ངའི་སྙན་ངག་གི་ཀློག་པ་པོ་རེ་ཟུང་ལ།
ངས་མི་ལོ་ཉི་ཤུར་སྙིང་དབུས་སུ་སྦྲུམ་པའི་སྙན་ངག་གི་ཁྱེའུ་དཀར་པོ་འདི།
ཁྱེད་ཚོའི་འབག་བཙོག་གི་ལག་པར་ངས་གཏན་ནས་འཇོག་ན་མི་འདོད་ཀི
ཆེས་དྭངས་གཙང་གི་ནམ་མཁའི་ཀློང་ན་ཕྱོགས་མེད་དུ་རྒྱུ་བའི་སྙན་ངག་གི་གླག་རྒོད་དར་མ་འདི།
ཁྱེད་ཚོས་རྒྱ་ཡན་དུ་དབྱུགས་པའི་ཞགས་སྣེར་འཁོན་དུ་འཇུག་ན་མི་འདོད་ཀི
ངས་རང་གི་ཟུངས་ཁྲག་ཐིགས་པ་རེ་རེས་སྐྱེད་སྲིང་བྱས་པའི་སྙན་ངག་གི་རྒྱ་སེ་མེ་ཏོག་འདི།
ཁྱེད་ཅག་གི་གདུག་རྩུབ་ཅན་གྱི་སད་དང་སེར་བར་འཁྱེར་དུ་འཇུག་ན་མི་འདོད་ཀི
རྩྭ་ལྗང་གི་རྦ་རླབས་གཅིག་རྗེས་གཉིས་མཐུད་དུ་འོངས་པའི་སྙན་ངག་གི་སྤང་ལྗོངས་ཡངས་པོ་འདིར།
ཁྱེད་ཅག་གི་ཁྱད་གསོད་ཀྱི་སྟོན་རླུང་དྲག་པོ་གཡུག་གི་འཇུག་ན་མི་འདོད་ཀི
ངས་རང་གི་ཆེས་བླ་མེད་ཀྱི་བརྩེ་དུང་གིས་བླུས་པའི་སྙན་ངག་གི་མཛེས་སྡུག་དགའ་མ་འདིར།
ཁྱེད་ཅག་གི་ཆགས་སེམས་དྲག་པོས་མྱོས་པའི་མིག་ཟུང་གིས་བལྟ་རུ་འཇུག་ན་མི་འདོད་ཀི
སྒྱུ་རྩལ་དང་བྱིན་རླབས་ཀྱི་དྲོད་ཁོལ་ཉམས་པ་མེད་པའི་སྙན་ངག་གི་ཁྱིམ་གཞིས་ཆུང་ཆུང་འདིར།
ཕྱོགས་ངེས་མེད་ནས་འོངས་པའི་འཁྱམ་པོ་ཁྱོད་ཚོ་འདུག་གི་འཇུག་ན་མི་འདོད་ཀི
ངས་མིག་ཆུ་དང་མིག་ཆུ་བསྲེས་ནས་བྲིས་པའི་སྙན་ངག་གི་ལྡེབས་རིས་རིང་མོ་འདིར།
ཁྱེད་ཅག་གི་མཐོང་ཆུང་གི་སྣག་ཚ་ནག་པོས་འདྲུད་དུ་འཇུག་ན་མི་འདོད་ཀི
གསེར་མདོག་གི་སྟོན་ལོས་མཛེས་པར་བཀླུབས་པའི་སྙན་ངག་གི་གྲོང་བརྡལ་ཁུ་སིམ་འདིར།
འཕྲོག་བཅོམ་གྱི་ལས་ལ་བྱང་པའི་ཇག་པ་ཁྱོད་ཚོ་ཡོང་གི་འཇུག་ན་མི་འདོད་ཀི
ངས་དཀའ་སྡུག་གི་མི་ཚེས་བཏགས་པའི་སྙན་ངག་གི་གཡུ་སྦྲ་སྨུག་པོ་འདིར།
ཁྱེད་ཅག་གི་ཁྲེལ་གཞུང་བྲལ་བའི་རྐང་རྗེས་ནག་པོ་དེ་འཕབ་གི་འཇུག་ན་མི་འདོད་ཀི
སྙན་འཇེབས་ཀྱི་འབའ་སྒྲ་འཕུར་བའི་སྙན་ངག་གི་གཡང་དཀར་ལུག་ཁྱུ་འདིར།
ལྟོགས་སྐོམ་གྱི་ལྕེ་དམར་ས་ལ་དྲུད་པའི་སྤྱང་ཀི་ཁྱོད་ཚོ་རྒྱུག་གི་འཇུག་ན་མི་འདོད་ཀི
རྩོམ་ཁུངས། ངེད་དྲ་བ།