བསྐལ་བའི་ཆག་འཇིག་གི་མདུན་དུ།
སྣོད་ཀྱི་འཇིག་རྟེན་འདི་ཇི་འདྲའི་རྒྱ་ཆེ་ཨང་།
བཅུད་ཀྱི་སེམས་ཅན་རྣམས་ཇི་འདྲའི་གྲངས་མང་ཨང་།
བསྐལ་བའི་ཆགས་གནས་དང་འཇིག་སྟོངས་སོགས་ནི་དེ་འདྲའི་ངོ་མཚར་ཞིང་འདི་འདྲའི་སྐྱི་གཡའ་བ་ཞིག་རེད་ཨང་།
མིའི་རིགས་སམ་ཡང་ན་སེམས་ཅན་ཡོད་དོ་ཅོག
འཁོར་བའི་ཡང་རྩེའམ་གཏིང་རིམ་གང་དུ་ཡོད་པའི་གྲངས་མེད་ཀྱི་ཚེ་སྲོག་མཐའ་དག
དུས་རྟག་ཏུ་བདེ་སྡུག་དང་སྐྱེ་འཆི། ཡང་ན་ཆགས་འཇིག་གི་མདུན་དུ་ཞི་བདེ་དང་ཉེན་ཁ་རེས་མོས་ཀྱི་ངང་དུ་འཚོ་ཞིང་གནས་དགོས་པ་ནི།
རང་རང་སྔར་བྱས་ཀྱི་ལས་འབྲས་ཡིན་ནམ།
ཡང་ན་བཟློག་མེད་གནམ་བསྐོས་ཀྱི་བཀོད་སྒྲིག་ཡིན།
འདི་དག་ཡོད་ཚད་ལ་མཐོང་སྣང་མི་འདྲ་བ་སྣ་ཚོགས་ཀྱི་དབང་གིས་སྡོམ་ཚིག་ཀྱང་མཐའ་མེད་པ་ཞིག་འཇོག་རྒྱུ་ཡོད་ཅིང་།
གནས་ལུགས་དང་རྒྱུ་མཚན་ཡང་རྫོགས་རྒྱུ་མེད་པ་ཞིག་འཆད་རྒྱུ་ཡོད་ངེས།
གང་ལྟར་ཤེས་ཡོན་དར་བའི་ང་ཚོ་མིའི་རིགས་ནི་ལས་སྐལ་ཆེས་བཟང་བའི་འཇིག་རྟེན་གྱི་བདག་པོ་རེད།
ཤེས་ཡོན་གྱིས་ང་ཚོར་གོ་རྟོགས་སད་དུ་བཅུག་ཅིང་།
ཤེས་ཡོན་གྱིས་ང་ཚོར་ཡང་དག་པའི་གནས་ལུགས་ཤེས་སུ་བཅུག
དེ་བཞིན་གནས་ལུགས་ཀྱིས་ང་ཚོར་རྒྱུ་འབྲས་ཞེས་པའི་མན་ངག་ཅིག་ཉམས་ལེན་གྱི་བགོ་སྐལ་དུ་བསྩལ་ཡོད།
འཇིག་རྟེན་གྱི་བྱ་དངོས་མཐའ་དག་གནས་ལུགས་ཀྱི་རྒྱ་མར་གཞལ་ནས་རྒྱུ་འབྲས་ཀྱི་མེ་ལོང་ནང་འཆར་དུ་བཅུག་ཚེ།
ང་ཚོར་དགའ་སྐྱོ་དང་ཆགས་སྡང་། འདུ་འབྲལ་དང་དར་རྒུད། སྐྱེ་བ་ནས་འཆི་བ་སོགས།
གདོད་མ་ནས་འཇིག་རྟེན་གྱི་རང་བཞིན་དུ་གྲུབ་ཚར་འདུག་པའི་ཆོས་ཉིད་དེ་དག
མངོན་སུམ་དུ་མིག་གིས་མཐོང་བར་བྱས་ནས་ཆེད་དུ་ལག་བསྟར་དུ་འདེབས་སུ་འཇུག་ངེས་ཡིན་ལ།
ང་ཚོར་དགའ་ན་དགོད་དགོས་པ་དང་སྡུག་ཚེ་ངུ་དགོས་མིན་གྱི་རྒྱུ་མཚན་ལའང་ངོས་ཟིན་ཡང་དག་པ་ཞིག་འཐོབ་ཏུ་འཇུག་ངེས་ལགས།
དེ་བས། འགྲོ་བ་རིགས་དྲུག་གིས་གྲུབ་པའི་འཇིག་རྟེན་འདིའི་སྟེང་དུ།
