སྐྱེ་ཁམས་རྩོམ་རིག་དང་འབྲེལ་ནས་《ཝ་ནག་ལུང་བ》གླེང་བ།

དབྱངས་འབུམ་ཚེ་རིང་།(མཚོ་ལྷོ) 琼迈文学网 2024-01-06

[ནང་དོན་གནད་བསྡུས།]དེ་ཡང་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ཀྱི་སྒྲུང་གཏམ་《ཝ་ནག་ལུང་བ》ཡིས་ཉེ་རབས་ཀྱི་སྤྱི་ཚོགས་འཕོ་འགྱུར་ཁྲོད་ཀྱི་འབྲོག་སྡེ་གནས་སྤོ་བྱས་པའི་གནས་ཚུལ་སྟབས་བདེ་ཞིག་རྩོམ་གྱི་བརྗོད་གཞིར་བཟུང་ནས།སྐྱེ་ཁམས་ཀྱི་ཆག་འཇིག་དང་འཚོ་གནས་ཀྱི་དཀའ་ཁག་སྣ་ཚོགས་སྐྱ་འཐབ་ནས་འདུག་པའི་སྣང་ཚུལ་གྱི་མངོན་ལྐོག་གཉིས་ཀ་གཟུགས་ཅན་བཞིན་ཏུ་འགྲེམ་སྟོན་བྱས་འདུག་པས།དཔྱད་རྩོམ་འདིར་སྐྱེ་ཁམས་རྩོམ་རིག་གི་དཔྱད་བརྗོད་བྱེད་ཐབས་སྤྱད་ནས།དེ་ལ་དབྱེ་ཞིབ་དང་གསལ་འགྲེལ་ཞིག་བྱས་པ་ཡིན།
[བརྡ་ཆད་གཙོ་བོ།]  སྐྱེ་ཁམས་རྩོམ་རིག  ཝ་ནག་ལུང་བ།  སྒྲུང་གཏམ།

དང་པོ། སྐྱེ་ཁམས་རྩོམ་རིག་གི་གོ་དོན་དང་ཝ་ནག་ལུང་བ
 
  དེ་ཡང་སྐྱེ་ཁམས་རྩོམ་རིག་ཅེས་པ་ནི་སྐྱེ་ཁམས་ཁོར་ཡུག་དང་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་བའི་སྐོར་བརྗོད་བྱ་བྱས་པའི་རྩོམ་རིག་བརྩམས་ཆོས་ལ་ཟེར་ཏེ།ཝང་ནའོ(王诺)ཡིས་“སྐྱེ་ཁམས་རྩོམ་རིག་ནི་སྐྱེ་ཁམས་སྤྱི་ཡོངས་རིང་ལུགས་དེ་བསམ་བློའི་རྨང་གཞི་བྱས་ཤིང་།སྐྱེ་ཁམས་མ་ལག་སྤྱི་ཡོངས་ཀྱི་ཕན་ཁེ་དེ་ཆེས་མཐོའི་རིན་ཐང་ཡིན་པའི་རྟོག་ཞིབ་དང་།རང་བྱུང་ཁམས་དང་མིའི་བར་གྱི་འབྲེལ་བ་ཕྱིར་མངོན་བྱེད་པ།སྐྱེ་ཁམས་འཇིག་ཉེན་གྱི་སྤྱི་ཚོགས་གཞི་རྩ་འཚོལ་ཞིབ་བྱེད་པ་དང་མཉམ་དུ།ཁྱད་དུ་འཕགས་པའི་སྐྱེ་ཁམས་ཀྱི་མཛེས་རྟོག(生态审美)ཕྱིར་མཚོན་བྱེད་པའི་རྩོམ་རིག་ཅིག”ཅེས་གོ་དོན་བཞག་པ་བཞིན་དུ།སྐྱེ་ཁམས་རྩོམ་རིག་གིས་གཅིག་ནས་སྐྱེ་ཁམས་སྤྱི་ཡོངས་རིང་ལུགས་དེ་གཙོར་བཟུང་ནས་སྐྱེ་ཁམས་མ་ལག་གི་ལྟ་བ་དང་སྤྱི་ཡོངས་ཀྱི་ལྟ་བ།འབྲེལ་བའི་ལྟ་བ་བཅས་ནི་རྩོམ་གྱི་དཀྱིལ་སྙིང་དུ་བཟུང་བ་ཞིག་ཡིན་ལ།གཉིས་ནས་སྔ་རབས་ཀྱི་མིའི་རིགས་གཙོ་གནད་རིང་ལུགས་ལ་དགག་བཞག་དང་རྒྱབ་ཀྱིས་ཕྱོགས་པའམ་མཐར་གཏུགས་ན་རྒྱུན་རིང་བའི་མིའི་རིགས་ཀྱི་ཕན་བདེའི་ཆེད་དུ་མིག་མདུན་གྱི་ཁེ་ཕན་ཉི་ཚེ་བ་སྤང་དགོས་པ་རྩོམ་གྱི་བསམ་བློའི་གཞི་རྐང་ཡིན་པ་བཅས་ཀྱི་མཐའ་གཉིས་དང་ཁྱད་ཆོས་ཟུང་ལྡན་ཞིག་ཡིན་པ་རེད།དེས་ན་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་ཝ་ནག་ལུང་བནི་མི་དང་རང་བྱུང་གི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱེད་པའི་འཇིག་རྟེན་ངོས་འཛིན་གྱི་རིན་ཐང་ལྟ་བ་མི་འདྲ་བ་གཉིས་ཏེ།སྐྱེ་ཁམས་སྤྱི་ཡོངས་མ་ལག་རིང་ལུགས་དང་མིའི་རིགས་གཙོ་གནད་རིང་ལུགས་གཉིས་ཀྱིས་མཚོན་པའི་རིག་གནས་མི་འདྲ་བའི་ལྟ་བ་གསར་རྙིང་གཉིས་ཀྱི་འགལ་འདུའི་གདོང་ཐུག་ཞིབ་འབྲི་དང་དེའི་འཕོ་འགྱུར་ལོ་རྒྱུས་ཞིབ་བརྗོད་བྱས་ནས།མིའི་རིགས་ཀྱི་ཆེས་མཐའ་མཇུག་གི་གདམ་ག་ཇི་ལྟར་བྱ་བ་ལ་ཡུལ་ལུང་གཉིས་ཏེ་ཝ་ནག་ལུང་བ་དང་ཝ་ནག་ལུང་བ་ལས་བར་ཐག་སྤྱི་ལེ་དྲུག་བཅུ་ཡིས་ཆོད་པའི་རྩེ་གཞུང་རྫོང་མཁར་གཉིས་ཀྱི་ཁྱབ་ཆེ་ཁྱད་གཟུགས་ཀྱི་གཤིབ་བསྡུར་ལས་སྐྱོ་གར་རང་བཞིན་གྱི་བྱུང་རིམ་ཞིག་བཀོད་སྒྲིག་བྱས་པའི་སྐྱེ་ཁམས་རྩོམ་རིག་རྨ་མེད་པ་ཞིག་རེད་སྙམ་བྱུང་།

