འཇར་པན་ལ་བསྐུར་པའི་སེམས་པ །
---------------འཇར་པན་ལ་མཚོ་འཁྱོམ་ས་ཡོམ་བྱུང་པའི་གནས་ཚུལ་གོ་མ་ཐག་བྲིས་པའི་མྱ་ངན་དང་སེམས་ཚོར །
ས་ཆེན་པོ་བསྐྱར་དུ་འགུལ་བྱུང ་།
སྡུག་བསྔལ་མ་བཟོད་པ་ཨེ་ཡིན་སྙམ་བྱུང ་།
ཞི་བདེ་རྒྱ་མཚོ་ཡང་དེ་དང་ལྷན་དུ་དགུང་ལ་འཕྱུར་བྱུང ་།
འདི་ནི་དུས་ཀྱི་ཁུར་བོ་ཨེ་ཡིན་སྙམ་བྱུང ་།
མཚོ་འཁྱོམ་ས་ཡོམ་འདི་མིས་རང་སྟེང་དུ་བཞག་པའི་རྒྱུ་དང་འབྲས་བུ་ཡིན་ན །
སུ་ཞིག་གིས་མིག་ཆུ་བཞུར་དོན་མི་འདུག་ལ ། མགོ་བོ་བསྒུར་དོན་ཡང་མི་འདུག
ལག་པ་རུམ་ནས་བླངས་ཏེ་ད་ནི་ཁོར་ཡུག་འདི་ལ་ལྷན་པ་རྒྱོབ་ཅིག
འདི་ནི་དོན་གྱི་རང་ཉིད་ལ་ལྷན་པ་བརྒྱབ་པའི་གོ་རིམ་ཞིག་ཡིན་པར་འདོད་བྱུང ་།
རི་བོའི་སྲོག་ཤིང་བོར་བའི་ཉི་མ་དེ་ནས །
མཚོ་མོའི་སྒོ་ལྕགས་བོར་བའི་ཉི་མ་དེ་ནས །
ངའི་ཕ་ཡུལ་ཡུལ་ཤུལ་དང་འབྲུག་ཆུར་འོང་བའི་གོད་ཆག
བུན་ཁྲན་དང་ཧྰེ་ཏེའུ་ས་ཁུལ་སོགས་སུ་འོང་བའི་གོད་ཆག
དེ་དག་དང་ཆ་འདྲ་བའི་གོད་ཆག་འདིས །
དེ་རིང་འཇར་པན་མི་དམངས་ལ་ཡང་ཁྲག་གི་རི་མོ་ཞིག་བྲིས་བྱུང ་།
འདི་ནི་གནམ་གྱི་བཀའ་ཡིན་པའི་དབང་དུ་བྱས་ན །
དོན་གྱིས་སུ་ཞིག་གི་ནག་ཉེས་ཡིན་པ་མི་ཤེས་པའི་ནག་ཉེས་ཤིག
རྒྱུ་མཚན ། གོད་ཆག་འདི་དག གཅིག་རྗེས་གཅིག་གིས་དེད་འདུག
ཡིན་ན་ཡང ་། བརྩེ་བ་ནི་བརྩེ་བ་ཡིན །
བརྩེ་བས་ཁྱོད་ཀྱི་སང་ཉིན་ལ་འོད་ཟེར་སྦྱིན །
བརྩེ་བས་ཁྱོད་ཀྱིས་ཕྱིས་མི་ཚར་བའི་མིག་ཆུར་རྫོགས་ཚིག་འབྲི །
རྨ་ཁས་གང་བའི་ལུས་པོ་དེ་ལ་རེ་བ་སྟོང་གི་མཆོད་མེ་སྒྲོན །
ཅི་ཞིག་འོང་རུང ་། ཇི་ལྟར་བྱས་ཀྱང ་། བརྩེ་བ་འབོར་མི་རུང ་།
འདས་སོང་གི་གྲོགས་པོ་གྲོགས་མོ །
ཁྱོད་ཚོས་ཚོར་བྱུང་ངམ ། ངའི་སེམས་སྒྲ་འདི་ཚོར་བྱུང་ངམ །
ངའི་སེམས་སྒྲར་འགྲོགས་པའི་མ་ཎིའི་དབྱངས་རྟ་རེ་རེ་ཚོར་བྱུང་ངམ །
མ་ཎིའི་དབྱངས་རྟ་རེ་རེ་ངའི་སྨོན་པ་རེ་རེ་ཡིན །
ངའི་སྨོན་པ་རེ་རེ་ཁྱོད་ཚོའི་རྣམ་ཤེས་རེ་རེར་འཕོག་པའི་གསོལ་བ་འདེབས །
བརྩེ་བའི་གྲོགས་པོ ། སྙིང་གི་གྲོགས་པོ །
རང་སེམས་ལ་འདྲེས་ཆེ་པའི་འཇར་པན་གྱི་གྲོགས་པོ་གྲོགས་མོ །
ས་ཆེན་པོ་བསྐྱར་དུ་འགུལ་བྱུང ་།
སྡུག་བསྔལ་མ་བཟོད་པ་ཨེ་ཡིན་སྙམ་བྱུང ་།
ཞི་བདེ་རྒྱ་མཚོ་ཡང་དེ་དང་ལྷན་དུ་དགུང་ལ་འཕྱུར་བྱུང ་།
འདི་ནི་དུས་ཀྱི་ཁུར་བོ་ཨེ་ཡིན་སྙམ་བྱུང ་།
༢༠༡༡ལོའི་ཟླ༣ཚེས༡༣ཉིན་ལྷ་ས་རུ་བྲིས།
རྩོམ་ཁུངས། ངེད་དྲ་བ།