ང་ཚོ་མིའི་རིགས་ནི། རང་སྲུང་གི་འདུ་ཤེས་དང་གཞན་སྐྱོབ་ཀྱི་བྱམས་སེམས་མེད་པའི་སྲོག་ཆགས་རྟུལ་བོའི་རིགས་དེ་མ་ཡིན་པར།
ནམ་ཡང་ཕན་ཚུན་མཉམ་གནས་དང་ཕན་ཚུན་རོགས་རེས་ཀྱིས་འཚོ་ཐུབ་ལ།
ཤེས་ཡོན་དང་ཚན་རྩལ་གྱི་གོ་མཚོན་སྤྲས་ཏེ།
ས་སྒང་རིལ་མོ་འདི་ཙམ་པོ་ལག་པའི་མཐིལ་ནས་བསྐོར་ཐུབ་པའི་རྟུལ་ཕོད་དང་དཔའ་གདེང་ཞིག་ང་ཚོར་ངེས་པར་ཡོད་དགོས།
དེ་བཞིན། བསྐལ་བའི་ཆགས་འཇིག་གི་མདུན་དུའང་།
ང་ཚོ་མིའི་རིགས་ཀྱིས། ལས་འབྲས་ཆུད་མི་ཟ་བའི་གནས་ལུགས་བརྩི་སྲུང་བྱས་ཏེ།
འབྱུང་བཞིས་བསྐྱེད་ཅིང་བསྲིངས་པའི་རང་གི་ལུས་རྟེན་འདི་ཕྱིར་རང་བྱུང་ཁམས་ཆེན་པོར་སྐྱེས་སུ་འབུལ་དགོས་ཕྱིར།
ང་ཚོས་འཆི་འཕོའི་འཇིགས་སྐྲག་ལ་གདོང་ལེན་བྱེད་ཕོད་ཅིང་།
རྣམ་ཤེས་ཀྱི་འཁོར་སྐྱོད་ལ་ངེས་ཤེས་རྙེད་ཐུབ་དགོས།
ང་ཚོ་ནམ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཤིང་རྟར་བསྡད་ཡོད་པས།
སང་ཉིན། ང་ཚོ་ཡང་བསྐྱར་སྙིང་ཉེ་བའི་ཁྱེའུ་ཆུང་ཆུང་ཞིག་ཏུ་སྐྱེ་དགོས་པ་མ་ཡིན་ནམ།
དེ་བས། དེ་རིང་གི་གསོན་པོ་ཚོས་རང་གི་ཚེ་སྲོག་གི་རིན་ཐང་རྟོགས་པར་གྱིས་ཤིག
ཤི་བོ་ཚོས་ཀྱང་རང་གི་རྣམ་ཤེས་ལ་ཁ་ལོ་བསྒྱུར་ཏེ་བདེ་བ་ཅན་ལ་ཕེབས་རོགས།
སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བཞི་བའི་ཚེས་བཅུ་དགུ་ལ་སྦྱར།
འདི་ནི་ཉེ་བའི་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གནས་ཚུལ་ཐོས་རྗེས་རང་ཉིད་མ་བསྐུལ་དང་བླངས་ཀྱིས་དངོས་སུ་ས་དེར་གནོད་སེལ་རྒུད་སྐྱོབ་ཀྱི་ལས་རོགས་ལ་འགྲོ་འདོད་བྱུང་མོད། གཞུང་གི་བཀོད་སྒྲིག་གིས་འགྲོ་རུ་མ་བཅུག་པར་གནས་སྐབས་རིང་གྲ་སྒྲིག་བྱས་ནས་སྡོད་དགོས་བྱུང་བའི་ཉིན་འདི་དག་ལ་རང་གི་འཆར་ཡན་དང་ཐུན་མིན་མྱོང་རྟོག་གི་གཟུགས་རིས་ཙམ་ཡི་གེར་བསྡེབས་པ་ལགས།
རྩོམ་ཁུངས། ངེད་དྲ་བ།