གཉིས་པ། སྐྱེ་ཁམས་རྩོམ་རིག་གི་བྱུང་འཕེལ་གྲུབ་རྐྱེན་དང་ཝ་ནག་ལུང་བ

  སྤྱིར་ན་སྐྱེ་ཁམས་རྩོམ་རིག་ཅེས་པའི་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་མཚོན་པའི་རྩོམ་རིག་བརྩམས་ཆོས་ནི་གནའ་སྔ་མོ་ནས་བྱུང་ཡོད་པར་སྨྲ་སྟེ།སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པར་རོ་མ་རྒྱལ་ཁབ་ཀྱི་སྙན་ངག་པ་ཝེ་ཇིར་(Virgil)གྱིས་རྫི་གླུའི་རྣམ་པ་བེད་སྤྱད་ནས་ཞིང་གྲོང་གི་སོས་དལ་བག་ཕེབས་ཀྱི་རྣམ་པ་བྲིས་ཏེ་གྲོང་ཁྱེར་ནས་བོར་བའི་འཆམ་མཐུན་དང་སྟབས་བདེ།ཞི་བ་བཅས་ཀྱི་བསྟི་གནས་དྲོན་མོ་ཞིག་ཏུ་ངོས་འཛིན་བྱས་ཡོད་པར་སྨྲ་ལ།དེ་བཞིན་དུ་ཇེམ་སི་ཐའོ་མོའུ་སིན་(James Thomson)གྱི་དུས་བཞིདང་སྤྱོད་རྒྱ་ཆེ་བའི་རང་བྱུང་རྩོམ་འབྲི་བཅས་ཀྱིས་ཀྱང་དེ་ལྟར་བྲིས་ཡོད་པར་བརྗོད་ལ།དེའི་རྗེས་སུ་སོ་རོ(Thoreau)་ཡི་ཝར་རྟུན་མཚོའུདང་ཝེ་ལན་པའོ་ཐི་ལོན(Willam Bertram)ཡི་ལྗོངས་རྒྱུབཅས་ཀྱིས་མཚོན་པའི་བརྩམས་ཆོས་མང་དུ་བྱུང་སྟེ་སྤྱི་ཚོགས་འཕོ་འགྱུར་དང་སྐྱེ་ཁམས་ཉམས་རྒུད་བར་གྱི་འབྲེལ་བའི་སྐོར་ལ་རྒྱ་ཁྱབ་ཀྱིས་དོ་སྣང་བྱུང་བར་མངོན།དེ་དག་ལས་ཀྱང་ལིག་ཙེ་ཧྥུའུ་ཡིས[①]གསུངས་པ་ལྟར་སྤྱི་ལོ་1851ལོར་པར་སྐྲུན་འགྲེམ་སྤེལ་བྱས་པའི་མེར་ཝེར་(Melville)གྱི་ཆུ་སྲིན་དཀར་པོའི་སྒྲུངདང་ཏག་ཏག་ལོ་ངོ་བརྒྱའི་རྗེས་སུ་བྱུང་བའི་ཧེ་མིན་ཝེ(Hemingway)ཡི་བགྲེས་པོ་དང་རྒྱ་མཚོགཉིས་ནི་མིའི་རིགས་ཀྱིས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བར་ངོས་འཛིན་ཚུལ་མི་འདྲ་བ་གཉིས་བྱུང་བའི་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་སུ་འདོད་དེ།གཉིས་ཀས་མི་དང་ཆུ་སྲིན་གྱིས་རྒྱ་མཚོའི་ཀློང་ནས་འཐབ་རྩོད་དྲག་ཏུ་བྱས་པ་འདྲ་ནའང་།སྔ་མས་རང་བྱུང་ཁམས་ཕམ་པར་བརྒྱབ་ནས་མི་ཉིད་ཡོངས་སུ་རྒྱལ་བ་ལས་མཇུག་བསྡུས་འདུག་ལ།ཕྱི་མས་རང་བྱུང་ཁམས་ལ་ཇི་ལྟར་འཐབ་རྩོད་བྱས་ཀྱང་མཐའ་མཇུག་མི་ཡི་རྒྱལ་ཁ་ཡོད་ཚད་སྟོང་བར་གྱུར་བ་བྲིས་པ་ལས།ནུབ་ཕྱོགས་པའི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མི་དང་རང་བྱུང་གི་འབྲེལ་བར་ངོས་འཛིན་བྱེད་སྟངས་ཀྱི་རིམ་འགྱུར་གསལ་བོར་མངོན་འདུག
  རང་རྒྱལ་ལ་མཚོན་ནའང་སྔ་མ་རོའུ་ལུགས་ལྟ་བས་གཞི་བྱས་ཏེ་རང་བྱུང་ཁམས་དང་མི་གཅིག་འདུས་ཀྱི་འདུ་ཤེས་འཛིན་སྟངས་ཀྱིས་འཆམ་མཐུན་མཉམ་གནས་ཀྱི་ལྟ་བ་ཤུགས་ཆེན་པོས་བཏོན་པ་ལསསྙན་གཞུངདང་ཁྲོའུ་ཡི་སྙན་ཚིག》《ཕྱིར་ལ་ལོག་པའི་སྙན་ཚིགསོགས་བསྟན་བཅོས་གྲགས་ཆེན་མང་དུ་བྱུང་ལ།སྐྱེ་ཁམས་རྩོམ་རིག་གི་མིང་དུ་གྲགས་པའི་རྩོམ་པ་པོ་ལའང་ཐའོ་ཡོན་མིང་དང་ལི་པེ།ལིག་ཙོང་ཡོན།ཝང་ཝེ་སོགས་མང་དུ་བྱུང་བར་སྨྲ།དེ་དག་གིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱིས་འཚོ་བའི་ཞིང་གྲོང་དང་ཡུལ་ཁམས་ཞིབ་འབྲི་བྱས་ཤིང་།དེ་ལ་དགའ་མོས་དད་གསུམ་ཡོད་པའི་བསྟོད་པ་སོགས་ཀྱི་སེམས་འདུན་མཚོན་པར་བྱས་ཡོད།བོད་རང་ལ་མཚོན་ན་ཡང་གདོད་མའི་བོན་ཆོས་ཀྱི་རིག་གནས་ལྟ་གྲུབ་ཁྲོད་དུ་“ཤིང་གཉན་བཅད་པ་དང་།ས་གཉན་བརྐོས་པ།བྲག་གཉན་བཤིགས་པ།རྡོ་གཉན་བརློགས་པ།ཆུ་གཉན་ཡུར་དུ་དྲངས་པ།ནེའུ་སེང་བརྐོས་པ།སྤང་རྒོད་འཕྲུ་འདུལ་བྱས་པ།ཁང་ནག་བཤུ་འགེབ་ཀྱི་མཁར་ལས་བྱས་པ།རི་གཉན་གྱི་རྩེར་ཀུས་བཏབ་པ།རི་ལ་མི་བཀྱེས་པ།བྱ་དང་གཅན་གཟན་གྱི་རིགས་བསད་པ།མནའ་གཉན་གྱི་དཔང་པོར་བྱས་པ།རྡོ་གཉན་བསྣུར་བ།ཐབ་གཞོབ་བྱས་པ་ལ་སོགས་པ་ཚོར་དང་མ་ཚོར་ཅི་རིགས་པའི་སྒོ་ནས་ས་བདག་མཐུ་བོ་ཆེ་རྣམས་ཀྱི་ཐུགས་ལ་ཕོག་པར་བྱས་ཏེ་འཁོན་འཁྲུགས་དང་ཕོག་ཐུག་ཤོར་བ་ཡིན།དེས་མཚོན་ལྷ་ཀླུ་གཉན་གསུམ་གཙོས་པའི་སྣང་སྲིད་ཀྱི་སྡེ་བརྒྱད་གང་རུང་ལ་ཕོག་ཐུག་དང་འགྲམས་འཁྲུགས་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཤོར་སྲིད་ཅིང་དེ་ལ་བརྟེན་པའི་མི་བདེ་བ་དང་།བཀྲ་མི་ཤིས་པ་སྣ་ཚོགས་པ་ཞིག་དངོས་བརྒྱུད་ནས་འབྱུང་སྲིད་པས་ན་ཀླུ་གཉན་ས་བདག་གཏོ་ཡིས་བཅོས་པའི་ལུགས་འདི་བྱུང་ཡོད་པར་མངོན”[②]ཞེས་སྡོམ་ཚིག་བཀོད་པ་ཇི་བཞིན།བན་བོན་གྱི་རིག་གནས་ལྟ་གྲུབ་གང་ལ་མཚོན་ནའང་རང་བྱུང་ཁམས་ལ་དད་འདུན་དང་དྲིན་གཟོའི་འདུ་ཤེས་ཟབ་མོས་སྣོད་བཅུད་ཀྱི་རྟེན་འབྱུང་འབྲེལ་བར་ཁས་ལེན་དང་བརྩི་བཀུར་ཞུ་མཁན་ཞིག་རེད།ལྷག་པར་གནས་གང་དུ་འདུག་ན་ཡུལ་དེའི་སྐྱེས་རི་དང་གཞི་བདག་གཉན་པོར་གསོལ་མཆོད་ཀྱིས་དཔང་བསྟོད་བྱེད་སྲོལ་རྣམས་དུས་ད་ལྟ་ཡང་མ་ཉམས་པར་ཡོད་པ་བཞིན་དུ།བོད་ཀྱི་སྔ་མའི་རྩོམ་རིག་ཁྲོད་དུའང་འདིའི་སྐོར་གྱི་ལྟ་བ་ཤུགས་ཆེར་བཏོན་ཡོད་དེ།དཔེར་ན་རྗེ་བཙུན་མི་ལ་རས་པས་ཁྱུང་ལུང་རྫོང་ན་སྒྲུབ་པ་ཉམས་ལེན་ལ་གཞོལ་བའི་སྐབས་ཤིག་ན།མི་འདོད་རྐྱེན་ངན་ཞིག་བྱུང་བར་ཁོང་གིས་“ཐོག་མར་ཟིལ་བུན་པ་ཞིག་བྱུང་།དེ་རྗེས་གཞི་བདག་མ་དགའ་བའི་ཆོ་འཕྲུལ་ཞིག་ཡིན་པར་འདུག