སེམས་ཀྱི་བློན་པོ་གསེར་ཆེན།

རིག་སྨོན་དཀོན་མཆོག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-24

བློན་པོ་གསེར་ཆེན།
གོ་ཐོས་སུ།
ཁྱེད་ཀྱི་མངའ་ཐང་ཡངས་པའི་ས་ཆེན་ཁྱོན་ལ་མ་ཤོང་ཟེར།
ཁྱེད་ཀྱི་མཐུ་ལ་དཔའ་དང་འགྲན་ཡ་མི་འདུག་བརྗོད།
མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་འགྲམ་ནས།
ཁྱེད་ཀྱི་ཕ་གཞིས་ཀྱི་གཞི་རྐང་ཚུགས་ཤིང༌།
མཛའ་མཐུན་ཉི་ཟླ་རི་བོའི་ཁོང་གསེང་ནས།
ཁྱེད་ཀྱི་གཞོན་སྐྱེས་ཀྱི་ལང་ཚོ་ལ་འཆར་ཡན་གྱི་ལོ་རྒྱུས་འབུས་འགོ་བརྩམས།
ཨ་ཕས་གསོལ་འདེབས་ཀྱི་བསང་དུད་དགུང་ལ་འཕྱུར་དུས།
སྐྱེས་ལྷ་བློན་པོ་གསེར་ཆེན་ལན་གསུམ་འབོད་ལ།
ཨ་མས་དགོ་དགོ་འབྲི་མོའི་འོ་མཆོད་མཁའ་རུ་གཏོར་དུས་ཀྱང༌།
རྒྱབ་རི་བློན་པོ་གསེར་ཆེན་ཕྱོགས་ལ་དད་སེམས་གཏན་དུ་གནས་ཡོད།
ཀྱེ་ཀྱེ།    སེམས་ཀྱི་བློན་པོ་གསེར་ཆེན་ལགས།
ངའི་ཡབ་མེས་ཀྱི་བླ་རི་སྨུག་པོ།
བྱིས་དུས་ཀྱི་གཉོམ་ལག་ཁྱེད་ཀྱི་ཐུ་འོག་ནས་རྒྱས་ཤིང༌།
འབའ་འབའ་ལུ་གུའི་རྩེད་གྲོགས་དང་གཡང་དཀར་ལུག་གི་འཚོ་རོགས།
ཐོད་དཀར་འབྲི་མོའི་རྫི་བོ་བྱེད་མྱོང་བའི་མཛེས་སྡུག་གི་གཏམ་རྒྱུད་དག་ནི།
ཁྱེད་དང་ངའི་བྱིས་དུས་ཀྱི་ཡིད་འོང་ལང་ཚོ་ཡིན་ལ།
ཁྱེད་དང་ངའི་རྒས་དུས་ཀྱི་མཚར་སྡུག་རྨི་ལམ་ཡང་ཅི་ལ་མིན།
བློན་པོ་གསེར་ཆེན།
སེམས་ཀྱི་གཏིང་རིམ་དུ་སྦས་པའི་ལྐོག་གྱུར་གྱི་གསང་བ་ཞིག
མིག་གི་མཐོང་ཚད་ལ་ཟིན་པའི་འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག
ཁྱེད་ཀྱི་སེམས་དང་བསམ་པའི་ཀློང་རོལ་ན་གསལ་ལེར་འཆར་ཟེར་བ་ངོ་མ་ཡིན་ནམ།
ལོ་གཅིག་གི་ཐོག་མཐའ་བར་མའི་དུས་ཚོད་གང་རུང་ལ།
རྒན་དར་གཞོན་གསུམ་ཀྱིས་གྲུབ་པའི་དད་ལྡན་གྱི་ཁྱུ་ཚོགས་རེ་རེ།
ཁྱེད་ཀྱི་བང་རིམ་བསྐོར་ནས་འགྲོ་བ་ཐེངས་མང་རེད།
ཁྱེད་ཀྱི་མཐོ་སར་སླེབས་ནས་དགའ་བ་སློང་མཁན་ཡང་གང་མང་རེད།
འོན་ཏེ།  ཁྱེད་ཉིད་འདི་ལྟར་སྔར་བཞིན་བཏིང་སྙོམས་སུ་ཡུན་རིང་བཞུགས་དོན་ཅི་ཡིན་ལགས།
སེམས་ཀྱི་བློན་པོ་གསེར་ཆེན།
དེ་རིང༌།  ངས་རུས་རྐང་གི་ན་ཟུག་ཡོད་ཚད་སྙིང་ལ་བསྡམས་བཞིན།
ཁྱེད་ཀྱི་དབུ་རྩེར་ཐེངས་གཅིག་སྙེག་ནས།
མཐའ་ཡས་པའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་ཡང་ཡང་བལྟ་དུས།
ང་ལ་རང་དབང་མེད་པར་ཁྱེད་ཀྱི་འདས་སོང་གི་ལོ་རྒྱུས་ཁྲོད་སེམས་པ་སྐྱོ་བར་ལྷུང་གི
གནའ་སྔ་མོ་སྔ་མོ་ཞིག་ནས།
ཡུལ་མི་ཚོས།
རྒྱས་ན་དཔལ་གྱི་འབྱོར་བ་ཡར་ལ་འབུལ་ས་ཁྱོད་ཡིན་ལ།
རྒུད་ན་སྡུག་གི་མེད་མུག་འདོན་སའི་མགོན་སྐྱབས་ཡང་ཁྱོད་ལས་སུ།
འོན་ཏེ།  ཁྱེད་ཀྱིས་སྙིང་ཉེ་བའི་རང་གི་དད་ལྡན་གྱི་ཁྱུ་ཚོགས་འདིར།
སེམས་པ་གཙང་མའི་དངོས་གྲུབ་ཞིག་ཅི་ལྟར་སྩོལ་ངེས་ཡིན།
སེམས་ཀྱི་བློན་པོ་གསེར་ཆེན།
ཡང་སྙིང༌།
ཁྱེད་ནི་ང་ཚོའི་ཡབ་མེས་ཀྱི་བླ་རི་སྨུག་པོ་སྟེ།
ནམ་ཡང་སེམས་ཀྱི་སྐྱབས་འཇུག་ཞུ་སའི་ཡུལ་ལྷ།
ཐུགས་ཀྱིས་བསྐྱངས་ཤིང་སྐྱོབ་དགོས་པའི་ངེད་ཅག
ནམ་ཞིག་གི་ཚེ་ན།
ཁྱེད་ཀྱི་འདས་མ་ད་གསུམ་གྱི་ཕྱི་རོལ་ནང་རོལ་ཡིན།
ཀྱེ་ཀྱེ།          སེམས་ཀྱི་བློན་པོ་གསེར་ཆེན་ལགས།
ང་ཚོའི་ཡབ་མེས་ཀྱི་བླ་རི་སྨུག་པོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་བློན་པོ་གསེར་ཆེན།

2010-05-24 རིག་སྨོན་དཀོན་མཆོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།