ཡོན་ཏན།གསུམ་པ་དཀའ་བས་གཏུམ་མོ་བདེ་དྲོད་འཕྲོད་པའི་ཡོན་ཏན།བཞི་བ་ཟས་གོས་འདུན་པ་རང་གྲོལ་བའི་ཡོན་ཏན།ལྔ་བ་ཉམས་མྱོང་བདེ་བ་ཤར་བའི་ཡོན་ཏན་བཅས་བསྡོམས་པས་ཆེ་བའི་ཡོན་ཏན་བཅུ་བདུན་གྱི་སྒོ་ནས་རྒྱས་པར་བཀྲལ་འདུག་ལ།ཁོང་གིས“དོན་ཧྲིལ་གྱིས་དྲིལ་ན།བླ་མ་མིད་ལ་རས་ཆེན་གྱི་སྐུ་ཚེ་གང་ལ།ཞབས་ཀྱི་གོམ་པ་གང་དུ་བྱོན་པ་དང་།གསུང་ཚིག་གཅིག་གང་དུ་བྱོན་པ་རྣམས་ལ།ལྷག་ལུས་ཀྱི་སྐྲའི་རྩེ་མོ་ཙམ་ཅིག་ཀྱང་མ་ལུས་པར་གཡུང་སྟོན་ཞི་བྱེད་རི་ཁྲོད་པ་བདག་གིས་ཡི་གེར་བཀོད་ནུས་པ་ཡོད་དོ།”ཞེས་ཐུགས་ཁེངས་ཀྱང་བྱེད་ལ།རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེ་དེ“སྐུ་ལུས་གྲུ་བཞི་ལ་སྐུ་བོངས་རིང་རྒྱུ་ཙམ་མེད་ལ།ཞལ་རས་ཁྱིལ་ལེ་བ་ཤངས་ལེབ་ལེབ།སྤྱན་དཀྱུས་ཕྲ་སེབ་ལ་སྤྱན་རྩ་དམར་ཚིལ་ལེ་བ།དབུའི་སྐྲ་མཚམས་ཡར་ལ་ཞུར་བག་ཙམ་ཡོད་ལ།ཚེམས་ཟུར་དུ་སྔོ་རྩལ་དཀར་སེ་བ།ཞལ་གྱི་གཡས་གཡོན་སྟེང་ན་སྨེ་བ་སྲན་མ་ཕྱེད་ཙམ་ཡོད་པ།དབུ་སྐྲ་ར་ཙ་པ་ཁྲིན་བུངས་ས་ལེབ་ནག་ལ་སྨུག་པ།སྐུ་ཤ་སྔོ་སྨུག་ལ་དམར་བའི་མདངས་ཆགས་པ།”ཞེས་དེང་སང་གི་སྒྲུང་གཏམ་འབྲི་ལུགས་ལྟར་མི་སྣ་ཞིབ་འབྲི་བྱས་པའང་ཧ་ཅང་ཞིབ་ཚགས་ཡིན་ནོ།།

  18《སྔགས་རིམ་ཆེན་མོ།》ཤོག་ངོས943བྱོན། རྗེ་ཙོང་ཁ་བས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་དཔེ་སྐྲུན་བྱས། 2016ལོའི་པར་མ།

  [ནང་དོན་གནད་བསྡུས།]གཞུང་འདིའི་ཁ་བྱང་ཆ་ཚང་ལ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ཞེས་ཞུ་ཞིང་།ལེའུ་དང་པོར་རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ་དང་།དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་བསྟན་པ་དང་།ལེའུ་གཉིས་པར་བྱ་བའི་རྒྱུད་དང་།ལེའུ་གསུམ་པར་སྤྱོད་པའི་རྒྱུད།ལེའུ་བཞི་བར་རྣལ་འབྱོར་རྒྱུད་བཅས་ཀྱི་ལམ་གྱི་བགྲོད་པའི་རིམ་པ་བསྟན་པ།ལེའུ་ལྔ་བར་རྣལ་འབྱོར་བླ་མེད་ཀྱི་ལམ་བགྲོད་པའི་རིམ་པ་བཤད་པ་ལས་ལམ་གྱི་གནད་ཤེས་ཤིང་བསྙེན་པ་སྔོན་དུ་སོང་བས་སའི་ཆོ་ག་ཇི་ལྟར་བྱ་བའི་རིམ་པ་བཤད་པ།ལེའུ་དྲུག་པར་སྟ་གོན་གྱི་ཆོ་ག་བསྟན་པ།ལེའུ་བདུན་པར་དཀྱིལ་འཁོར་བྲིས་ཤིང་བསྒྲུབ་ནས་མཆོད་པའི་ཆོ་གའི་རིམ་པ་བསྟན་པ།ལེའུ་བརྒྱད་པར་རང་ཉིད་འཇུག་ཅིང་དབང་བླངས་ནས་སློབ་མ་དཀྱིལ་འཁོར་དུ་ཞུགས་པའི་རིམ་པ་བསྟན་པ།ལེའུ་དགུ་བར་བུམ་པའི་དབང་བསྐུར་བའི་ཆོ་གའི་རིམ་པ་བསྟན་པ།ལེའུ་བཅུ་བར་དབང་གོང་མ་གསུམ་མཐའ་རྟེན་དང་བཅས་པ་བསྐུར་ཞིང་མཇུག་གི་ཆོ་ག་བསྟན་པ།ལེའུ་བཅུ་གཅིག་པར་རིམ་གཉིས་ཟུང་འབྲེལ་གྱིས་བྱང་ཆུབ་བསྒྲུབ་དགོས་པར་བསྟན་པ།ལེའུ་བཅུ་གཉིས་པར་བསྐྱེད་པའི་རིམ་པ་བསྟན་པ།ལེའུ་བཅུ་གསུམ་པར་རྫོགས་རིམ་སྤྱིའི་རྣམ་གཞག་བསྟན་པ།ལེའུ་བཅུ་བཞི་བར་ཐོག་མར་སྒོམ་པའི་རྫོགས་རིམ་སྤྱོད་པ་དང་བཅས་པ་ལམ་གྱི་འབྲས་བུ་བསྟན་པ་བཅས་བསྡོམས་པའི་ལེའུ་བཅུ་བཞི་རུ་རྒྱས་པར་བསྟན་ཞིང་།ད་དུང་མཇུག་ཏུ་དགེ་བ་རྫོགས་བྱང་དུ་བསྔོ་བ་བཅས་ཀྱིས་ཟབ་མོ་སྔགས་ལ་འཇུག་པའི་ལམ་གྱི་རིམ་པ་གསལ་བར་ཕྱེས་ཡོད་དོ།།

  19སྒྲུང་རིང་།《ལ་རྒྱབ་ཀྱི་རླུང་བུ།》ཤོག་ངོས291བྱོན། བུ་ཚེ་རིང་རྒན་པས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2021ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་འདིར་བུ་ཆུང་བློ་གྲོས་ཀྱིས་རང་གི་བརྩེ་དུང་ཞེན་ཆགས་ཀྱི་དབང་གིས་དམའ་འབྲིང་སྐབས་ཀྱི་སློབ་གྲོགས་སངས་རྒྱས་འཚོ་ལ་མཛའ་འཕྲིན་ཞིག་བྲིས་ཏེ་ཁོ་མོའི་དཔེ་ཆ་ཞིག་གི་བར་དུ་བཞག་མོད།སྟབས་མ་ལེགས་པར་དཔེ་ཆའི་བར་ནས་ཐང་ལ་ལྷུང་པ་སློབ་གྲོགས་ཤིག་གིས་མཐོང་སྟེ་དགེ་རྒན་ལ་སྤྲད།འཛིན་གྲྭའི་ཀྲུའུ་རེན་རྒན་ནོར་བུ་ལགས་ཀྱིས་འཛིན་གྲྭའི་སློབ་གྲོགས་ཡོངས་ཀྱི་སྔུན་ནས་མཛའ་འཕྲིན་དེ་བཀླག་ནས་བློ་གྲོས་ག་བྱེད་འདི་བྱེད་མེད་པར་གཏད་པ་དང་།སངས་རྒྱས་སྒྲོལ་མ་དང་མོའི་ཨ་མ་གཉིས་ཀ་སློབ་སྤྱིའི་གཞུང་ལས་ཁང་དུ་སོང་སྟེ་ཞུ་གཏུགས་བྱས་པ་སོགས་ཀྱི་གནོད་ཤུགས་ཀྱིས་བློ་གྲོས་སློབ་གྲྭ་ནས་འདུག་ཐབས་མེད་པར་སློབ་བྱོལ་བྱས་ཤིང་།འཁྱམས་ལྡོམ་གྱི་འཚོ་བ་རོལ།ཡུལ་ཆ་མེད་དང་མི་རྒྱུས་སོགས་ལ་འབྲེལ་འདྲིས་གང་མང་བྱས་ཤིང་དཀའ་སྡུག་མང་པོ་ཞིག་མྱངས་ཏེ།ཕྱིར་ཕ་ཡུལ་དུ་ལོག་དུས་རྨོ་བོ་དང་རྨོ་མོ།དྲིན་ཅན་མ་རྒན་བཅས་འདས་གྲོངས་སུ་གྱུར་བར་མ་ཟད།ཕ་རྒན་དངོས་གྲུབ་ཀྱིས་རང་གི་བུ་ཡིན་ཡང་མིག་ནང་དུ་མི་འཇོག་པར་མ་ཟད།སྡེ་བའི་མི་རྣམས་ཀྱིས་ཀྱང་འཕྱ་སྨོད་བྱེད་ཡུལ་དུ་གྱུར།ཡིན་ནའང་བློ་གྲོས་ཀྱིས་