ཁྱོད་དང་ཁ་གཏད་དུ་འགྲེངས་དུས་།
དམ་བཅའ་རི་རབ་བཞིན་རྒས་སོང
ལང་ཚོའང་རི་རབ་བཞིན་རྒས་སོང
ཝུ་ཆང་དང་མཛའ་མོའི་མགུལ་བར་འཁྱུད་པའི་ཉིན་མཚན་རེ་རེ
ཁེར་རྐྱང་དང་སྙན་ངག་གི་ཚོར་བར་འཐིམས་པའི་ཉིན་མཚན་རེ་རེ
ཆུ་ཐིགས་རེ་རེ་ཡིན་པའི་དབང་དུ་བཏང་ན
ད་ནི་གཙང་བོ་ཞིག་གཏན་དུ་བཞུར་སོང་ /ལྡོག་མེད་ཀྱིས་བཞུར་སོང
སྐྲ་ལོ་རླུང་ལ་བསྐུར་བའི་མི་ལོ་གསུམ་འཇའ་ཚོན་ལྟར་ཡལ་སོང
གཤོག་པ་རླུང་ལ་བརྡར་བའི་མི་ལོ་གསུམ་རྨི་ལམ་བཞིན་འཇིག་སོང
ད་ནི་རླུང་གི་བརྡབ་གསིག་ངོགས་སུ་ཁྱོད་དང་ཁ་གཏད་དུ་འགྲེངས་དུས
ང་ནི་ཡང་དྲགས་པས་རླུང་གིས་ཀྱང་འཁུར་མ་ནུས་པའི་བྱ་སྤུ་དེ་ཡིན་སྲིད་དམ
དེ་རིང་དུས་ཚོད་ཀྱིས་ང་རང་གཡང་ལ་འདེད་ཀྱིན་ཡོད
སྤྱི་ཚོགས་ཟེར་བའི་ཁྲོན་པ་ཞབས་མེད་ཅིག་གི་གཡང་ལ་འདེད་ཀྱིན་ཡོད
གནས་གང་ཞིག་ལ་འགྲོ་རྩིས་ཀྱིས་ཁྱོད་དང་ཁ་གཏད་དུ་འགྲེངས་དུས
ངས་གྲོགས་པོ་ཟེར་བའི་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡི་མི་དེ་མཐོང་མ་བྱུང
ངས་མཛའ་བརྩེ་ཟེར་བའི་མིང་བྱང་སྙན་མོ་དེ་ཡི་ཡང་སྙིང་རྟོགས་མ་བྱུང
གྲོགས་པོ་གང་ལ་བུད་སོང / མཛའ་བརྩེ་གང་ལ་ཡལ་སོང
ངའི་འདས་མ་ད་གསུམ་གྱི་རྨི་ལམ་ན་ཁྱོད་ཀྱི་རྣམ་ཤེས་དེ་སྲ་གཟུགས་སུ་གྲུབ་ཡོད
ངས་དབྱར་དགུན་སྟོན་དཔྱིད་མཛེས་སྡུག་ཁྲོད་ཁྱོད་ཀྱི་ངོ་གདོང་དེ་རུས་རྐང་ལ་བརྐོས་ཡོད
དེ་ནི་ཁྱོད་ངའི་ཆེས་མཇུག་མཐའི་དྲོད་ལམ་ལམ་གྱི་གཞིས་ཁྱིམ་གྲུ་བཞི་དེ་ཡིན་པས་རེད
དེ་ནི་ཁྱོད་ངའི་རུས་རྐང་གི་ལྷུ་ལག་ས་རུ་འཐོར་སའི་དུར་ཁྲོད་སྐྱ་བོ་དེ་ཡིན་པས་རེད
ཁྱོད་ནི་མཐའ་མི་ཟིན་པའི་སྡོམ་རྒྱ་ཆེན་པོ་ཞིག་ཡིན་ཟེར
དེའི་ནང་རོལ་ན་མི་རྣམས་ལྐོག་གཡོའི་ཁྲོད་ལྕེབས་ཀྱིན་ཡོད་ཟེར
རང་ཁྲག་རང་གིས་གཞིབ་ཀྱིན་སྒྱིད་ལུག་གིས་ཤི་བཞིན་ཡོད་ཟེར
ང་མི་སྐྲག ང་མི་ཞུམ
ངའི་ལག་ཏུ་བདེན་རྫུན་གྱི་ལྕགས་ཐག་དམ་པོར་བཟུང་ཡོད
ངའི་སེམས་སུ་དཀར་ནག་གི་དྭངས་སྙིགས་རྣམ་པར་ཕྱེ་ཡོད
གུ་ཡངས་པའི་བསམ་བློ་དང་སྤོབས་པ
ཁྱོད་དང་ཁ་གཏད་དུ་འགྲེངས་དུས
ང་ལ་འདི་དག་ལས་གཞན་ཅི་ཞིག་མཁོ་ཨང
ཤུ ཁྱོད་དང་ཁ་གཏད་དུ་འགྲེངས་དུས
ཡོད་ཚད་གྲང་ངར་ཆེ་བའི་དགུན་གཞུང་ཞིག་ལ་འཁེལ་ཡོད་ཨང
རྩོམ་ཁུངས། ངེད་དྲ་བ།

