མཆོད་པ།
ཉི་མ་འདི་དག་གི་མེ་ཏོག་བཞད་ཚུལ་ལས།
ངས་རུས་སྒྲོམ་འདི་ནམ་ཞིག་ཐོར་འགྲོ་བར་བསམ་བློ་གཏོང་དགོས་སོང་།
ངས་བསམ་བློ་གཏོང་གིན་གཏོང་གིན། མེ་ཏོག་གི་འདབ་མ་ཐོར་བ་མཐོང་བྱུང་།
ཆང་ཁྱེར་ཤོག ངས་སྙན་ངག་འབྲི་དགོས །
འཁོར་བ་འདི་ངུ་བཞིན་འདུག ངས་ཆང་མཐུང་དགོས །
ང་སྐྲག་གི ང་བཟི་དགོས་འདུག ངས་སྐྲག་གི་ཟེར་ན་མི་འདོད །
ཆང་འཐུང་རྗེས་ཀྱི་ང་ ། ང་མ་ཡིན་ཏེ། ཆང་གིས་བཟི་བའི་མི་ཞིག་ལས་མ་འདས །
དཀོན་མཆོག་ལགས ། མེ་ཏོག་གི་འདབ་མ་འདི་དག་མ་ཐོར་གོང་ལ།
ངའི་མཆོད་པ་འདི་བཞེས་རོགས ། མཆོད་པ་འདི་ངའི་རྣམ་ཤེས་ཀྱི་ཁང་བཟང་ཡིན །
ཁང་བཟང་འདིའི་ནང་ན་འཁོར་བའི་རི་མོ་མང་པོ་ཞིག་ཡོད་པས།
འདི་དག་ངས་མི་ཡུལ་ལ་བཞག་པའི་ཟས་རིན་་ཡིན་ན། ཁྱོད་ལ་ཕུལ་བའི་མཆོད་པ་བྱེད་རོགས།
རྩོམ་ཁུངས། ངེད་དྲ་བ།

