བརྩམས་སྒྲུང་གི་སྐད་ཆའི་སྐོར་གྱི་ཚིག་གསུམ།

ཚེ་རིང་དོན་གྲུབ།(ཟི་ལིང) 琼迈文学网 2024-04-08

  དོན་དག་མང་པོ་ཞིག་སྐད་ཆས་མཚོན་མི་ཐུབ་ལ། སྐད་ཆས་མཚོན་ཐུབ་པ་མང་པོ་ཞིག་ཡི་གེས་མཚོན་མི་ཐུབ། ཡིག་རིགས་འདིས་མཚོན་ཐུབ་པ་དེ་ཡིག་རིགས་གན་གྱིས་མཚོན་མི་ཐུབ། ལྷག་པར་དུ་བོད་ཀྱི་སྐད་དང་ཡི་གེ་ལ་བར་ཐག་ཤིན་ཏུ་ཆེ་བ་དང་། མདོ་དབུས་ཁམས་གསུམ་གྱི་སྐད་ཆ་ལའང་བར་ཐག་ཤིན་ཏུ་རིང་བ་ནི་ཕལ་ཆེར་ཕན་ཚུན་བརྡ་མི་འཕྲོད་པའི་ཚད་རེད། སྐད་ནི་འགྱུར་བཞིན་ཡོད་པས་ཡི་གེའང་དེའི་རྗེས་སུ་འདེད་དགོས། ཡིན་ཡང་ལུང་སྐད་འབྲི་དགོས་ཟེར་བ་མིན་ལ། ལུང་སྐད་དོར་དགོས་ཟེར་བའང་མིན། དེས་ན་ཅི་འདྲ་ཞིག་བྲིས་ན་འཚམ་པ་དེ་སོ་སོའི་ཉམས་མྱོང་དང་ཤེས་རབ་ལ་ཐུག་ཡོད། ང་ཚོར་འདི་འདྲ་ཡིན་དགོས་ཟེར་བའི་ཚད་གཞི་ཞིག་མེད་ནའང་ཅི་ཞིག་འབྲི་བར་རྩོམ་དུས་ངས་འདི་ལྟར་བྲིས་ན་མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་མང་ཤོས་ཀྱིས་གོ་ཐུབ་བམ། ཁ་ལ་བདེའམ། བོད་ཀྱི་བརྡ་སྤྲོད་དང་མཐུན་ནམ་ཞེས་བསམ་བློ་ཞིག་བཏང་ནས་བྲིས་ན་ཕལ་ཆེར་གནད་དོན་ཆེན་པོ་འབྱུང་མི་སྲིད། ལྷག་པར་དུ་བརྩམས་སྒྲུང་ནི་ཅི་ཐུབ་གང་ཐུབ་ཀྱིས་ཡུལ་དུས་གང་གི་སྐད་ཆ་ལྟར་མ་བྲིས་ན་ཀློག་པ་པོ་ལ་བདེན་སྣང་སྟེར་མི་ཐུབ་ལ། དེ་བས་ཀྱང་ཡུལ་དུས་གང་གི་མེ་ལོང་རེད་ཟེར་ཐབས་མེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ཀློག་པ་པོ་མང་ཤོས་ཀྱིས་ཧ་མི་གོ་བ་ཞིག་འབྲི་བ་ལས་མ་བྲིས་ན་དགའ།

  ངས་བལྟས་ན་ད་ལྟའི་བོད་ཡིག་བརྩམས་སྒྲུང(བསྒྱུར་རྩོམ་ཡང་འདུ)གི་སྐད་ཆ་ལ་སྤྱིའི་ཆ་ནས་རིགས་གསུམ་ཙམ་ཡོད་དེ།

  གཅིག་ནི་སྔོན་མའི་བསྟན་བཅོས་ཀྱི་སྐད་ཆ་ལ་ལད་མོ་བྱས་ནས་མངོན་བརྗོད་དང་ཐ་ན་བརྡ་རྙིང་ཡང་བེད་སྤྱད་ནས་འབྲི་བ་སྟེ། དཔེར་ན་སྐད་ཆ་བཤད་པ་ལ“སྐད་ཆ་བསྙད”དང་། ལན་བཏབ་པ་ལ“ལན་ལྡོན”ཟེར་བ་ལྟ་བུ་རེད། དེ་འདྲ་རིག་ཚེ་ངའི་མིག་ལམ་དུ་རྩོམ་པ་པོ་གང་དེ་ལུའུ་ཞུན་གྱི《ཁུང་དབྱི་ཅི》ཞེས་པའི་བརྩམས་སྒྲུང་ནང་གི་ཁུང་དབྱི་ཅིས“多乎哉?不多也。”ཞེས་བཤད་པའི་རྣམ་པ་དེ་དང་གཅིག་ཏུ་འདྲེས་ནས་མཚམས་རེར་ཁེར་དགོད་འཆོར་གྱིན་འདུག་མོད། འོན་ཀྱང་དེ་ཡང་གཅིག་གཅོད་བྱ་མི་རུང་སྟེ། དཔེར་ན་དག་ཡིག་འགའ་རེར་བརྡ་རྙིང་ཡིན་ཟེར་བ་དེ་ས་ཆ་ལ་ལའི་ཁ་སྐད་ནང་ན་ད་རུང་ཡོད་པ་དཔེར་ན་ང་ཚོས་“ཚའུ(ཚ་བོ)”ཟེར་བ་དང“ཧ་ནི་བོ(ཡོངས་རྫོགས)”ཟེར་བ་དེ་ཚིག་མཛོད་འགའ་རེས་བརྡ་རྙིང་དུ་བཞག་ཡོད་ལྟ་བུ་རེད།