ང་གནས་གང་དུ་སྡོད་རུང་གཏོར་མ་གཏང་རྒྱུ་ནི་མེད།བསྟོད་པ་རེ་མ་བྱས་པ་མེད་པས།གནས་འདི་ལའང་བསྟོད་པ་ཞིག་བྱེད་དགོས་པ་ཡིན་ཡོང་དགོངས་ཏེ།གནས་ལ་བསྟོད་པའི་མགུར་འདི་གསུངས་སོ།།ཨེ་མ་རི་ཁྲོད་དབེན་པའི་གནས།།རྒྱལ་བ་བྱང་ཆུབ་བརྙེས་པའི་ས།།གྲུབ་ཐོབ་རྣམས་ཀྱི་བཞུགས་པའི་ཤུལ།།མི་ང་རང་གཅིག་པུར་འདུག་པའི་ཡུལ།།བྲག་དམར་མཆོང་ལུང་ཁྱུང་གི་རྫོང་།།སྟེང་ན་ལྷོ་སྤྲིན་ཁོར་མ་ཁོར།།འོག་ན་གཙང་ཆབ་གྱ་མ་གྱུ།།བར་ན་རྒོད་པོ་ལང་མ་ལིང་།།རྩི་ཤིང་སྣ་ཚོགས་བན་མ་བུན།།ལྗོན་ཤིང་གར་སྟབས་ཤིགས་སེ་ཤིགས།།བུང་བ་གླུན་ལེན་ཁོ་རོ་རོ།།མེ་ཏོག་དྲི་ངན་ཆི་ལི་ལི།།བྱ་རྣམས་སྐད་སྙན་ཀྱུ་རུ་རུ།།དེ་འདྲའི་བྲག་དམར་མཆོང་ལུང་ན།།བྱ་དང་བྱེའུ་གཤོག་རྩལ་སྦྱོང་།།སྤྲ་དང་སྤྲེའུ་ཡང་རྩལ་སྦྱོང་།།རི་དྭགས་སྣ་ཚོགས་བང་རྩལ་སྦྱོང་།།ང་མི་ལ་རས་པས་ཉམས་རྩལ་སྦྱོང་།།ཉམས་རྩལ་བྱང་ཆུབ་སེམས་གཉིས་སྦྱོང་།།ང་དང་དབེན་གནས་གཞི་བདག་མཐུན།།”[③]ཞེས་གནས་ཀྱི་མཛེས་ལྗོངས་ཞིབ་འབྲི་དང་སྣོད་བཅུད་འཆམ་མཐུན་དཔལ་གྱིས་འཚོ་བའི་རྣམ་པ་ཞིབ་འབྲི་བྱས་ཏེ་བསྟོད་པ་བྱས་པར་མ་ཟད།རང་བྱུང་ཁམས་དེས་ཁོ་རང་གི་དགེ་སྦྱོར་ཉམས་ལེན་ལ་གྲོགས་བྱས་ཤིང་བྱེད་པར་རེ་བའི་སེམས་འདུན་བྲིས་འདུག་པ་ལྟ་བུས་མཚོན།གནས་བསྟོད་མང་པོ་བྲིས་འདུག་པ་དག་ནི་སྣང་སྲིད་དཔེ་རུ་ཤར་ནས་ཡུལ་ཅན་གང་ཟག་གི་རྒྱུད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་ཕྲ་མོ་དག་ཕྱིའི་རང་བྱུང་ཁམས་ཀྱི་བྱ་དངོས་བྱེ་བྲག་པ་རེ་འགས་མཚོན་པར་བྱེད་པ་མ་ཡིན་པར།ཆེད་དུ་གནས་དེ་དགའ་མགུ་ཡི་རངས་ཀྱིས་རང་ཉིད་ལ་གྲོགས་དན་བྱ་བར་འབོད་ཆེད་བྲིས་པ་རེད་ལ།དཔེ་དེ་བཞིན་དུ་བསང་མཆོད་ཀྱི་ངག་རྩོམ་དེ་དག་གིས་ཀྱང་མི་དང་རང་བྱུང་ཁམས་གཉིས་འདྲ་མཉམ་གྱི་ལྟ་བ་རྨང་གཞི་བྱས་ཐོག་དེ་ལ་དྲིན་གཟོ་དང་འཆམ་མཐུན་གྱི་ལྟ་བ་ཟབ་མོ་ཕྱི་ནང་གཉིས་ཀར་འཐིམས་ཤིང་སིམ་པར་བྱས་འདུག་པ་ཞིག་རེད།དེའི་ཕྱིར་བོད་སྔ་རབས་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་ཁྲོད་དུ་སྒྲ་ཡངས་འཇུག་གི་དབང་དུ་བྱས་པའི་སྐྱེ་ཁམས་རྩོམ་རིག་ནི་དར་ཞིང་རྒྱས་པར་མངོན།
  དེས་ན་རྒྱལ་ཕྱི་ནང་གང་ལ་མཚོན་ནའང་གདོད་མའི་རིག་གནས་ཀྱི་ལྟ་གྲུབ་དག་ཏུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ལྟ་བ་མངོན་འདུག་པ་འདྲ་ནའང་།ནུབ་ཕྱོགས་ཀྱི་བཟོ་ལས་གསར་བརྗེ་རབས་དང་རིམ་པ་བརྒྱུད་ནས་དེང་རབས་ཅན་དུ་འགྱུར་བའི་གོ་རིམ་ཁྲོད་རང་བྱུང་ཁོར་ཡུག་ལ་སྔོག་འདོན་དང་འདུལ་སྦྱོང་གི་ཤུགས་ཇེ་དྲག་ཏུ་གྱུར་ཅིང་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ལ་རྒྱལ་ཁ་བསྟུད་མར་ཐོབ་པ་ལས་རང་བྱུང་ཁམས་ལ་གཏོར་བརླག་བྱེད་པའི་རྣམ་པ་ཛ་དྲག་ཏུ་གྱུར་ཏེ་ཁོར་ཡུག་གི་གནད་དོན་དེ་མིའི་རིགས་སྤྱིའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་བས།སྐྱེ་ཁམས་རྩོམ་རིག་གིས་ཤུགས་ཆེན་པོས་དེར་ཁ་གཏད་ནས་རྩོམ་ཐབས་སྣ་ཚོགས་ཀྱིས་འབོད་སྐུལ་དང་དགག་བཞག་གིས་འབྲི་གནང་མཛད་པ་རེད།དེར་བསྟུན་ནས་སྐྱེ་ཁམས་རིག་པ་དང་འབྲེལ་ནས་རྩོམ་རིག་དཔྱད་བརྗོད་བྱེད་པའི་སྐྱེ་ཁམས་དཔྱད་བརྗོད་ཀྱང་ཆེས་ཆེར་དར་བ་སྟེ།ལོའི་1978རྩོམ་རིག་དང་སྐྱེ་ཁམས་རིག་པ་སྟེ་སྐྱེ་ཁམས་དཔྱད་བརྗོད་ཐེངས་ཤིག་གི་ཚོད་ལྟདང་1991ལོའི་འཆར་ཡན་རིང་ལུགས་ཀྱི་སྐྱེ་ཁམས་རིག་པ།   1998ལོའི་རང་བྱུང་རྩོམ་རིག་སྟེ་རྒྱལ་སྤྱིའི་རང་བཞིན་གྱི་རྒྱུ་ཆ་ཕྱོགས་སྡོམ་ཁག་གཅིགཅེས་པ་ལྟ་བུའི་བསྟན་བཅོས་གྲགས་ཆེན་མང་དུ་བྱུང་བར་མངོན།རང་རྒྱལ་ལ་མཚོན་ནའང་ནུབ་ཕྱོགས་རིག་གནས་ཀྱི་ཤུགས་རྐྱེན་གྱིས་སྔ་ཕྱིར་རིག་གནས་གསར་བརྗེ་དང་བཅོས་བསྒྱུར་སྒོ་འབྱེད་སྐབས་ནས་དེང་རབས་ཅན་བཞི་མངོན་འགྱུར་བྱས་ཏེ་བཟོ་ལས་གོང་སྤེལ་དང་དཔལ་འབྱོར་ཡར་རྒྱས་ལ་དམིགས་ནས་གཏེར་ཁུངས་སྔོག་འདོན་དང་ས་རྒོད་འདུལ་སྦྱོང་གི་ལས་ཀ་རྒྱ་ཆེར་སྤེལ་ལ།བསམ་བློའི་རླབས་རྒྱུན་དེ་དང་མཐུན་པའི་རྩོམ་རིག་བརྩམས་ཆོས་ཀྱང་མང་དུ་བྱུང་པ་རེད་དེ།བོད་ལ་མཚོན་ནའང་བསྟན་པ་རྒྱ་མཚོའི་མི་དམངས་ཤེས་རབ་རྩལ་གྱིས་དགེ་མཚན་གསར་དུ་སྐྲུན་པཞེས་པ་ལྟ་བུ་རེ་གཉིས་བྱུང་ཡོད་པ་རེད།འོབས་སུ་ཐེངས་གཅིག་ལྷུང་ན་ཤེས་རབ་ཐེངས་ཤིག་འཕེལ་བའི་དཔེ་ལྟར་སྐྱེ་ཁམས་གཏོར་བརླག་གི་གནོད་སྐྱོན་ལ་ཕྱིར་རྟོག་དང་བསམ་གཞིག་སྣ་ཚོགས་ལས།ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་སྡེ་འདྲ་མིན་ཚུགས་ཤིང་འབྲེལ་ཡོད་སྲིད་ཇུས་ཀྱང་སྣ་ཚོགས་སྤེལ་ལ།རྩོམ་རིག་གི་ཁྱབ་ཁོངས་ནས་ཀྱང་ཁོར་ཡུག་སྲུང་སྐྱོབ་ལ་འབོད་སྐུལ་སྒྲོག་པའི་བརྩམས་ཆོས་སྔ་ཕྱིར་བྱུང་ཞིང་།བོད་ཡུལ་དུའང་དུས་དེབ་དང་ཚགས་པར་ཁག་གིས་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྐོར་བརྗོད་བྱ་བྱས་པའི་ལྷུག་རྩོམ་འགྲན་སྡུར་ཡང་མང་དུ་སྤེལ།དེ་དང་འགྲོག་ནས་སྐྱེ་ཁམས་རྩོམ་རིག་གི་བསྟན་པ་ཆེས་ཆེར་དར་བ་རེད་དེ།བརྩམས་སྒྲུང་ལ་ཡང་རྣམ་སྲས་ཀྱི་མཇུག་མཐའི་རི་དྭགས་རྔོན་ཐེངས་ཤིགལྟ་བུའི་བརྩམས་ཆོས་རེ་འགའ་བྱུང་མོད།ཚེ་རིང་དོན་གྲུབ་ཀྱི་ཝ་ནག་ལུང་བལྟར་མཚོན་བྱ་རྒྱ་ཆེ་ལ་སྐྱེ་ཁམས་དར་རྒུད་ཀྱི་བྱུང་རིམ་ཁོག་དབུབ་དང་བཅས་པ་ཤོང་མཁན་ནི་ཤིན་ཏུ་དཀོན་པར་སྣང་ལ།འདིའི་སྐྱོ་གར་གྱི་བྱུང་རིམ་ལས་འཆར་ཡན་རིང་ལུགས་ཀྱི་བསམ་བློའི་སྙིང་སྟོབས་ཤིག་ཀྱང་མངོན་ཡོང་བ་ཞིག་གོ།

གསུམ་པ།ཝ་ནག་ལུང་བའི་བརྡ་རྟགས་མ་ལག་གིས་སྐྱེ་ཁམས་ཀྱི་དར་རྒུད་མཚོན་པ།

  སྒྲུང་གཏམ་འདིར་བརྡ་རྟགས་ཀྱི་མ་ལག་ཅིག་སྐྲུན་ནས་སྐྱེ་ཁམས་དར་རྒུད་ཀྱི་ལོ་རྒྱུས་མཚོན་པར་བྱས་ཡོད་དེ།ཐོག་མར་ལབ་ཙེ་དང་དར་ལྕོག་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཤ་རུས་པའི་གསེང་ལ་འཐིམ་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་ཏེ་འདི་ནི་གནས་དེའི་རི་ཆུ་ནགས་གསུམ་ལ་གནས་པའི་ཡུལ་ལྷ་གཞི་བདག་གི་དཔང་བསྟོད་དང་མཆོད་བཀུར་བྱེད་པར་བཞེངས་པ་ཞིག་རེད།དེས་ན་བརྩམས་སྒྲུང་འདིའི་མགོར་“ལབ་ཙེ་ཆུང་ཆུང་ཞིག་དང་དར་ལྕོག་འགའ་འཐེན་ཡོད་པའི་ཉག་ག་ཞིག་ཡོད་ལ”ཞེས་པ་འདི་བརྩམས་སྒྲུང་འདིའི་འཇུག་སྒོ་ལྟ་བུ་རེད་དེ།བརྡ་རྟགས་དེ་དག་གིས་དོན་ལ་མི་རིགས་རང་གི་རང་བྱུང་ཁམས་ལ་དྲིན་གཟོའི་འདུ་ཤེས་མངའ་བའི་གདོད་མའི་རིན་ཐང་གི་ལྟ་བ་ཞིག་དང་བརྟན་གཡོའི་སྣོད་བཅུད་ནི་འཆམ་མཐུན་མཉམ་གནས་ཀྱིས་འཚོ་འོས་པའི་སྐྱེ་ཁམས་ལ་ངོས་འཛིན་བྱ་སྟངས་ཤིག་མཚོན་གྱིན་ཡོད།བརྡ་རྟགས་དེ་དག་གིས་མཚོན་པའི་རིག་གནས་ལྟ་གྲུབ་དེས་བསྐྱེད་པའི་སྐྱེ་ཁམས་ནི་“རྩྭ་སྣ་མང་ཞིང་རྩྭ་རྫོང་མཐུག་པ།ལུང་རྐེད་ན་འདམ་ར་ལུག་ལྷས་ཙམ་ཞིག་ཡོད་པ་དེ་རུ་ག་ས་ག་ནས་ཆུ་མིག་མང་པོ་བརྡོལ་ཅིང་ཕན་ཚུན་འདྲེས་ཏེ་ཆུ་ཕྲན་དྭངས་མོ་ཞིག་ལུང་དཀྱིལ་བརྒྱུད་ནས་བཞུར་བཞིན་ཡོད།སྤྱི་ཟླ་བདུན་པ་དང་བརྒྱད་པའི་དུས་སུ་ལུང་བའི་མགོ་སྟོད་དུ་སྨག་ཤད་དང་།སྤེན་དཀར།སྤེན་ནགསུ་རུ་སོགས་ཚང་ཚིང་སྡོང་ཕྲན་གྱི་མགོ་ལ་མེ་ཏོག་སྣ་ཚོགས་བཞད་པ་་་་་་་་་་་་་་་གླིང་སྒྲུང་དུ་བརྗོད་པའི་རྩྭ་ར་པདྨ་སྟོང་ལྡན་ཟེར་བ་འདི་ལོས་ཡིན་སྙམ་པར་བྱེད”[④]ཅེས་པ་ལྟར།མེ་ཏོག་དཀར་དམར་ཁྲ་གསུམ་དང་རྩྭ་ཆུ་ཉིས་འཛོམས་ཀྱི་པང་དུ་རྟ་ནོར་ལུག་གསུམ་དལ་ལྷོད་བག་ཕེབས་ཀྱིས་གནས་པ་ལས་ཕྱི་སྣོད་ཀྱི་འཇིག་རྟེན་“མཛེས་ཤིང་སྡུག་ལ”ནང་བཅུད་ཀྱི་སེམས་ཅན“འབྱོར་ཕྱུག་ལྡན་པ”ཞིག་ཡིན་ཚུལ་བྲིས་པ་འདི་ལས་སྔ་རབས་ཀྱི་སྣོད་བཅུད་འཆམ་མཐུན་གྱི་རྣམ་པ་ཉིང་བསྡུས་ཀྱིས་བྲིས་འདུག་ལ།དེ་རྗེས་ཝ་ནག་ལུང་བ་དང་ཁ་གྱེས་སྐབས་བར་སྣང་ལ་གཏོར་བའི་རླུང་རྟ་བསྡམས་ལོག་དང་ཤུགས་གང་ཡོད་བཏོན་ནས་ཀི་བསྭོ་ལྷ་རྒྱལ་སྒྲོག་པ་ནི་ཆེས་མཐའ་མཇུག་རང་བྱུང་ཁམས་ལ་བདེ་མོ་འཇོག་སྟངས་ཤིག་རེད་དེ།ཡིན་ཡང་ཁོའི་ཀི་བསྭོ་ལྷ་རྒྱལ་གྱི་སྒྲ་ཇི་ལྟར་མཐོ་ཡང་དེང་རབས་འཕྲུལ་ཆས་ཏེ་ཧྲུག་ཧྥུའུ་རུ་འབོད་པའི་ལག་སྐྱོར་འདྲུད་འཐེན་འཁོར་ལོའི་སྣུམ་སྒོ་ཆེས་ཆེར་ཕྱེ་བའི་སྒྲ་ཡིས་མནན།
  གཉིས་ནས་བརྡ་རྟགས་འགའ་ཡི་འགྱུར་ལྡོག་དང་ཐོབ་ཤོར་ལས་མི་རྣམས་ཀྱིས་རང་བྱུང་ཁམས་ལ་བཟུང་བའི་རིག་གནས་སེམས་ཁམས་ཀྱི་འགྱུར་བ་དང་ཐོབ་ཤོར་གྱི་བདེ་སྡུག་མཚོན་པར་བྱས་ཡོད་དེ།སངས་རྒྱས་ཀྱི་ཕ་ཝང་གི་འབུར་རིས་ཅན་གྱི་འཇབ་ཙེ་ནི་ཅུང་སྦས་པའི་རྣམ་པའི་བསྡུས་བརྗོད་རང་བཞིན་གྱི་དཔེ་མཚོན་ཞིག་ཡིན་ཏེ།རང་ལ་ཡོད་པ་གང་དེ་མཉམ་མ་བཞག་པར་སྟེང་ལ་རྐང་པ་སྤོས་པའམ།པུས་བཙུགས་ནས་ཁ་འཆོལ་དུ་བཅུག་པས་ནུས་པ་ཇེ་ཞན་དུ་གྱུར་ལ།རྗེས་ནས་བོར་སོང་བ་འདིས་སངས་རྒྱས་ཀྱི་སྤྱོད་སྒོ་ཆེ་བའི་དངོས་པོ་ཞིག་ལག་ནས་ཤོར་བ་མཚོན་ལ།ཐོབ་ཤོར་གྱི་གོ་རིམ་འདི་དང་རྩྭ་སའི་འགན་གཙང་ལེན་ནས་ཕྱུགས་དོར་རྩྭ་སྐྱོང་གི་གོ་རིམ་འདིའི་བར་དུ་ང་ཚོས་མཚུངས་ཆོས་འདྲ་དཔེ་མང་