འཚོ་བའི་འཁོར་བ།
ཐོག་མེད་ནས་བསགས་པའི་འབྲས་དུད་ཀྱིས་ལྷུ་ལག་གི་ཕུང་བོ་འདི་བསྐྲུན་པ་ནས་བཟུང་།རོ་མངར་སྐྱུར་གསུམ་གྱིས་བདས་པའི་རི་སུལ་ཞིག་ནས།རྒྱང་རིང་མ་ཡིན་པའི་རི་གསུམ་ཁིས་དང་།ཆགས་སྡང་མ་ཡིན་པའི་ལུང་གསུམ་མདོ་ནས།ཆེས་སྙིང་ཉེ་བའི་ལམ་གྲོགས་དང་ལམ་འགྲོ་ཚོར།འདི་ལྟར་ཆེས་སེམས་གཏིང་ན་ཉར་བཞིན་པའི་སྙིང་ཆུང་དམར་བོའི་ཞུན་ཐིགས་རེ་རེར།བདག་གིས་གསོལ་སྟོན་ལྟ་བུའི་མགྲོན་ཁ་རུ་བཤམས་ན་འདོད།
ཁ་བ་དང་གངས་རི།ཆུ་བོ་དང་རྒྱ་མཚོ།འདི་ལྟར་དཀར་ཞིང་དྭངས་ལ།འདི་ལྟར་གཏིང་ཞིང་ཟབ།འདི་ནི་རྣམ་ཤེས་གསར་བའི་ངུ་སྐད་ཐོག་མའི་སྔོན་འགྲོ་ཡིན་ན་ཅིས་མི་ཆོགད་དུང་ངུ་སྐད་གསར་བ་ཞིག་དང་རྣམ་ཤེས་རྙིང་བ་ཞིགརྒྱུ་རྐྱེན་གྱིས་ཚོགས་པའི་ཕུང་བོ་རེ་རེ་དེ་ལྟར་སྒུལ་ཞིང་འདི་ལྟར་ཉུལ་དུས།འཇིག་རྟེན་ཡ་འཁོར་བའི་འཚོ་བ།ཁྱེད་ནི་ཅི་འདྲའི་ངར་ཤུགས་ལྡན་ལ་ནུས་སྟོབས་ཆེ།མུ་མཐའ་མེད་པའི་ནམ་མཁའ་དང་བགྲང་ལས་འདས་པའི་ས་གཞི་ནས་ཡང་ཡང་རྒྱས་ཤིང་ཡང་ཡང་རྒུད་དེ།ངོམས་པ་མེད་པའི་སྟོང་གསུམ་གྱི་ཁམས་ཆེན་པོའི་འཇིག་རྟེན་ལ་དབང་བསྒྱུར་དང་འཐབ་རྩོད་བྱེད་པ་ཐེངས་གཅིག་ག་ལ་ཡིན།ད་རུང་རྒས་འཁོགས་མིན་པའི་གསར་མོ་ཞིག་དང་འདྲ་བར་སུ་ཞིག་ལ་འདོད་སེམས་ཀྱི་ཟུར་མིག་འཕེན་གྱིན་ཡོད་ཨང་ །
ཁྱེད་རང་མཛེས་སྡུག་གི་ཞིང་ཁམས་ཤིག་ནས།དུས་ནམ་ཞིག་ལ་ངའི་འཚོ་བར་བྲོ་བ་མི་གཅིག་པའི་རོལ་མྱོང་ཞིག་སྦྱིན་ཐུབ་བམ།ད་དུང་བདག་གི་འབྱུང་ཁམས་རེ་རེ་ན་ཁྱོད་ཀྱིས་བྱིན་པའི་མངར་ཟས་དྭངས་མའི་ཁྲག་རྒྱུན་འཕྱུར་གྱིན་ཡོད་ལ།ནམ་ཞིག་ལ་བདག་ཁྱོད་ལ་མི་དགའ་བ་དང་མི་འདོད་པའི་རྣམ་འགྱུར་ཞིག་སྟོན་ཐུབ་བམ།དུས་དེར་བདག་གིས་གླེང་འདོད་པའི་སྐད་ཆ་དང་ཞུ་འདོད་པའི་རེ་བ་ཅི་ཞིག དེ་དུས་ཁྱེད་དང་ཁྱོད་ཀྱི་འཁོར་གཡོག་ཚོས་བདག་ལ་འདྲི་རྟགས་གང་འདྲ་ཞིག་འཕེན་ནམ།
ང་རང་རང་དབང་གི་གོ་རྟོགས་ཤིག་སད་པའི་དུས་དེར་ཁྱེད་ཀྱིས་སྒེག་འཆང་གི་རྣམ་འགྱུར་ཅི་འདྲ་ཞིག་སྟོན་ཀྱང་།དུས་དེར་ང་ཕོད་པའི་འཇིག་རྟེན་ན་སྒེར་ཚུགས་དང་རང་གཤིས་ཡོད་ལ།ང་མིན་པའི་ཁྱོད་དང་ཁྱོད་མིན་པའི་ང་ཞེས་པའི་སོ་ཁ་ན།ཁྱེད་ཀྱི་གཏམ་རྒྱུད་ངོ་མ་ཞིག་དང་།ཁྱེད་ཀྱི་ལོ་རྒྱུས་བཅོས་མ་ཞིག་མིན་པར་ཚ་བེར་བེར་གྱི་བཞུར་རྒྱུན་རིང་མོ་དེ།ཡངས་པའི་འཇིག་རྟེན་དང་གསོན་པོའི་སེམས་ཁམས་རེ་རེ་ནས་ཁད་ཀྱིས་ཐོན་ངེས་ལ།ཡུན་གྱིས་བཞུར་ངེས་པ་ཁོ་ཐག་རེད།
ང་རང་ཆེས་དངངས་སྐྲག་སྐྱེས་ས་དང་ཆེས་དུངས་པ་ཟབ་པའི་ཁྱོད།འཚོ་བའི་འཁོར་བ་འམ།འཁོར་བའི་འཚོ་བ་ཡིན།
རྩོམ་ཁུངས། ངེད་དྲ་བ།