  ཡང་གཅིག་ནི་རྩོམ་པ་པོ་འགའ་རེར་རང་རང་སོ་སོའི་ལུང་སྐད་ལྟར་འབྲི་བ་དང་། མ་མཐའ་ཡང་དག་ཡིག་དང་མིང་མཛོད། བསྟན་བཅོས་ཚད་ལྡན་ན་མེད་པའི་ཐ་སྙད་མང་པོ་བེད་སྤྱོད་བཞིན་ཡོད། དེ་ལྟར་བྲིས་ན་ཡུལ་དུས་གང་གི་སྣང་བརྙན་ཇི་བཞིན་མཚོན་པར་ཕན་པ་ཡོད་སྲིད་མོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་ས་ཆ་གཞན་གྱི་ཀློག་པ་པོའི་ཁ་ལ་མི་བདེ་བ་དང་། ཐ་ན་ཧ་མི་གོ་བས་དེ་ཡང་གནད་དོན་ཞིག་རེད། དཔེར་ན་རྩྭ་སྔོ་མེ་ཏོག་དང་བྱ་བྱེའུ་འབའ་འབུ་སྐོར་ཞིག་གི་མིང་ལ་ཁྱོད་ཚོས་གན་ཟེར་ན་ངེད་ཚོས་འདི་ཟེར་བས་ངེས་པར་དུ་མིང་མཛོད་ལ་བསྟུན་དགོས་པ་དང་། ཡང་ཨ་མདོའི་ས་ཆ་ལ་ལར“ངན”ཟེར་དུས“བཟང་བ”དང“ཡག་པའི”དོན་ཡིན་ཏེ། “རྩོམ་དེ་ངན་གི”ཟེར་བ“རྩོམ་དེ་ཡག་གི”ཞེས་པའི་དོན་རེད། ཡིན་ནའང་གལ་ཏེ་ཡིག་ངོས་སུའང་དེ་ལྟར་བྲིས་ན་ས་ཆ་གཞན་གྱི་ཀློག་པ་པོས་རྩོམ་དེ་མི་བཟང་མི་ཡག་པར་གོ་བ་མི་ལེན་ཐབས་མེད་རེད།

  ད་དུང་གཅིག་ནི་གདམ་གསེས་ཅི་ཡང་མེད་པར་རྩོམ་པ་པོ་རང་གི་ཁ་ནང་ལ་ཅི་ཡོང་འབྲི་བ་སྟེ། ལུང་སྐད་ཡིག་སྐད་དབུས་སྐད་ཨམ་སྐད་མངོན་བརྗོད་བརྡ་རྙིང་སོགས་དང་། དག་ཡིག་མིང་མཛོད་དང་བསྟན་བཅོས་ཚད་ལྡན་དག་ན་མེད་པའི་ཐ་སྙད་བཀོལ་པ། བོད་ཀྱི་བརྡ་སྤྲོད་དང་མི་མཐུན་པར་རྒྱ་སྐད་བཙན་སྒྱུར་བྱས་པའི་ཚིག་སྦྱོར་སྤེལ་བ་ལྟ་བུ་རེད།