དུ་མཆིས་པ་ཤེས་ཐུབ།དེ་དག་ལས་ཀྱང་མཚོན་བྱེད་དུ་རུང་བའི་རིག་གནས་བརྡ་རྟགས་ཀྱི་དངོས་པོ་གལ་ཆེན་གཉིས་ཡོད་པ་ནི།ཐོག་མར་རིན་གོང་ཅི་ཙམ་མཐོ་ཡང་གཞན་ལ་བཙོང་མི་སྲིད་པའི་རྟ་སྒ་དང་སྒོ་ཁྱི་གཉིས་རེད།“སྐད་ཆ་སྨྲ་མི་ཤེས་པ་དང་།སྒོ་ཕྱི་ཁྱིམ་ན་བསྡད་ཡོད་མེད་མ་གཏོགས་བཟའ་མི་རྣམས་དང་ཁྱད་མེད་པར།ལོ་ངོ་དྲུག་བདུན་ཙམ་ལ་གཟུགས་དང་གྲིབ་མ་ཇི་བཞིན་མཉམ་དུ་འགྲོག་པའི་ཁྱི་རྒན”[⑤]ཞེས་པ་ལྟར་བོད་མིའི་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་མངོན་པར་མཚོན་པའི་སྒོ་ཁའི་ཁྱི་ནི་གཡང་གི་རུ་མ་དང་བསོད་ནམས་ཀྱི་བཅུད་དུ་སྒོམ་ཡོད་པས་ཁྱི་ཚོང་རྒྱག་མི་སྲིད་ལ།རྟ་ཕོའི་གཡང་རྟེན་དུ་ཉར་བའི་རྟ་སྒ་ཡང་དེ་དང་དེ་བཞིན་རེད།ཡིན་ཡང་ཝ་ནག་ལུང་བ་དང་གྱེས་ནས་རྩེ་གཞུང་རྫོང་མཁར་དུ་སླེབས་ཏེ།ཨ་གསར་གྱི་འཚོ་བ་ཡུན་ཐུང་ངང་མཇུག་སྒྲིལ་བས་ཁྱི་རྒན་ཁྱི་རྐུན་གྱིས་བརྐུས་ཏེ་ལྕགས་ཐག་དང་བཅས་པ་ཁབ་ས་འོག་ཏུ་འཛུལ་བ་ལྟར་གྱུར་བས།བཟའ་མི་རེ་རེའི་སེམས་ཁོང་སྟོང་བར་གྱུར།དེའི་རྗེས་ལ་ཕ་མ་གཉིས་ལ་ཇ་ནག་གི་ཁར་མར་སོ་མ་ཞིག་ཀྱང་འཕེན་རྒྱུ་མེད་པའི་འཚོ་གནས་ཀྱི་དཀའ་ཁག་ཆེ་དུས་ཀྱང་རྟ་སྒ་མ་བཙོང་མོད།ཕ་རྒན་ཤི་བར་ཆོས་ཡག་པོ་སྒྲུབ་བྱེད་དུ་རྟ་སྒའང་མི་འཚོང་ཐབས་མེད་དུ་གྱུར།དེས་ན་དཔེར་མཚོན་རང་བཞིན་གྱི་བརྡ་རྟགས་འདི་དག་གི་ཐོབ་ཤོར་གྱི་གོ་རིམ་འདི་ནི་མི་དང་རང་བྱུང་གི་བར་ཐག་བཀྱེད་སྟངས་ཤིག་རེད།
  གསུམ་ནས་རྩེ་གཞུང་རྫོང་མཁར་དེ་བརྡ་རྟགས་ཀྱི་མ་ལག་ཆེན་པོ་ཞིག་སྟེ།སྒྲུང་གཏམ་གྱི་སུམ་ཆའི་གཉིས་ཙམ་ནི་འདི་ཡིས་ཟིན་འདུག དེ་རུ་གྲོང་ཁྱེར་གྱི་མཚོན་བྱེད་དུ་རུང་བའི་རྒྱང་ནས་བལྟས་ན་གྱོ་མོ་བཟོ་གྲྭ་ལྟ་བུའི་གྲལ་འགྲིག་པའི་རྡོ་ཁང་དང་དེའི་མཐའ་བསྐོར་བའི་ལྕགས་རི།སྤྱི་ལ་ཞབས་ཞུ་མི་སྒྲུབ་པར་རང་དོན་ཚོང་ལས་ལ་མཁས་པའི་ཉེན་རྟོག་པ།རྣམ་པ་རིང་ལུགས་ཀྱི་ཐབས་སྣ་ཚོགས་ལ་མཁས་པའི་ལས་བྱེད་མགོ་མར་མ།མགོ་སྒུར་ན་རླིག་པ་གཅོད་པའི་རྐུན་མའི་ཚོགས།མཛའ་ཞིང་བརྩེ་བའི་ཧྲི་ཁྲ་ཚོགས་པ།ཁྲུས་གཞོང་ལྟ་བུའི་བེད་མེད་ཀྱི་ཆབ་གཞོང་སོགས་ཀྱིས་གྲུབ་པའི་བརྡ་རྟགས་འདིའི་གྲོང་ཁྱེར་གྱི་འཐུས་ཚབ་ཡིན་པའི་རྩེ་གཞུང་རྫོང་མཁར་གྱི་ངོ་གདོང་གསལ་བོར་འགྲེལ་ཐུབ་ལ།བརྡ་རྟགས་མ་ལག་དེ་དག་གི་རིམ་འགྱུར་གྱིས་མིའི་བསམ་བློ་འཇིག་རྟེན་གྱི་འཇིག་ཉེན་ཡང་འགྲེམ་སྟོན་བྱས་འདུག་སྙམ་བྱུང་།དེ་ཡང་བརྡ་རྟགས་ཀྱི་ཚོགས་པ་འདི་ནི་གྲོང་ཁྱེར་གྱིས་འབྲོག་མི་ཚོར་སྦྱིན་པའི་འདུ་ཤེས་འཛིན་སྟངས་ཀྱི་གཞན་པའི་སྣང་བརྙན(意识形态的他者形象)རེད།འདི་ལ་“ཕྱོགས་བསྡུས་ཀྱི་ནུས་པ་ཞིག་ཡོད་པ་ནི།གཟིགས་རྟོགས་མཁན(注视者)གྱིས་སྔར་ལས་ལྷག་པའི་ངང་རང་ཉིད་ཀྱི་ཐོབ་ཐང་གཏན་འབེབ་དང་།རང་ཉིད་ཀྱི་ཐོབ་ཐང་བསྐྱར་མཚོན་བྱེད་པ་རེད”[⑥]ཅེས་པ་ལྟར།རྩེ་གཞུང་རྫོང་མཁར་གྱི་སྣང་བརྙན་དེ་ལས་ད་གཟོད་རྩོམ་པ་པོས་ཐོག་མར་ཝ་ནག་ལུང་པའི་སོས་དལ་བག་ཕེབས་ཀྱི་འཚོ་བ་ཞིབ་ཏུ་བྲིས་པའི་རྒྱུ་མཚན་ཡང་ཚོར་ཡོང་།དེ་ལྟར་ན་རྫོང་མཁར་གྱི་བརྡ་རྟགས་མ་ལག་འདི་ཡིས་བསྐྱེད་པའི་སྐྱེ་ཁམས་ནི་སྦག་ཙོག་ཏུ་གྱུར་ཏེ་ཕག་གིས་ཀྱང་མི་འཐུང་བའི་རྩེ་ཆུ་དང་ཕྱི་ཤུན་རལ་ཅིང་ནང་སྙིང་བྲུས་པའི་ཝ་ནག་ལུང་བ།བླ་སྲོག་བོར་བའི་མི་ཚོགས།དུས་ངེས་མེད་ཀྱི་རང་བྱུང་གི་གནོད་འཚེ་སྣ་ཚོགས་པ་འདི་དག་རེད།

