བདག་གིས་ཁྱོད་ལ་བཤད་དོན།
བདག་གི་འགྲོ་སྟངས་འདིས།
ཁྱོད་ལ་ཅི་ཞིག་གམ་དོན་ཅི་ཞིག་སྟོན་གྱིན་ཡོད་དམ།
བདག་ལ་སེམས་ཁུར་དང་དོ་དམ་བྱེད་པའི་ཁྱོད།
གནས་ལུགས་དང་དྲང་བདེན་རྐྱང་རྐྱང་གཉོར་བའི་ང་ཚོ།
ཁྱོད་ཀྱི་གམ་དུ་ཡུན་ནས་ཡུན་དུ་བསྲིངས་དུས།
རང་གཤིས་དང་སྒེར་ཚུགས་མ་བོར་བའི་ཁྱོད་ཚོ།
འཛུམ་དམུལ་དམུལ་གྱིས་ག་ལེར་ཆས་དང་།
ཁྱེད་ཚོའི་མཐའ་འཁོར་ན་ཧར་གྱིས་ཅེར་འདུག་པ་ང་ཚོ་མ་ཡིན་ནམ།
རང་མདོག་དང་མི་གཞི་ཆེ་བའི་ངས།
ཁྱོད་ལ་འདྲི་རྟགས་ཀྱི་ཐ་སྙད་མང་བོ་ཞིག་ཁྱེར་ནས་ཡོང་།
ད་རུང་མི་ངོ་མི་ཤེས་པའི་གསར་སྐྱེས་ཀྱི་བྱིས་པ་དེ་ཚོའི་ཆེད་དུ།
མང་བོ་མང་བོ་ཞིག་ཁྱེར་ནས་ཡོང་དགོས།
དུས་ཀྱི་རླུང་ཁ་ན་བདས་པའི་ང་ཚོའི་འགན་འཁྲི།
རང་སྒེར་གྱིས་ལངས་པའི་མི་གཞི་མ་བོར་བའི་གསར་བུ་ཚོ།
ལྷད་མ་འདྲེས་པའི་རང་གཤིས་གཙང་མ་རེ་ཁུར་ནས།
རྒྱང་རིང་མ་ཡིན་པའི་གཞིས་ཁྱིམ་དྲོན་མོའི་ཐུ་འོག་དེ་ནས།
འཚོ་ལམ་མ་ནོར་བའི་འོད་སྣང་གི་མདུན་ལྗོངས་ཡག་པོ་རེ་ཅིས་ཀྱང་བཙལ་དགོས་པ་ཡིན།
དེ་ལྟར། བདག་གིས་ཁྱོད་ལ་བཤད་དོན།
འདི་ནི་དུས་ཀྱི་སོ་ཁ་ན་འགུལ་བཞིན་པའི་རང་གཤིས་ངོ་མ་ཞིག་དང་།
དུས་གཏན་དུ་སེམས་ཀྱི་མཁའ་དབྱིངས་ན།
རང་དབང་གིས་ལྡིང་སྐོར་རྒྱག་བཞིན་པའི་ལོངས་སྤྱོད་ཅིག་ཏུ་བརྩི་རིགས།
འདི་ནི་ཁྱོད་ལ་བཤད་འདོད་པའི་སྐད་ཆ་དང་།
སྒྲོག་འདོད་པའི་སེམས་གཞས་ཡིན་པ་ཅིས་ཀྱིས་མ་བརྗེད་ལགས།
རྩོམ་ཁུངས། ངེད་དྲ་བ།