རང་གི་བརྩེ་བ་ཟབ་མོས་ཕ་རྒན་གཉོར་སྐྱོང་བྱས་ཤིང་།སྡེ་བའི་དོན་དག་ཆེ་མ་ཆུང་གསུམ་གང་ལའང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་འབད་བརྩོན་བྱས་པས་རིམ་གྱིས་སྡེ་བ་ཡོངས་ཀྱིས་ཁས་ལེན་བྱེད་པའི་མི་སྣ་གཙོ་བོ་ཞིག་ཏུ་གྱུར།སྔ་རྗེས་སུ་བློ་གྲོས་ཀྱིས་རང་གི་འཇོན་ཐང་ལ་བརྟེན་ཏེ།སྣ་ལུང་གྲོང་ཚོའི་གྲོང་དཔོན་གྱི་འགན་ཁུར་ནས་གྲོང་ཚོའི་འཕེལ་རྒྱས་ལ་བྱ་བ་མི་དམན་པ་བསྒྲུབ།སྣ་ལུང་གྲོང་ཚོར་རྡོ་གཤག་ལས་གྲྭ་དང་བལ་ཁང་།ད་དུང་བྱ་གསོ་ར་བ་སོགས་བཙུགས་ཏེ་ཚ་ཚ་འུར་འུར་དུ་གྱུར།སྐབས་དེར་བློ་གྲོས་ཀྱི་ཕ་རྒན་དངོས་གྲུབ་ཚེ་ལས་འདས་ཞིང་འདས་མཆོད་ལེགས་པོ་ཞིག་བསྒྲུབ་པ་དང་།དེའི་འཕྲོར་ས་ཐག་རིང་རྒྱལ་རྩེའི་གཞུང་གི་ཆུང་མ་བུ་ཁྲིད་མ་བུ་གཉིས་བསུས་ཤིང་།ལོ་དེའི་སྐབས་བརྗེའི་འདེམས་བསྐོའི་སྐབས་བློ་གྲོས་ལ་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅིའི་འགན་ཁུར་དུ་བཅུག་པར་མ་ཟད།ད་ཆ་གཟའ་ཚང་འགྲིག་མཐུན་དང་གྲོང་ཚོའི་གོང་འོག་བར་གསུམ་ལ་མཐུན་སྒྲིལ་དམ་ཟབ་ཀྱིས་སྣ་ལུང་གྲོང་ཚོ་དེ་དུས་སྐབས་གསར་པའི་འཕེལ་རྒྱས་ཀྱི་ལམ་དུ་ཚ་ཚ་འུར་འུར་ཞུགས་བཞིན་ལགས་སོ།།

  20《ཅ་ཅོ་དང་ཁོང་ཁྲོ།》ཤོག་ངོས593བྱོན། [ཨ་མེ་རི་ཁ]ཝེ་ལམ•ཧྥོ་ཁུ་ནཱ་ཡིས་བརྩམས། ཆོས་སྐྱོང་གིས་རྒྱ་ཡིག་ལས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2020ལོའི་པར་མ།

  [ནང་དོན་གནད་བསྡུས།]སྒྲུང་རིང་འདིའི་ནང་དུ་ཅེ་ཧྥུ་སུང་གྲོང་རྡལ་དུ་གཞིས་ཆགས་པའི་ཁང་ཕུ་སུང་ཁྱིམ་རྒྱུད་ཀྱི་དར་རྒུད་ཀྱི་གནས་ཚུལ་བྲིས་ཡོད།སྒྲུང་གཏམ་འདིར་མི་སྣ་རིགས་མི་འདྲ་བ་མང་པོ་མཆིས་པ་ལས།གཙོ་བོའི་ཡང་གཙོ་བོར་གྱུར་པ་ནི་སྐུ་ཞབས་ཁང་ཕུ་སུང་དང་ཁོང་གི་བཟའ་ཟླ་ལྕམ་མོ་ཁང་ཕུ་སུང་།ཁོང་གཉིས་ཀྱི་བུ་ཆེ་བ་ཁོན་ཏིང་དང་འབྲིང་བ་ཅེ་སུང་།ཆུང་བ་པན་ཅི།བུ་མོ་ཁའེ་ཏི།ཁའེ་ཏི་ཡི་ནལ་ཕྲུག་ཁོན་ཏིང་ཆུང་བ།གཡོག་མོ་ཏི་ཨར་ཞུ་སོགས་ཀྱིས་གྲུབ་ལ།སྒྲུང་གཏམ་འདི་ཞར་བྱུང་ཞིག་དང་བཅས་ས་བཅད་ལྔ་རུ་དབྱེ་ཡོད་ལ།ས་བཅད་དང་པོ1928ལོའི་ཟླ4པའི་ཚེས7ཉིན་ཞེས་པ་འདི་ནི་པན་ཅི་མེན་ནམ་པན་ཅི་ཡིས་བཤད་པར་གཏོགས་ལ།1910ལོའི་ཟླ6པའི་ཚེས2ཉིན་ཞེས་པའི་ས་བཅད་འདི་ནི་ཁོན་