བཞི་པ། སྒྲིག་གཞིའི་གྲུབ་ཚུལ་ལས་སྐྱེ་ཁམས་ཉམས་རྒུད་ཀྱི་བྱུང་རིམ་མངོན་པར་བྱས་པ།

  སྤྱིར་ན་འདི་ནི་སྒྲུང་ཐུང་ཅུང་རིང་ཤོས་ཤིག་ཡིན་ནའང་།སྒྲུང་ཐུང་གི་ཤོང་ཚད་ལྟར་ཡིག་འབྲུའི་ཁ་གྲངས་ཀྱི་ཚད་བཀག་གི་དབང་གིས་གཏམ་རྒྱུད་ཀྱི་བྱུང་རིམ་ལ་ཁུངས་སྣེ་མང་པོ་མེད་པར་མ་ཟད།གཏམ་སྦྱོར་གྱི་གྲུབ་ཚུལ་ཡང་ཅུང་སྟབས་བདེ་ཅན་དུ་སྣང་བས།ཀློག་པ་པོ་ལ་བར་ཐག་མེད་པར་སྒྲུང་གི་འཇིག་རྟེན་ལ་ཐད་ཀར་ཞུགས་ནུས་པ་ཞིག་ཡིན་ནའང་།མངོན་སུམ་དུ་མཐོང་བའི་སྒྲིག་གཞི་དེ་ནི་མཚོན་བྱེད་དུ་གྱུར་ཏེ།དེའི་ཤུགས་སུ་མཚོན་བྱར་གྱུར་བའི་ལྐོག་གྱུར་གྱི་སྒྲིག་གཞི་ཞིག་ཀྱང་བཀོད་སྒྲིག་བྱས་ཏེ།མངོན་ལྐོག་གཉིས་སུ་གྱེས་པའི་སྒྲིག་གཞི་དེ་གཉིས་ཀྱི་བར་ཐག་ཉེ་ལ་གོ་སླ་བ་ཅན་ཞིག་ཡིན་ནའང་།དྲང་ངེས་ལྡེམ་དགོངས་ཀྱི་བརྗོད་སྙིང་ནི་ཀློག་པ་པོ་སོ་སོར་དབང་བ་ཞིག་ཏུ་གྱུར་ཡོད།
  རྩོམ་ཆོས་ངོས་ནས་ཐད་ཀར་མཐོང་ཐུབ་པའི་མངོན་གསལ་གྱི་སྒྲིག་གཞི་ནི་ཐོག་མར་རྩྭ་སྣ་འཛོམས་ལ་ཕྱུགས་ཟོག་འཕེལ་བའི་ཝ་ནག་ལུང་བའི་ནང་གི་མི་རྣམས་ནི་ཀུ་རེ་གཏམ་ལ་དགའ་བ།མཚང་འབྲུ་སྐྱོན་འདོགས་སོགས་བྱས་ཀྱང་ཕན་ཚུན་ལ་ཁྲོ་བ་མེད་པར་བློ་རྒྱ་ཡངས་པ་བཅས་ཀྱི་ཡོན་ཏན་ཀུན་རྫོགས་ཀྱི་གཏམ་སྦྱོར་འགའ་བཀོད་སྒྲིག་བྱས་པའི་རྗེས་ལ།སངས་རྒྱས་ཀྱིས་འཆར་ཡན་བྱས་པའི་རྫོང་མཁར་གྱི་ཁང་བ་སོགས་ཀྱི་བསླུ་བྲིད་དང་འཚོ་གནས་ཀྱི་བརྡབ་གསིག་མ་བཟོད་པར།གདམས་ཀ་གཞན་ཞིག་བྱས་ཏེ་རྩེ་གཞུང་རྫོང་མཁར་དུ་བབས་ཚུལ་གླེང་ནས།དེ་རུ་ངན་དགུ་ཚང་ཞིང་སྐྱོན་སྣ་ཀུན་འདུས་ཀྱི་མི་སྣ་སྐོར་ཞིག་བཞེངས་སྐྲུན་བྱས་ཤིང་།དེ་དག་གིས་གྲུབ་པའི་གྲོང་ཁྱེར་གྱི་བྱས་ཉེས་ཏེ།རྡོ་དུག་དང་ཟས་དུག་གིས་མི་རྣམས་ཀྱི་གཅེས་པའི་ཚེ་སྲོག་འཕྲོག་པ་དང་།ཁང་གླད་རྡིབ་པའམ་ས་འགུལ་ལྟ་བུའི་རང་བྱུང་གནོད་འཚེའི་ཆག་འཇིག་བཅས་ཀྱི་དོན་རྐྱེན་མང་པོ་འཕྲོ་རིམ་འཕྲོར་བྱུང་བ་བརྗོད་འདུག མཐའ་མར་གྲོང་ཁྱེར་དུ་འདུག་འདོད་ཀྱི་འདུན་པ་ནུབ་ཅིང་དེའི་གཟུང་ཐག་(ལྷ་རིས་སྐྱིད)ཆད་ནས་ཕྱིར་རྩྭ་ཐང་ལ་ལོག་ཀྱང་།ཝ་ནག་ལུང་བ་ནི་ས་བརྐོ་རྡོ་སློག་བྱས་ཏེ་འཕྲུལ་འཁོར་གྱི་ལྡིར་སྒྲས་འབྲུག་སྟོང་དུས་གཅིག་གྲགས་པ་ལྟར་མནན་འདུག་པ་ལས་མཇུག་གྲུབ་པར་བྱས་འདུག(འདི་ལ་གསལ་བཤད་ཅིག་ཡོད་པ་ནི།<<སྦྲང་ཆར>>དུ་བཀོད་པའི་ཝ་ནག་ལུང་བའི་མཇུག་ལ་ཚིག་གཞན་ཞིག་བསྣན་འདུག་མོད།རྩོམ་པ་པོའི་སྒེར་དེབ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པ་དེ་དང་མཆོད་མེ་དྲ་བར་བཀོད་པ་དག་ན་དེ་མི་འདུག་པས།ཕྱི་མ་དེ་དག་གཞིར་བཟུང་ནས་བཤད་པ་ཡིན
  མདོར་ན་གཏམ་རྒྱུད་ཀྱི་སྐུད་སྣེ་སངས་རྒྱས་ཚང་བྱས་ཏེ།ཁོ་ཚང་འབྲོག་ནས་གྲོང་དུ་ཕབ་པ་དང་གྲོང་ནས་མ་སྡོད་པར་ཕྱིར་ལོག་ཀྱང་།ཕྱིར་ལོག་པའི་འབྲོག་པ་སངས་རྒྱས་ཚང་ཡང་སྔར་གྱི་ཚང་རྒྱས་ཚང་མིན་པའི་སངས་རྒྱས་ཚང་གཞན་ཞིག་ཏུ་གྱུར་འདུག་ཅིང་།ཕྱིར་ལོག་སའི་ཝ་ནག་ལུང་བའང་ཝ་ནག་ལུང་བ་མ་ཡིན་པའི་ཝ་ནག་ལུང་བ་གཞན་ཞིག་ཏུ་བསྒྱུར་འདུག་པ་དེ་རེད་ལ།འབྲོག་པ་ཕྱིར་ལ་ཐོན་དུས་རྩྭ་ཐང་བོར་བ་སྟེ།རི་བོང་རི་བོང་ཤོར།སྡོམ་པ་སྡོམ་པ་ཤོར་བའི་སྐྱོ་གར་གྱི་བྱུང་རིམ་ཞིག་སྤྲོས་བརྗོད་བྱས་འདུག་པ་གཤམ་གྱི་དཔེ་རིས་ལྟར།

  དེ་ལྟར་ན་མངོན་གསལ་གྱི་སྒྲིག་གཞི་དེའི་རྒྱབ་ལ་བསྐོང་བའི་ཤུགས་བསྟན་གྱི་སྒྲིག་གཞི་ནི་རིག་གནས་ཀྱི་བརྡ་རྟགས་མ་ལགས་སྐོར་ཞིག་བཀོད་སྒྲིག་བྱས་ནས།ལུང་བའི་ནང་གི་ཝ་ནག་ལུང་བ་དེའི་ནང་གི་ཝ་མོ་ནག་པོ་དག་གི་ཕྱིར་ཏུ་དགོན་པར་རིམ་གྲོ་སྒྲུབ་ཅིང་ལུང་བ་དེ་དང་བཅས་པའི་ཕ་ཡུལ་གྱི་རི་ཆུའི་དཔུང་སྟོད་པའི་སངས་རྒྱས་ཚང་གིས།འདོད་ཆུང་ཆོག་ཤེས་དང་སྐྱེ་དགུ་ལ་དྲིན་ཤེས་དྲིན་གཟོ་ཡི་འདུ་ཤེས་མངའ་བའི་སོས་དལ་བག་ཕེབས་ཀྱི་འཚོ་བ་དེ་རླུང་རྟ་སྤར་གང་དང་ལྷན་ཏུ་བདེ་མོ་བཞག་ཀྱང་།རྫོང་མཁར་ལ་སླེབས་པ་ནས་ཧམ་སེམས་དང་གཡོ་སྒྱུ།གཉའ་གནོན།མཐོང་ཆུང་།འཚུལ་འཆོས་བཅས་ཀྱིས་ཐོག་མའི་དྭངས་གཙང་གཤིས་འཇམ་ལ་གཙུབ་བརྡར་དང་གཡོ་སྐྱོམ་སོགས་ཀྱི་ནག་ནོག་གི་དྲི་མ་བསྒོས་ཤིང་།སྤོ་བོ་འཇམ་དབྱངས་ཀྱང་གློ་བུར་ཧོན་ལོག་ནས་ཁྱི་རྒན་དང་ཆུང་དུས་ཀྱི་སྒོ་ཟོག་མཛོ་རྒན་རྒྱ་ཐོ།རྟ་རྒན་སྐྱ་ལོ་དང་ནག་སྒུར་སོགས་ངག་ནས་ཡང་ཡང་བཟློ་བཞིན་དྲན་པ་མི་གསལ་བར་གྱུར་ནས་ཡུན་རིང་མ་འགོར་བར་ཚེ་ལས་འདས་པ།རྨོ་མོ་གཡང་འཛོམས་ཀྱང་དེ་བཞིན་སྨྲ་བ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་པ།དགོན་པའི་གྲྭ་བ་སྐྱ་སར་བབས་ནས་ཕྱིར་དགོན་པར་བརྐུ་བྱེད་པ།བུ་མོ་ཚོ་སྨད་འཚོང་གི་ལས་འཇུག་པ་བཅས་ཀྱིས་མིའི་ནང་བསམ་བློའི་འཇིག་རྟེན་གྱི་ཉམས་རྒུད་གསལ་བོར་མངོན་ཞིང་།དེ་དག་གི་བྱུང་རྐྱེན་ཡང་མི་རྣམས་རང་བྱུང་ཁམས་དང་ཕྲལ་བ་དང་།རང་བྱུང་ཁམས་ལ་གཏོར་བརླག་བྱས་པའི་ཉེས་པ་གཉིས་ལ་སྦྱར་འདུག་སྟེ།རྡོ་ནག་གོང་ཆེན་དང་ཕག་གིས་ཀྱང་མི་འཐུང་བའི་རྩེ་ཆུ།སྨད་འཚོང་དང་བརྐུ་འཕྲོག་གི་ལས་ཀ་བསྒྲུབ་མཁན་ཚོ།ད་དུང་ཡང་ཕྱོགས་ཡོང་གི་དབྱར་རྩྭ་བརྐོ་མཁན་དང་ལམ་ལས་མཁན།ཁང་པ་བཟོ་མཁན་ཆུ་གདུས་པ་བཞིན་བཞུར་ནས་ཐོན་པ་དེ་ཚོ་ལྟ་བུ།དེ་ལྟར་བྱུང་རིམ་ལས་གསལ་བ་ནི།ཐོག་མར་རང་བྱུང་ཁམས་ལ་འཆམ་མཐུན་དང་མཉམ་གནས།དྲིན་གཟོའི་འདུ་ཤེས་ཡོད་པར་མ་ཟད།དེ་ལ་དགའ་དད་སྤྲོ་གསུམ་ཡོད་པའི་འདུ་ཤེས་རིགས་ཤིག་ཡུན་གྱིས་གཞན་དུ་འགྱུར་བའི་གོ་རིམ་གསལ་ཞིང་།ཤོར་བ་ལས་ཐོབ་པ་ཉུང་ཞིང་ཕན་དང་ཁེ་གཉིས་འབྲས་མེད་དུ་གྱུར་བའི་སྒྲིག་གཞིའི་བྱུང་རིམ་དེ་ནི་ང་ཚོའི་སྐྱེ་ཁམས་འདུ་ཤེས་ཀྱི་ལྟ་བའི་འཕོ་འགྱུར་གྱི་ལོ་རྒྱུས་ཡིན་པར་སྙམ་སྟེ།གཤམ་གྱི་དཔེ་རིས་ལྟར།
མངོན་སུམ་གྱི
་སྒྲིག་གཞི།
ཝ་ནག་ལུང་བ། སངས་རྒྱས། དགེ་འདུན་
རྒྱ་མཚོ།
ཉེན་རྟོག་པ། མགོ་མར་མ། ཁང་བ། དར་ལྕོག་ནག་པོ། རྡོ་ནག
ཤུགས་བསྟན་གྱི་
སྒྲིག་གཞི།
རང་བྱུང་ཁམས། དད་པ། དྲིན་ཤེས་
དྲིན་གཟོ།
སྒེར་སེམས། འཚུལ་འཆོས། རྣམ་པ་རིང་ལུགས། སྦག་ཙོག གཏོར་བརླག
 