  དེས་ན་ཁྱོད་ཀྱི་བརྩམས་སྒྲུང་གི་སྐད་ཆ་ལ་སྐྱོན་དེ་དག་མེད་དམ་ཟེར་ན་ལོས་ཡོད་དེ། སྔོན་ཆད་ངའང་ཁ་ནང་ལ་གང་ཡོད་འབྲི་མཁན་དེའི་རིགས་ཡིན་པས་ད་ལྟ་ཕྱིར་བལྟས་ན་གནད་དོན་མང་པོ་ཡོད་ལ། རང་ལ་གནད་དོན་དེ་དག་ཡོད་པའི་སྟེང་ལ་ད་དུང་རྩོམ་སྒྲིག་པ་ལ་ལས་ཀྱང་གང་འདོད་དུ་བཤའ་བཅོས་བྱས་ཡོད་དེ། དཔེར་ན་ངའི་སྒྲུང་ཞིག་ཏུ“སྤྲང་པོ”ཞེས་བྲིས་ཡོད་པ་དེ་རྩོམ་སྒྲིག་པས“ལག་སྦྲེང”དུ་བཅོས་འདུག་པ་དེ་དུས་ངས་ཧ་མ་གོ་བར་དག་ཡིག་བཙལ་དུས་ད་གཟོད“སློང་མོ་བའི་མངོན་བརྗོད”ཅེས་བཀྲལ་འདུག འདི་ལྟར་བཅོས་ན་ཕན་པ་ལས་གནོད་པ་ཆེ་སྟེ། གང་ཡིན་ཟེར་ན་གཅིག་ནས་ཀློག་པ་པོ་མང་ཤོས་ཀྱིས་ཧ་མི་གོ་བ་དང་། གཉིས་ནས་བདེན་པའི་སྣང་བ་མི་སྟེར་པས་རེད། དེས་ན་ད་ལྟ་ཁྱོད་སད་ཡོད་པ་ཡིན་ནམ་ཟེར་ན་དེའང་མིན་ཏེ། སྤྱིར་ན་དེང་སྐབས་ངས་འདིའི་ཕྱོགས་ལ་ཅི་ནུས་ཀྱིས་གཟབ་བཞིན་ཡོད་ནའང་མཚམས་རེར་སྔར་བཞིན་འདི་འདྲའི་གནད་དོན་འཆོར་གྱིན་འདུག་སྟེ། དཔེར་ན་ཉེ་སྔོན་ངས་བྲིས་པའི《གཉེན་སློང》(2022ལོའི《མང་ཆུ》ཞེས་པའི་དམངས་ཁྲོད་དུས་དེབ་ཏུ་སྤེལ་ཡོད)ཞེས་པའི་བརྩམས་སྒྲུང་ནང་དུ་བག་མའི་རིན་ལ་ང་ཚོའི་ཁ་ཐོག་ལྕེ་ཐོག་ན་ཡོད་པའི“བུ་མོའི་གནས་རིན་དང་ཨ་མའི་ནུ་རིན”ཟེར་བ་བསྐྱུར་ནས“གཉོད”ཅེས་པའི་བརྡ་རྙིང་ཤི་བོ་ཞིག་ཁྱེར་ཡོང་བ་ཡིན་ལ། རྗེས་སུ་བསམས་ན་འདི་ནི་གདོན་གྱིས་བསླུས་པ་མིན་ནམ་སྙམ། དེ་ལྟར་མིག་སྔར་ང་ཚོར་བརྩམས་སྒྲུང་གི་སྐད་ཆའི་སྐོར་གྱི་བསྟན་བཅོས་ཚད་ལྡན་ཞིག་མེད་མོད། འོན་ཀྱང་རྒྱ་ཡིག་གི་བསྟན་བཅོས་དག་ཏུ་མཐོང་དཀོན་པའི་ཡི་གེ(生僻字)ནི་བརྩམས་སྒྲུང་གི་ཆེས་འཛེམ་བྱ་ཡིན་ཞེས་གསལ་པོར་བཤད་ཡོད་པ་སོགས་ལ་ང་ཚོས་ཀྱང་དཔེ་ལྟ་འོས། མདོར་ན། དུས་དང་མ་བསྟུན་ན་སྐད་ཡིག་ལ་འཆི་ལམ་མ་གཏོགས་མེད་ཅིང་། བསྟུན་ཕྱོགས་ལའང་ཡི་གེ་ཚུར་སྐད་དང་བསྟུན་པ་ལས་སྐད་ཕར་ཡི་གེར་བསྟུན་རྒྱུ་དཔེ་མི་སྲིད། བརྩམས་སྒྲུང་ནི་བལྟོས་བཅས་ཀྱིས་བཤད་ན་ཀློག་མཁན་ཆེས་མང་བའི་རྩོམ་ལུས་ཤིག་ཡིན་པས་ཚིག་སྦྱོར་ལ་གཟབ་ནན་བྱས་ནས་གཅིག་གྱུར་ཡོང་ན་ཀློག་མཁན་ཇེ་མང་ཡིན་ལ། དེས་ན་རང་རེའི་སྐད་ཡིག་གི་ཚེ་སྲོག་རྒྱུན་བསྲིང་བར་ཡང་ཕན་པ་ཅུང་ཙམ་ལོས་ཡོད་བསམ།

  2024ལོའི་ཟླ4བར།

 རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བརྩམས་སྒྲུང་གི་སྐད་ཆའི་སྐོར་གྱི་ཚིག་གསུམ།

2024-04-08 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།