ཏིང་གི་ཕྱིར་དྲན་དུ་གཏོགས།1928ལོའི་ཟླ4བའི་ཚེས6ཉིན་ཞེས་པའི་ས་བཅད་འདི་ནི་ཅེ་སུང་གི་ཕྱིར་དྲན་དུ་གཏོགས།1928ལོའི་ཟླ4བའི་ཚེས8ཉིན་ཞེས་པའི་ས་བཅད་འདི་ནི་ཏི་ཨར་ཞུ་ཡི་ཕྱིར་དྲན་དུ་གཏོགས།ཞར་བྱུང་གི་ས་བཅད་འདི་ནི་ཕྱིས་སུ་ཁ་སྣོན་བྱས་པ་ཞིག་ཡིན་ཞིང་།སྒྲུང་གཏམ་འདིར་འཇུག་པའི་ལྡེ་མིག་ལྟ་བུ་ཡིན་ཞེས་དཔྱད་བརྗོད་པ་འགའ་རེས་གླེང་བར་བྱེད།སྒྲུང་གཏམ་འདི་ཀློག་སྐབས་ཞར་བྱུང་སྔོན་དང་།དེ་ནས་ས་བཅད་ས་བཅད་གསུམ་པ་དང་དང་བཞི་བ།དེའི་འཕྲོར་ས་བཅད་དང་པོ་དང་གཉིས་པ་བཅས་ལུགས་ལྡོག་ཏུ་བཀླགས་ཚེ་གོ་དོན་བདེ་བླག་ཏུ་རྟོགས་པར་ཕན་སླབས་ཆེ་ཞེས་གླེང་།སྒྲུང་གཏམ་ཧྲིལ་བོའི་ཆ་ནས་མི་སྣའི་འབྲེལ་བ་དང་བྱུང་རིམ་ཅུང་རྙོག་འཛིང་ཆེ་ལ།སྤྱི་ཚོགས་ཀྱི་གནས་བབས་དང་འཕེལ་འགྱུར་གྱི་རྐྱེན་གྱིས་སྔོན་ཆད་ཁུལ་དཔོན་གཅིག་དང་དམག་དཔོན་གཅིག་འཁྲུངས་མྱོང་བར་མ་ཟད།ས་ཁོངས་ཆེ་ཞིང་གཡོག་པོ་གྲངས་ཀྱིས་མི་ཟིན་པའི་མངའ་བདག་ཆེན་པོ་ཁང་ཕུ་སུང་གི་ཁྱིམ་རྒྱུད་དེ་རྒུད་པ་ནས་རྒུད་པའི་གཡང་དུ་ལྷུང་ཞིང་།མཐར་སྤྱི་ལོ1912ལོར་ཁྱིམ་རྒྱུད་དེའི་མཐའ་མཇུག་གི་བདག་པོ་སྟེ།སྐུ་ཞབས་ཁང་ཕུ་སུང་ཁོང་ཉིད་མི་འདོད་ནད་ཀྱིས་ཚེ་ཡི་འཕེན་པ་རྫོགས་པ་བཅས་ཀྱིས་གཏམ་རྒྱུད་མཇུག་བསྡུས་སོ།།

  21《དུང་ཟླ་དང་དུང་ཙེ་དྲུག》ཤོག་ངོས150བྱོན། [དབྱིན་ཇི]མའོ་མུའུ་ཡིས་བརྩམས། རང་སྒྲས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020ལོའི་པར་མ།

  [ནང་དོན་གནད་བསྡུས།]སྒྲུང་གཏམ་འདི་དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་མོའུ་མུའུ་ལ་བསྡོམས་པས་བརྩམས་ཆོས་པོད་སོ་གཉིས་ཡོད་པའི་ནང་གི་གཅིག་ཡིན།དེབ་འདིའི་ནང་དོན་གྱི་ཐད་ལོ་ཙྭ་བ་རང་སྒྲས་བཤད་རྒྱུར“འདིའི་བརྗོད་བྱ་ནི་དབྱིན་ཇིའི་དངུལ་འཛིན་ཉོ་ཚོང་གི་བར་ཁེ་བ་ཞིག་སྟེ།དེ་ཉིད་ལ་རང་གི་གཏན་ཆགས་ཀྱི་ལས་ཀ་ཡོད་པ་དང་།བདེ་ཞིང་སྐྱིད་པའི་ཁྱིམ་གཞི་ཡང་ཡོད།ཡིན་ནའང་།ཁོ་རི་མོ་ལ་དགའ་བ་བཟོད་མི་ཐུབ་པ་ཞིག་སྐྱེས་པས་དྲོད་སྐྱིད་ཀྱི་ཁྱིམ་ཚང་བློས་བཏང་ནས་པ་ལི་ལ་ཕྱིན་ཏེ་རི་མོའི་ཕུགས་འདུན་གཉེར།ཁོང་གི་སྤྱོད་སྟངས་དེ་ནི་སྐྱེ་བོ་རྣམས་ཀྱིས་བསམ་པས་མི་བཟོད་པ་ཞིག་ཡིན་ལ།ཁོ་རྒྱལ་ཁབ་གཞན་ནས