  གོང་གསལ་དཔེ་རིས་སུ་དཔེར་མཚོན་ཙམ་དྲངས་པ་ཡིན་ལ།སྤྱི་ཁོག་གི་སྒྲིག་གཞི་ལ་འཁོར་ལོའི་རྣམ་པ་ཞིག་འདུག་ནའང་།ཕྱིར་ལོག་སའི་ཝ་ནག་ལུང་བ་ནི་དེངས་རབས་འཕྲུལ་ཆས་ཀྱིས་བཅོམ་པའི་ལུང་བ་ཞིག་སྟེ།དར་ལྕོག་དང་ལབ་ཙེའང་སྔོན་མའི་ཞིབ་འབྲི་བྱས་པ་དང་མི་འདྲ་བར།ཁ་དོག་ནག་པོར་གྱུར་ཚུལ་བྲིས་པ་ལས།ཤུགས་བསྟན་གྱི་སྒྲིག་གཞི་ནི་རིག་གནས་ཤིག་གི་སྙིང་བོར་གྱུར་བའི་སྐྱེ་ཁམས་མ་ལག་ཧྲིལ་བོའི་ལྟ་བ་དེ་ནི་མི་ཉིད་གཙོ་བོར་འཛིན་པའི་རིག་གནས་ཀྱི་མདུན་དུ་ཉམས་ཆུང་བར་གྱུར་བའི་ཚུལ་དེ་རིམ་པར་བྲིས་འདུག
གཏམ་རྒྱུད་ཀྱི་དུས་ཚོད་དང་དོན་བརྗོད་ཀྱི་དུས་ཚོད་གཉིས་ཀྱི་དབང་དུ་བྱས་ཏེ་བལྟས་ན་བྱུང་རིམ་ནི་དུས་ཀྱི་བྱུང་རིམ་ལྟར་བཀོད་སྒྲིག་བྱས་འདུག་ཀྱང་།ཝ་ནག་ལུང་བའི་ཝ་ནག་པོ་ཡིན་པ་དང་སངས་རྒྱས་ཀྱི་ཆུང་མ་ཀླུ་སྒྲོན་གྱི་འཁང་ར།སངས་རྒྱས་ཀྱི་འཆར་གཞི་བཅས་ཀྱིས་དོན་བརྗོད་ལུང་བསྟན་(预叙)བྱེད་ཀྱིན་འདུག་ལ། ཁྱིམ་ཚང་ཞིག་གི་ལོ་ངོ་གཉིས་ལྷག་གི་འགྱུར་ལྡོག་དེ་སྒྲུང་ཐུང་ཞིག་གིས་མཚོན་པར་བྱེད་པ་ལ་དོན་བརྗོད་མྱུར་འབྲི་(快叙)ལས་ནར་མའི་འཚོ་བ་ཞིབ་འབྲི་དང་བར་བཅུག་གི་འཕྲོས་བཤད་ལྟ་བུ་མང་དུ་སྤྲོས་བརྗོད་བྱས་མི་འདུག་ནའང་།ཁྱབ་ཆེ་ལ་བསྡུས་གཟུགས་སུ་རུང་བའི་འབྲོག་ལས་རིག་གནས་ཀྱི་མཚོན་བྱེད་ཝ་ནག་ལུང་བ་དང་དེང་རབས་གྲོང་ཁྱེར་གྱི་དཔེར་མཚོན་རྩེ་གཞུང་རྫོང་མཁར་གཉིས་འགལ་བ་ལྟག་སྤྲོད་ཀྱིས་བཞེངས་སྐྲུན་བྱས་ཤིང་།དེ་གཉིས་གཤིབ་བསྡུར་གྱིས་ཕྱི་མའི་འཕེལ་རྒྱས་ནི་སྔ་མའི་ཉམས་རྒུད་དུ་གྱུར་ཅིང་།མཐའ་མཇུག་གི་གདམས་གསེས་ཀྱིས་མིའི་རིགས་ཀྱི་ལམ་ཁ་ནི་སྔ་མ་ཡིན་འོས་ཀྱང་།མིའི་རིགས་ཀྱི་སྐྱོ་གར་ལ་ཁ་གསབ་དང་བཅོས་སྐྱོང་བྱ་ཐབས་བྲལ་བའི་སྐྱོ་གར་གྱི་བྱུང་རིམ་ཞིག་སྟེ། “སྐྱེ་ཁམས་རྩོམ་རིག་གི་ཁྱད་ཆོས་དམིགས་བསལ་བ་ཞིག་ནི་མི་དང་རང་བྱུང་ཁམས་ནི་དོ་བསྡོ་བ།  འདུལ་སྦྱོང་།  འཁོན་ལན་སློག་པ་བཅས་ཀྱི་བཙོག་པ་འཁོར་རྒྱུག་གི་ཁྲོད་ནས་ཕྱིར་བུད་དེ།མི་དང་རང་བྱུང་གི་གདན་ཐོབ་བསྐྱར་དུ་ལེགས་བཅོས་བྱེད་པའི་རེ་ཞུ་དེ་རྩོམ་རིག་གི་རྣམ་པའི་ཁྲོད་མངོན་པར་བྱེད་པ་དེ་ཡིན”[⑦]ཞེས་པ་ལྟར།སྒྲུང་གཏམ་འདིའི་སྒྲིག་གཞི་ནི་མི་དང་རང་བྱུང་གི་བཙོག་པ་འཁོར་རྒྱུག་གི་འབྲེལ་བའི་གོ་རིམ་ལྟར་བཀོད་སྒྲིག་བྱས་ཤིང་།དེ་ཡི་ཆོས་ཉིད་ཀྱི་བསྡུས་གཟུགས་ཤིག་འགྲེམས་སྟོན་བྱས་ཏེ་བསམ་འདུན་དེ་ལྟ་བུ་ཞིག་མངོན་པར་བྱས་པར་འདོད་དོ།།

