རྨི་ལམ་གྱིས་དཀྲོགས་པའི་གནམ་དང་ཕྱེད་ཀའི་གཏམ།
རླུང་གིས་འཁུར་སླ་བའི་གཏམ་རྒྱུད་ཕྱོགས་རིས་པ་ཞིག
བརྙན་འཕྲིན་བརྒྱུད་དེ་མིའི་རིགས་ཀྱི་སྣང་ངོར་བཀྲམ
དེ་མིང་ལ ལག་པ་འགུལ་ཤེས་པའི་རྐུན་མ་ཟེར
རླུང་གིས་དོ་སྣང་མི་མཛད་པའི་རྒྱབ་རི་རྫོབ་པོ་ཅིག
མིག་གི་འགུལ་སྟངས་མྱུར་བའི་ཀླད་མྱུར་བ་དེས་མཐོང
དངོས་ཡོད་རིན་ཐང་དེ་རྫུན་མར་བརྫུས་པའི་མི་དེས
འཁོར་བ་ཞེས་པའི་ས་ཁྱོན་འདིར་རང་དབང་གིས་འཁོར་ཆོག་ལ
རང་གི་ཕྱེད་ཀ་དང་རང་བྱུང་གི་ཕྱེད་ཀའི་བར་ལ
སྙིང་རྗེ་ཅན་གྱི་སྐད་ཆ་དེ་དགོས་གལ་མེད་ཟེར
དེ་མིང་ལ སྐྱབས་མེད་བསླུ་བཅོལ་ཟེར
ཐང་ནས་མ་བཞད་པར་མཁའ་ནས་སྐྱེས་པའི་མེ་ཏོག་དེ
བདག་གི་གསང་བའི་དེབ་ཐར་གྱི་ལྡེ་མིག་བརྐུས་ཤིང
ཡིག་ཆ་ཐམས་ཅད་ཁྲོམ་ལ་སྤུར་ཏེ
རྒྱལ་བོ་ལ་ཡར་ཞུ་ཕུལ
མཛེས་སྡུག་ཐམས་ཅད་བརླགས་ཤིང
མེ་ལ་བསྲེགས་པའི་ཉིན་དེ་ནས
གནའ་དེང་གང་ལ་ཐེ་བའི་དོན་གྲུབ་རྒྱལ་གྱི་བསམ་བློ་དེ
རང་དབང་མེད་པར་དྲན
དེ་མིང་ལ ངོ་གདོང་རྒྱབ་ཀྱི་གསང་བ་ཟེར
2010/ 6/ 18
རྩོམ་ཁུངས། ངེད་དྲ་བ།