་ལུས་ལ་དབུལ་ཕོངས་ལྟོགས་སྐོམ་གྱི་སྡུག་བསྔལ་བྱུང་བར་མ་ཟད།སེམས་ལ་རི་མོ་འབྲི་ཐབས་ལ་སྙིང་རུས་དྲག་པོ་བསྐྱེད་པའི་སྡུག་བསྔལ་བྱུང་།ལུས་སེམས་གཉིས་ནས་མནར་གཅོད་ཀྱི་སྡུག་བསྔལ་མང་པོ་མྱངས་མཐར།ཁོ་དཔལ་ཡོན་ལྡན་པའི་འཇིག་རྟེན་དང་ཁ་གྱེས་ཏེ་ཐཱ་ཞེ་ཐེ་གླིང་ཕྲན་དུ་ཕྱིན།དེ་རུ་ཁོང་གིས་ད་གཟོད་རང་གི་སེམས་ཀྱི་ལོག་མལ་དང་སྒྱུ་རྩལ་འཚོལ་སྙེག་བྱེད་པའི་ངང་ཚུལ་རྙེད་བྱུང་།ཁོ་ས་ཆ་དེ་གའི་གནས་མོ་ཞིག་དང་མཉམ་དུ་འཚོ་བ་རོལ་བ་དང་།རྗེས་སུ་མི་རྣམས་ཧ་ལས་པའི་རི་མོའི་བརྩམས་ཆོས་རབ་དང་རིམ་པ་སྤེལ།ཁོང་ལ་འཛེ་ནད་བྱུང་སྟེ་མིག་ཟུང་ལོང་བར་མ་གྱུར་པའི་ཡར་སྔོན་དུ།རང་གི་ཁང་པའི་རྩིགས་ལྡེབས་སུ་ལྷ་ཡི་སྐྱེད་ཚལ་གྱི་རྣམ་པ་མཚོན་པའི་རླབས་ཆེན་གྱི་བརྩམས་ཆོས་ཆེན་པོ་ཞིག་བརྩམས།ཁོང་གི་ཁ་ཆེམས་ལྟར།ཁོ་ཚེ་ལས་འདས་རྗེས་གནས་མོས་ཡོངས་སུ་མེར་བསྲེགས་ཏེ་ཐལ་བ་སྤར་མོ་གང་དུ་བསྒྱུར།”ཞིང་།དེ་ལྟར་ཁོང་གི་སྐུ་ཚེ་གང་བོ་སྒྱུ་རྩལ་འཚོལ་སྙེག་ལ་ཕུལ་བ་ཡིན་ཡང་།ཁོང་ལ་ཁྱད་མཚར་པོའི་རང་གཤིས་གྱོང་བོ་ཞིག་ཡོད་པས་ཁོ་ལ་འགྲིག་མཐུན་གྱི་ཁྱིམ་མཚེས་དང་།ཡང་ན།བློས་ཐུབ་ཀྱི་གྲོགས་པོ་དང་གྲོགས་ཤིག་ཕལ་ཆེར་མེད་ཅེས་སྨྲས་ཆོག་ཅིང་།ཁ་ཤས་ཡོད་པ་དེ་དག་ཀྱང་ནམ་ཡང་ཁོ་ལ་སུན་སྣང་སྐྱེ་བའི་ཚོད་ཡིན།

  22 《རྟ་རྒན་བྱང་མའི་འདུར་ལམ།》ཤོག་ངོས176བྱོན། རོང་བོ་ཚེ་དཔལ་གྱིས་བརྩམས། ཁྲི་བཙན་རིག་གནས་ལས་ཤག་ནས་པར་འགྲེམས་བྱས། 2022ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་འདིའི་ནང་དུ་རྩེ་ཁོག་རྫོང་ཉིན་ཤུག་ཞང་རོང་བོ་སྡེ་གསུམ་གྱི་ས་མིང་དང་གཏམ་དཔེ།གྱོད་བཤད།ངག་རྩོམ།བསྔགས་བརྗོད།འདོགས་ར་སོགས་ས་བཅད་གསུམ་གྱི་སྒོ་ནས་བཤད་ཡོད།བཤད་པ་འདི་དག་ནི་རོང་བོ་ཚེ་དཔལ་གྱི་ངག་ཐོག་ནས་བྱུང་བའི་བརྩམས་ཆོས་ཡིན་ལ།ཕྱིས་སུ་ཡིག་ཐོག་ཏུ་ཕབ་པ་ཞིག་རེད།རོང་བོ་ཚེ་དཔལ་གྱི་ངག་རྩོམ་འདི་དག་ལ་ཚིག་གི་རྩལ་དང་དོན་གྱི་འབབ་སོ་གནད་ལ་ཁེལ་བར་མ་ཟད།སློབ་གསོའི་དོན་སྙིང་ཆེན་པོ་ལྡན་ཡོད།དམངས་ཁྲོད་ནས་བྱུང་བའི་ངག་རྩོམ་འདི་རིགས་ནི་དམངས་ཁྲོད་སྒྱུ་རྩལ་པ་རྣམས་ཀྱི་འཚོ་བ་དངོས་ཀྱི་ཉམས་མྱོང་ལས་བྱུང་བའི་རིན་ཐང་གཞལ་དུ་མེད་པའི་ལེགས་སྐྱེས་ཡིན་པས་ན།ང་ཚོ་ཕྱི་རབས་ཀྱིས་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་དོན་སྙིང་ཆེན་པོ་ཡོད་པ་སྨྲོས་མ་དགོས་སོ།།