ལྔ་བ། མཇུག་སྡོམ།

  དེ་ལྟར་སྐྱེ་ཁམས་རྩོམ་རིག་གི་ཁྱད་ཆོས་ནི་གཅིག་ནས་སྐྱེ་ཁམས་མ་ལག་ཧྲིལ་བོའི་ཕན་ཁེ་ལྟེ་བར་འཛིན་པ་དང་།གཉིས་ནས་མི་དང་རང་བྱུང་གི་འབྲེལ་བར་རྟོག་ཞིབ་བྱེད་པ།གསུམ་ནས་སྐྱེ་ཁམས་ཉམས་རྒུད་ཀྱི་སྤྱི་ཚོགས་འབྱུང་ཁུངས་འཚོལ་ཞིབ་བྱེད་པ།བཞི་ནས་མི་དང་སྐྱེ་དགུ་ཡོད་ཚད་འཆམ་མཐུན་མཉམ་གནས་ཀྱི་ཕུགས་བསམ་བརྗོད་ཅིང་མ་འོངས་པའི་མི་དང་སྐྱེ་ཁམས་ཀྱི་འབྲེལ་བར་སྔོན་དཔག་བྱེད་པ།ལྔ་ནས་སྐྱེ་ཁམས་མཛེས་རྟོག་མངོན་པར་མཚོན་པ་བཅས་ཕྱོགས་ལྔ་ནས་བགྲངས་པ་བཞིན།ཝ་ནག་ལུང་བའི་ཐུགས་དགོངས་གཏོད་སའང་ཁྱད་ཆོས་དེ་དག་གི་ནང་ལ་བསྡུས་ན་ཤིན་ཏུ་འཚམས་པར་འདོད་ལ།དེར་མ་ཟད་རང་རེའི་ཉེ་རབས་ཀྱི་སྐྱེ་ཁམས་ལྟ་བའི་འཕེལ་འགྱུར་གྱི་གོ་རིམ་གསལ་བའི་ལོ་རྒྱུས་ཤིག་ཀྱང་མིན་ནམ་སྙམ་བྱུང་ལ།“འདུ་ཤེས་ཀྱི་འགྱུར་བ་དང་འཚོ་ཐབས་ཀྱི་གས་ཆག་གིས་བསྐྱེད་པའི་རིག་གནས་ཀྱི་གཞི་རྩ་བོར་བ་འདིས།དུས་རབས་གཅིག་ལ་རྒྱུན་བསྲིངས་ནས་དེང་རབས་རང་བཞིན་གྱི་མི་ཡི་རྣམ་ཤེས་ལ་གཡོ་སྐྱོམ་བཟོ་བ་དང་།དེང་རབས་ཅན་གྱི་གྲོང་ཁྱེར་ཅན་དུ་འགྱུར་བའི་ཁྲོད།གནས་སྤོར་བ་རྣམས་ཀྱིས་རང་གི་འཚོ་སྡོད་བྱེད་ཐབས་དང་བསམ་བློའི་འདུ་ཤེས།རིག་གནས་ཀྱི་རྣམ་གཞག་བཅས་ལ་བརྡབ་གསིག་ཐེབས་ཤིང་དང་བསྐྱར་སྒྲིག་བྱ་དགོས་བྱུང་ཞིང” “མི་རིགས་ཤིག་གི་འཆམ་མཐུན་འཕེལ་རྒྱས་དང་རྒྱལ་ཁབ་ཅིག་གི་དོ་མཉམ་པའི་གོང་སྤེལ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགལ་བ་ལུགས་མཐུན་གྱིས་ཐག་གཅོད་བྱེད་པ་བཅས་ནུས་ཚེ།ད་གཟོད་རྒྱུན་མཐུད་འཕེལ་རྒྱས་ཀྱི་དོན་སྙིང་ཡོད་པ་རེད་ལ།དེང་སྐབས་ཀྱི་འདུ་ཤེས་སྐྱེ་ཁམས་དོ་མཉམ་གྱི་རིན་ཐང་ལ་གཞི་འཛིན་ས་ཡོད་པར་འགྱུར་ངེས”[⑧]པ་ལྟར།ཕྱིའི་འཇིག་རྟེན་སྐྱེ་ཁམས་ཀྱི་ཉམས་རྒུད་དང་མིའི་བསམ་བློའི་སྐྱེ་ཁམས་ཉམས་རྒུད་གཉིས་ནི་རྒྱུ་རྐྱེན་རྟེན་འབྲེལ་གཅིག་ལ་འདུས་ཤིང་ཚོགས་པར་གྱུར་ཚུལ་བརྗོད་ནས།དེང་རབས་ཤེས་རིག་གིས་ཕྱིར་རྟོག་དང་བསམ་གཞིག་བསྐྱར་དུ་བྱ་དགོས་པར་གསལ་བརྡ་ཞིག་བཏང་མི་འདུག་གམ་སྙམ་བྱུང་།དེ་ལྟར་སྤྱི་ཡོངས་ནས་བལྟས་ན་ཝ་ནག་ལུང་བ་ནི་སྐྱེ་ཁམས་རྩོམ་རིག་རྨ་མེད་པ་ཞིག་ཡིན་པར་འདོད་ལ།རང་རེ་ལ་འདི་དང་འདི་ལྟ་བུའི་བརྩམས་ཆོས་མང་པོ་མི་འདུག་སྙམ།ཡིན་ནའང་འདིའི་ནང་ནའང་ཅུང་བློ་ངོར་མི་བདེ་བའང་རེ་འགའ་འདུག་སྙམ་བྱུང་སྟེ།དཔེར་མཚོན་གཅིག་ནི་ཆབ་གཞོང་ཐོག་མར་མཐོང་དུས་དེ་ཆབ་གཞོང་ཡིན་མིན་རྩོད་པའི་སྒང་ལ།དགེ་འདུན་རྒྱ་མཚོས་འཛེམ་བག་མེད་པར་ཆབ་གཞོང་ནང་ལ་སྐྱག་རྒན་བཏང་བའི་གནས་ཚུལ་འདི་ནི་འབྲོག་པའི་རྒྱུན་སྲོལ་དང་མི་མཐུན་པ་ཞིག་སྟེ།ལྷག་པར་དུ་རབ་བྱུང་བ་ཞིག་ལ་མཚོན་ན་ཚང་མ་ཡོད་སར་དེ་ལྟར་བྱེད་པ་ནི་འཛེམ་བྱ་ཞིག་ཏུ་བརྩི་ནའང་།འདིའི་ནང་དུ་ཆབ་གཞོང་དེ་བེད་མེད་རྣམ་པ་ཙམ་ལས་མིན་པའི་གནས་ཚུལ་མཚོན་ཕྱིར་གཏམ་སྦྱོར་འདི་ལྟ་བུ་ཞིག་བཀོད་སྒྲིག་བྱས་པ་རེད་དེ།འདི་ཡིས་སྒྲུང་གཏམ་གྱི་འཚོ་བའི་བདེན་པ་ལ་རྨ་ཕབ་པས།སྒྱུ་རྩལ་གྱི་བདེན་པའང་ཅུང་ཤོར་འདུག་ལ།སྒྲིག་གཞི་ལའང་གཏོར་བརླག་ཅུང་ཟད་ཐེབས་འདུག་སྙམ་བྱུང་།ཡིན་ནའང་དེ་ཙམ་གྱིས་རྩོམ་འདིའི་ཕྱི་ནང་གི་རིན་ཐང་བརླག་པར་མི་ནུས་ཏེ།བརྩམས་ཆོས་འདི་མི་ཡུལ་དུ་འཁྲུངས་ནས་ལོ་ངོ་བཅུ་འགོར་ལ་ཉེ་བའི་དུས་འདིར།ང་ཚོའི་ཕྱོགས་ཡོངས་ན་སྐྱེ་ཁམས་ཀྱི་འདུ་ཤེས་སད་རྟོགས་དང་གཙིགས་ཆེན་བྱེད་ཀྱིན་པ་འདིས་ཀྱང་།རྩོམ་པ་པོའི་ཤིན་ཏུ་སྐྱེན་པའི་ཚོར་ཤེས་དང་དུས་ཐོག་ཆར་བའི་བློ་འབྱེད་ལ་རྗེས་སུ་ཡི་རངས་བྱ་འོས་སྙམ་པས།རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་དགག་བཞག་གི་ཆོད་སེམས་བརྟན་ལ།ཉེན་ཚབ་ཀྱི་འབོད་སྐུལ་གསལ་བ།ཐེར་འདོན་གྱི་དམིགས་པ་རྣོ་བའི་རྩོམ་འབྲིའི་གཤིས་ཀ་འདི་འདྲས་སྣེ་ཁྲིད་དེ།དུས་རབས་གསར་བའི་ནང་དུ་ང་ཚོ་ལ་ད་དུང་ཡང་འདི་དང་འདི་ལྟ་བུའི་སྐྱེ་ཁམས་རྩོམ་རིག་གི་བསྟན་པ་དར་བར་ཤོག
 
དཔྱད་གཞིའི་རྒྱུ་ཆ།

1. 王诺 《欧美生态文学》 [M] 北京大学出版社      北京  2020.1
2.刘再复  《文学常识二十二讲》  [M]   东方出版社  北京   2016.1
3.M.H.艾布拉姆斯等   《文学术语词典》  [M]  北京大学出版社   北京   2020.11  
4.乔纳森.卡勒  《文学理论入门》[M]  译林出版社     南京   2013.1
5.盖光著  《生态文学与精神生存》 [M] 北京出版社  2020.4
6.ཚེ་རིང་དོན་གྲུབ།   ཝ་ནག་ལུང་བ།     མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།     ཟི་ལིང་།    2019.6
7.ལྕགས་རྡོར་རྒྱལ།   བརྩམས་སྒྲུང་གི་རྩོམ་ལུས་དང་དོན་བརྗོད་ཀྱི་སྒྲིག་གཞི་ལ་དཔྱད་པ། [M]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   2019.7
 
王诺 《欧美生态文学》  北京大学出版社 2020年1月第2次印刷   p27
[①] 刘再复  《文学常识二十二讲》  [M]   东方出版社  北京   2016.1
[②] 《ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ་བཞུགས་སོ།།》[M]  པོད་གཉིས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།      ཟི་ལིང་།   2015.12  p152
[③]  གཙང་སྨྱོན་ཧེ་རུ་ཀ  《མི་ལ་རས་པའི་རྣམ་མགུར།》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཟི་ལིང་། 2004.8    p198
[④] ཚེ་རིང་དོན་གྲུབ།  《ཝ་ནག་ལུང་བ》  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ཟི་ལིང་།  2019.11     p47
[⑤] ཚེ་རིང་དོན་གྲུབ།  《ཝ་ནག་ལུང་བ》  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ཟི་ལིང་།  2019.11     p58
[⑥] 赵炎秋主编  《文学批评实践教程》[M]   高等教育出版社  北京 2018.7  P137
[⑦]王岳川著   《当代西方新文论教程》  【M】    复旦大学出版社 2008.12       P481
[⑧] 王岳川著   《当代西方新文论教程》  【M】    复旦大学出版社 2008.12     p473

              རྩོམ་འདི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ2023ལོའི་ཟླ12པར་དཔར་སྐྲུན་འགྲེམ་སྤེལ་བྱས་པའི་《གཙང་གསུམ་རིག་གནས་ཞིབ་འཇུག》(2022)ལས་བདམས་ཏེ་བཀོད།
 
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། 《གསང་གསུམ་རིག་གནས་ཞིབ་འཇུག》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྐྱེ་ཁམས་རྩོམ་རིག་དང་འབྲེལ་ནས་《ཝ་ནག་ལུང་བ》གླེང་བ།

2024-01-06 དབྱངས་འབུམ་ཚེ་རིང་།(མཚོ་ལྷོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།