ཁེར་རྐྱང་གི་ང་། ད་དུང་མི་རྐྱང་ཡིན།
དོ་ནུབ་ཀྱི་འཁྱག་རླུང་འདིས་ང་རང་དུས་གཏན་དུ་ཁང་མིག་གྲུ་བཞིར་བཙོན་འཇུག་བྱས
ངས་རང་ཉིད་ལ་དམིགས་གསལ་གྱིས་དབང་བའི་འབྲོང་གི་གཞིས་ཀར*དབང་སྒྱུར་བྱེད་བཞིན
ཐ་མག་དང་ཆང་རག་གི་བཙན་འཛུལ་ཁྲོད་ནས་ངུ་རྒྱངས་བྱས
ཁ་དོག་རབ་རིབ་ཀྱི་མཚན་མོ་ཞིག་ལུས་ལ་གྱོན་ཡོད་པས
དྲི་མ་ངན་ངོན་གྱི་མཁའ་དབུགས་ཤིག་གྲོགས་སུ་སྤྲུན་ཡོད་པས
འདི་ལྟར་རྒྱང་ཐག་རིང་བའི་མཚན་མོ་ཞིག་གི་བཙན་གཡེམ་ཁྲོད
ངས་རྒྱུ་འབྱོར་གྱིས་མ་བསླད་པའི་བརྩེ་དུང་རྣལ་མ་ཞིག་ཇི་ལྟར་འཚོལ
ངས་ཁང་མིག་གྲུ་བཞི་ལ་དྲོད་ཁོལ་སྟེར་བའི་ཆུང་མ་ཞིག་ཇི་ལྟར་འཚོལ
མི་ལོ་ཉི་ཤུའི་སྐས་རིམ་གྱི་ལྟེངས་ཀ་ནས་བོར་བའི་ལང་ཚོར
ཇི་ལྟར ཡང་དག་པའི་སྡོམ་ཚིག་གི་ཚང་རྩིས་རྒྱག
དངུལ་ལོར་གྱི་སྲབ་མཐུག་ཁྲོད་བོར་བའི་ངའི་བུད་མེད་དག
ལྷད་མེད་ཀྱི་བླ་སྲོག་གིས་འཇུན་པའི་ངའི་བཙོན་སྲུང་དག
ཆང་དང་སྙན་ངག་གི་འཇིག་རྟེན་ནས་བོར་བའི་ངའི་ཚེ་སྲོག་གི་ཕྱེད་ཀ
ད་ལྟ་དུར་ཁྲོད་དུ་བསྐྱལ་ན་ཡང་བྱ་རྒོད་ཀྱིས་ཟས་སུ་ཟའམ
གོ་རིམ་མ་ལྡོག་པའི་གཏམ་རྒྱུད་ཅིག་ལ་དབུ་ཁྱུད་འབྲི་དུས
གོ་རིམ་ལྡོག་པའི་དུས་རབས་འདིར་ངས་དབང་སྒྱུར་མ་ཐུབ
༢༠༠༧ལོའི་ཟླ་༡༢པའི་ཚེས་༡མཚན་མོར་འབྲོང་གི་གཞིས་ཀ་ནས་བྲིས།
མཆན: *ན་གཞོན་སྙན་ངག་པ་ཞོགས་ཉིའི་གཟིམ་ཤག།
རྩོམ་ཁུངས། ངེད་དྲ་བ།