  23《སེམས་རིག་སྤྱི་རྣམ།》ཤོག་ངོས309བྱོན། འགྱན་སངས་རྒྱས་དོན་གྲུབ་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2022ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་འདི་ནི་གཙོ་བོ་རང་རེའི་སློབ་ཆེན་ཁག་ལ་རང་སྐད་རང་ལུགས་སུ་བྲིས་པའི་སེམས་རིག་གི་བསླབ་དེབ་གཅིག་ཀྱང་མེད་པའི་སྟོང་ཆ་དེ་སྐོང་བར་བྲིས་པ་ཡིན་འདུགདེབ་འདི་གཙོ་བོ་རབ་བྱེད་གསུམ་དུ་ཕྱེས་ཡོད་ཅིང་།རབ་བྱེད་དང་པོར་སེམས་ཀྱི་ངོ་བོ་དང་སེམས་ཀྱི་གནས་རྟེན།ལུས་སེམས་ཀྱི་འབྲེལ་བ།སེམས་མཚམས་སྦྱོར་ཚུལ་བཅས་ཕྱོགས་བཞིའི་ཐད་ནས་སེམས་ཀྱི་གོ་དོན་བསྒྲལ་འདུགརབ་བྱེད་གཉིས་པར་དང་པོ་ཉོན་ཡིད་ཀྱི་ངོ་བོ་དང་ཉོན་ཡིད་ཀྱི་རབ་དབྱེ།ཉོན་ཡིད་ཀྱི་དགོས་བྱེད་བཅས་ཕྱོགས་བཞིའི་ཐད་ནས་ཉོན་ཡིད་དང་།

  གཉིས་པ་ཀུན་གཞིའི་ངོ་བོ་དང་ཀུན་གཞིའི་རབ་དབྱེ།ཀུན་གཞིའི་དགོས་བྱེད་བཅས་ཕྱོགས་གསུམ་གྱི་ཐད་ནས་ཀུན་གཞི་དང་།གསུམ་པ་རིགས་ཀྱི་ངོ་བོ་དང་རིགས་ཀྱི་རབ་དབྱེ།རིགས་ཀྱི་དགོས་བྱེད་བཅས་ཕྱོགས་གསུམ་གྱི་ཐད་ནས་རིགས་བཅས་བསྡོམས་པས་ལེ་ཚན་ཆེན་པོ་གསུམ་གྱིས་སེམས་ཀྱི་དབྱེ་སྡུད་བཤད་འདུགགསུམ་པ་སེམས་ཁམས་དང་མི་གཤིས་ཀྱི་ཆགས་རིམ།སེམས་འགྱུར་དང་མི་གཤིས་ཀྱི་འབབ་སོ།མི་གཤིས་དང་རྨི་ལྟས་ཀྱི་འབྲེལ་བ་བཅས་ཕྱོགས་གསུམ་དང་སྐབས་སྡོམ་དང་བཅས་སེམས་ཀྱི་འཇུག་ལྡོག་བཤད་འདུགད་དུང་མཇུག་སྡུད་ཀྱི་ཚིག་དང་།《ཀུན་གཞིའི་རྩ་བ།》དང་《བློ་རིག་གི་སྡོམ་ཚིག་བླང་དོར་མེ་ལོང་།》《སེམས་སེམས་བྱུང་གི་རྣམ་བཞག་མུན་སེལ་སྒྲོན་མེ།》གསུམ་ཟུར་དུ་བཀོལ་འདུགམདོར་ན་དེབ་འདིས་ལུང་རིག་ཧ་ཅང་རྣོན་པོས་སེམས་རིག་གི་ངོ་བོའི་ཆོས་ཉིད་དང་གནས་རྟེན།ཉིང་མཚམས་སྦྱོར་ཚུལ་སོགས་ལ་དཔྱོད་ཚུལ་ནས།སེམས་ཁམས་ལ་དབྱེ་སྡུད་མཛད་ལུགས་དང་།མི་གཤིས་ཀྱི་འབྲེལ་བར་དཔྱོད་ལུགས་རྣམས་ཟབ་གསལ་དག་གསུམ་གྱི་ཁྱད་ཆོས་མངོན་པར་གསལ་བའི་སྒོ་ནས་བསྟན་ཏེ་རྗེ་བདག་ཉིད་ཆེན་པོའི་སེམས་རིག་གི་དགོངས་པ་སྟོང་ཐུན་དུ་འགྲེལ་བརྗོད་བྱས་པ་ད་ལྟའི་བོད་ཀྱི་ཤེས་རིག་པའི་སྡེ་ན་ཧ་ཅང་མཐོང་དཀོན་པར་སྣང་ངོ་།།

