གླིང་གི་མཐའ་ནས་རང་ཉིད་འཚོལ་བ།
ཟླ་བའི་གཞུ་ཁྱིམ་ཕྲག་པའི་ཟུར་ཁུགས་སུ་དཔྱང་ཚེ། །
གསེར་གྱི་གོ་ཁྲབ་མནབ་པའི་སྣང་ཡན་གྱི་སེམས་པས།།
གླིང་གི་མཐའ་ལ་ཉུལ་བའི་གཤོག་སྣེ་འདི་ཟད་རུང༌། །
ད་རུང་སྤོབས་པའི་དོན་དུ་རང་ཉིད་ནི་འཚོལ་དགོས།།
སྤང་རྒྱན་མེ་ཏོག་རྐང་གཅིག་མགོ་བོ་རུ་གཟེར་ནས།།
སྙིང་གི་རྒྱལ་ཁམས་བདེ་བའི་སོར་མོ་ཡི་སྙན་ངག །
ཁྲག་རྩའི་སྦུབས་སུ་མི་སྡོད་ཕྱི་རོལ་གྱི་ངོགས་སུ། །
དེ་རིང་ཕུལ་བའི་ལྷག་པའི་ཞལ་ཟས་ཤིག་ཡིན་ནོ། །
ལྷ་ཚོགས་ཞུགས་གྲལ་གཞིག་པའི་ལྟད་མོ་ཞིག་མཐོང་བས།།
ང་ཡི་འགྲམ་ནས་ལྡིང་བའི་ཕྱི་ལེབ་ཀྱི་ཁྱུ་རྣམས།།
དུས་ཀྱི་ཁྲོད་ནས་མི་ཚེ་སྒྲོན་སྐལ་ལ་བཅོལ་ཏེ།།
ཆུ་ཡི་གཉེར་མ་ལྷན་དུ་སྟོང་བ་རུ་འཐིམས་སོང༌།།
མགོ་རུས་བྲག་ལ་བསྲེས་པའི་ཨུ་ཚུགས་ཀྱི་ངང་ནས། །
སྒང་གཤོང་མོད་བའི་ཡུལ་གྱི་རོང་ས་ཞིག་བཅད་དེ། །
འདོད་པའི་ཞིང་ཁམས་གློ་བའི་སྲིབས་ཁུད་དུ་ལྟེམས་ལ།།
སྐད་ཀྱི་གདངས་དབྱངས་རན་པའི་གླུ་ཆུང་ཞིག་ལེན་དགོས།།
ལུས་ཀྱི་རྟེན་འདི་བུལ་བའི་གྲུ་གཟེངས་ཤིག་ཡིན་ན། །
མཚོ་ཡི་ནང་ན་འཇིགས་རུང་ཀླུ་བདུད་དེ་ཡོད་པས། །
རིན་གྱིས་མ་ཉོས་ཕུང་པོའི་ཤ་ཁྲག་གི་སྐྱེས་འདི། །
དོན་མེད་མ་བྱིན་རང་ལ་མཁོ་བ་ཞིག་འདུག་གོ །
མདུན་གྱི་ཐང་དུ་ཉལ་བའི་གླང་ཆེན་འདི་བསད་ནས། །
བ་སོའི་ཕྲེང་བ་འདོགས་པའི་ང་རྒྱལ་འདི་མེད་ཀྱང༌། །
རིག་པའི་ཆུ་གཏེར་བརྡོལ་བའི་ས་གཞི་ཡི་ཁོག་ནས། །
མི་ཟད་གཏེར་ཕུང་བསྙིལ་བའི་རྫུ་འཕྲུལ་ཞིག་འདོན་དགོས། །
སོང་ཡང་ཤུལ་དུ་མེད་པའི་འདབ་དྲུག་གི་རྐང་རྗེས། །
བྱེ་མའི་གླིང་དུ་ཕབ་པ་དོ་ཚིགས་རང་དྲན་ན། །
དེ་རིང་མི་ཡི་ལུས་ལ་སུན་སྣང་ཞིག་སྐྱེས་ཀྱང༌། །
ལུས་པོའི་ཟུངས་ཐག་གཅོད་པའི་སྤོབས་པ་འདི་ཤོར་འདུག །
ཞ་དང་ཞོར་ལ་འོང་བའི་སྙིང་ཁྲག་གི་རྦ་རླབས། །
ཚོད་མེད་ཐུན་གཅིག་འཕྱུར་བའི་ངང་ཚུལ་ལ་བསམ་ནས། །
འགྱུར་མེད་དམ་བཅའ་རྡོ་རྗེའི་རི་མོ་ཡི་སྤུན་ལ། །
ཤུགས་འབྱུང་མ་འོངས་བསུ་བའི་བྲེད་ཤ་ཞིག་ལངས་འོང༌། །
ལྷན་སྐྱེས་སྒྲོག་འགྲོས་མཉམ་པའི་གཉུག་མ་ཡི་གཤིས་ལ། །
འོད་གསལ་གོང་བུ་གཏོར་བའི་ཤེས་རབ་ཞིག་འདུག་སྟེ། །
མ་ངེས་ཡོན་པོར་རྒྱུ་བའི་ཚོགས་དྲུག་གི་རྣམ་ཤེས། །
སུང་ཞིམ་ངད་ཀྱིས་འཐུལ་བའི་སྐྱེད་ཚལ་ལ་ཆགས་སོང༌། །
ནེ་ཅོའི་སྒྲོ་ཐུལ་མཛེས་པའི་ནེའུ་གསེང་ལ་བསྡད་ནས།
དབེན་པའི་རྒྱབ་ལྗོངས་ཉན་པའི་རྣ་མཆོག་འདི་འཁྱེར་ཡང༌།།
རྒྱུན་པར་མི་སྡུག་སྲིན་བྱས་ལྟས་ངན་ཞིག་གཏོང་བས། །
གོམ་པ་ཕྱི་ལ་ནུར་བའི་ས་མཚམས་ཤིག་ཨེ་ཡོད། །
དངུལ་གྱི་ཁྲུས་རྫིང་གཙང་མའི་གཞོང་བ་རུ་ཞུགས་ཤིང༌། །
ལུས་ཀྱི་དྲེག་པ་ཆུ་ཡི་ནང་རོལ་དུ་དོར་ཡང༌། །
པགས་པའི་ཤ་ཡི་ཁྲོད་དུ་ན་ཟུག་ཅིག་འདུག་པས། །
ཁྲུས་གཞོང་ནང་དུ་དོར་བའི་ཐབས་ཤེས་འདི་མི་འདུག །
བདེན་བདེན་འདྲ་བའི་སྣང་རྫོབ་སྒྱུ་མ་ཡི་གནས་ཚུལ། །
ཕྱི་ཤུན་མཆོར་བའི་རང་འབྱུང་སྡོང་པོ་ཞིག་ཡིན་ཞིང༌། །
སྡོང་པོའི་ཐོག་ལ་གནས་ཚང་བསྙབ་ས་ནི་མ་ཡིན། །
སེམས་ཀྱི་ངོ་བོ་ད་དུང་གང་ཞིག་ཏུ་ཡོད་དམ། །
༢༠༡༠ལོར་ལྷ་ས་ནས།
རྩོམ་ཁུངས། ངེད་དྲ་བ།