  24 《གངས་ལྗོངས་ཐུབ་བསྟན་གྱི་ལྟ་བའི་གནས་འགྱུར།》ཤོག་ངོས267བྱོན། འགྱན་སངས་རྒྱས་དོན་གྲུབ་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་འདིའི་ནང་དུ་བསྟན་པ་སྤྱི་དང་སྒོས་སུ་གངས་ལྗོངས་ཐུབ་བསྟན་གྱི་ལྟ་བའི་གནས་འགྱུར་སྐོར་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིག་པས་མཐར་ཆགས་སུ་བསྒྲལ་ཡོད།དེབ་འདི་བསྡོམས་པས་རབ་བྱེད་ཆེན་པོ་གསུམ་དུ་ཕྱེས་ཤིང་།འཕྲལ་གྱི་བརྟན་ཚུགས་ཀྲིག་ཆགས་མ་དང་ཡུན་གྱི་གནས་འགྱུར་རང་འཁོར་མ།འགྱུར་རྐྱེན་ཕྱི་ནང་རང་འཁོར་ཅན།འགྱུར་ལུགས་གཉུག་མའི་རང་གཤིས་ཅན་བཅས་ཚན་ཆུང་བཞི་ཡིས་གཏམ་གྱི་མགོ་དྲངས་འདུགརབ་བྱེད་དང་པོ་ནི།ཐོག་མའི་གནས་འགྱུར་རྗེས་གཙང་ཅན་སྟེ།དེའི་ནང་དུ་བསྟན་ཞབས་ཚུགས་པའི་གནས་སྐབས་དང་།ལྔ་བརྒྱ་དང་པོའི་གནས་འགྱུར་ནས་ལྔ་བརྒྱ་གཉིས་པ་དང་གསུམ་པའི་གནས་འགྱུར།སྐབས་ཀྱི་དཔྱད་སྡོམ་ཐན་ཐུན་བཅས་ཚན་ཆུང་བཞི་ཡིས་གྲུབ་འདུགརབ་བྱེད་གཉིས་པར།བར་གྱི་གནས་འགྱུར་སྣེ་འཆོལ་ཅན་སྟེ།དེར་བསྟན་ཞབས་བྱང་དུ་བསྒྱུར་སྐབས་དང་ལྔ་བརྒྱ་བཞི་བའི་གནས་འགྱུར་དང་།ལྔ་བརྒྱ་ལྔ་བ་དང་དྲུག་པའི་གནས་འགྱུར།སྐབས་ཀྱི་དཔྱད་སྡོམ་ཐན་ཐུན་བཅས་ཚན་ཆུང་ལྔ་རུ་ཕྱེས་འདུགརབ་བྱེད་གསུམ་པ་ནི།སླད་མའི་གནས་འགྱུར་ཡོངས་ཁྱབ་ཅན་སྟེ།རབ་བྱེད་འདིར་ཚན་རིག་འཕྲུལ་གྱི་རྒྱབ་གནོན།དཔྱོད་བཅས་ཡེ་ཤེས་སྒྲོན་མེ།དཀའ་སྤྱོད་འཚོ་བའི་བདེན་པ།འདོད་ཡོན་འཁོར་བའི་སྲོག་རྩ།རང་དབང་ཉི་མ་རང་ཤར།རིགས་གཤིས་སྲོག་གི་ཀ་བ།སྐབས་ཀྱི་དཔྱད་སྡོམ་ཐན་ཐུན་བཅས་ཚན་ཆུང་བདུན་དུ་ཕྱེས་འདུགགཏམ་གྱི་མཇུག་མ་ལའང་།གནས་འགྱུར་ལན་གཅིག་ཕྱིར་ཡོང་།དཔྱོད་ཤེས་རྟོགས་པ་རང་སད།བརྒལ་བརྟག་ལྟ་བའི་འདུ་འཁྲུགའཁྲིས་འཛིན་སྣང་བའི་འཐེན་འཁྱེར།སྡོམ་ཚིག་སེམས་འགྱུ་ཕྲ་མོ་བཅས་ཚན་ཆུང་ལྔ་ཡིས་གྲུབ་ཡོད།མདོར་ན་དེབ་འདིར་འཛམ་གླིང་ཤར་ནུབ་ཀྱི་ཆོས་ལུགས་གྲུབ་མཐའ་སོ་སོའི་བྱུང་བ་དང་འཕེལ་འགྱུར།སྒོས་སུ་གངས་ལྗོངས་ཐུབ་བསྟན་གྱི་ཆགས་འཇིག་དང་དར་རྒུད།ལྷག་པར་དུ་ལྟ་བའི་གནས་འགྱུར་སྐོར་ནས་རང་གི་རིག་པ་རྩལ་དུ་བཏོན་ནས་བསྒྲུབ་འདུག

  25《མཛེས་དགའ་བོའི་སྙན་དངགས་ཀྱི་བསྟན་བཅོས།》ཤོག་ངོས191བྱོན། རྒྱ་གར་གྱི་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད། ལ་དྭགས་མར་ཡུལ་པ་བློ་བཟང་འཇམ་དཔལ་གྱིས་བསྒྱུར། གློག་རྡུལ་པར་མ།

  [ནང་དོན་གནད་བསྡུས།]སྙན་དངགས་ཀྱི་བསྟན་བཅོས་འདིར་བསྡོམས་པས་ལེའུ་བཅོ་བརྒྱད་དང་།ཚིགས་བཅད་ཆིག་སྟོང་བརྒྱ་མེད་རེ་བཞི་བཞུགས།(1064)དེབ་འདིའི་མཇུག་བྱང་དུ་འཕགས་པ་གསེར་མིག་མའི་བུ།ས་ཀེ་ཏ་ལ་གནས་པ།སློབ་དཔོན་བཙུན་པ་སྙན་དངགས་མཁན་པོ་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།།ཞེས་དང་།ལ་དྭགས་མར་ཡུལ་པ་བློ་བཟང་འཇམ་དཔལ་གྱིས་སྤྱི་ལོ1965ལོའི་ལོ་མགོར་ལེའུ་དང་པོ་ལྔ་བསྒྱུར་ནས་ལོ་ངོ་སུམ་ཅུ་ལྷག་ཕྱི་འགྱངས་སུ་ལུས།སླར།1988ལོར་འཕྲོས་རྣམས་སྒྱུར་མགོ་བརྩམས་ཏེ།1993ལོར་རྫོགས་པར་བསྒྱུར་ཅེས་ཧ་ཅང་གསལ་པོར་གསུངས་འདུགབསྟན་བཅོས་འདིའི་མཚན་གཞན་ལ《གཅུང་མཛེས་དགའི་རྟོགས་བརྗོད》ཀྱང་ཟེར་ལ།ལེའུ་དང་པོར་སེར་སྐྱའི་གཞིའི་བསྔགས་པ་བརྗོད་ཅིང་།ལེའུ་གཉིས་པར་རྒྱལ་པོ་ཟས་གཙང་མའི་བསྔགས་པ་བརྗོད་ཡོད།ལེའུ་གསུམ་པར་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་སྟེ།རྒྱལ་པོ་སྲས་གཙང་་སྲས་ཀྱིས་རྒྱལ་སྲིད་སྤངས་ཏེ།དབེན་པའི་ནགས་སུ་ལོ་མང་པོར་བསྒྲུབ་པ་མཛད་པས་མངོན་པར་རྫོགས་པའི་སངས་རྒྱས།ཡུལ་ཝ་ར་ན་སིར་བདེན་པ་བཞིའི་ཆོས་འཁོར་ཐོག་མ་བསྐོར།བར་སྐབས་ཤིག་ནས་རྒྱལ་པོ་སྲས་གཙང་གིས་གདན་དྲངས་པ་ལྟར་ཡུལ་དབུས་སེར་སྐྱར་ཕེབས་ཏེ།ཕ་མ་དང་ཉེ་དུའི་ཚོགས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་རྒྱལ་པོ་སྲས་གཙང་བཅས་འཁོར་མང་པོ་ཞིག་རབ་བྱུང་གི་སྡོམ་པ་མནོས་ཏེ་དམ་པའི་ཆོས་སྐོར་ཞུགས།ཡིན་ནའང་གཅུང་མཛེས་དགའ་ཆུང་མར་ཆགས་ཏེ།རབ་བྱུང་བསྒྲུབ་པ་ལྟ་ཅི་དེ་ལས་ལྡོག་སྟེ་འཇིག་རྟེན་རྩེ་དགའི་སྣང་བས་དུས་འདའ་བར་བྱས་པས།སྲས་གཙང་སྲས་སམ་སྟོན་པ་མཆོག་གིས་ཐབས་ཤེས་སྣ་ཚོགས་ཀྱིས་བློ་ཁ་ཆོས་ལ་བསྐོར་ཏེ།མཐར་འཇིག་རྟེན་ལ་ཞེན་པ་ལོག་སྟེ་དམ་པའི་ཆོས་སྒོར་ཞུགས་ནས་སྒྲུབ་ལ་ཉམས་ལེན་དང་གནས་ལུགས་ཀྱི་བདེན་པ་ངོ་འཕྲོད་པའི་སྐོར་སོགས་ཚིག་སྦྱོར་རྨད་དུ་བྱུང་པའི་སྙན་དངགས་ཀྱི་ལམ་ནས་རྒྱས་པར་སྤྲོས་ཡོད་དོ།།

  རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།