སྙན་རྩོམ་ཆ་མ་ཆོ་རིགས།
ཅི་ཡང་མི་སེམས་པའི་དེ་རིང
ཅི་ཡང་སྒྲུབ་འདོད་མེད་པའི་དེ་རིང
ཏག་ཏག་གི་དེ་རིང་གི་དུས་འདི་ལ
ཅི་ཞིག་གི་རྐྱེན་པའི་དྲན་པའི་སྐུལ་སློང་དེས
ཁོ་བོ་ཡང་བསྐྱར་བདེན་དོན་ཞིག་དང་བསམ་གཞིག་ཅིག་གི་མཁའ་རུ་དྲངས་སོང
ནམ་ཡང་དྲན་གཞུང་ན་འཚེར་བའི་ཉི་ཟླ་སྐར་གསུམ
དུས་ཚོད་དང་སྐར་ཆའི་ཁོངས་གསེང་ན་ཉམས་ཆུང་གིས་འཚོ་ཞིང་རྒུད
བཞུར་བཞིན་པ་ནི་ཟློག་ཏུ་མེད་པའི་ལོ་ཟླའི་ཏག་ཏག་གི་སྣང་བརྙན་དེ་རེད་ལ
ཡིད་ཆེས་མ་ཡིན་པའི་ཡིད་ཆེས་རྫུན་མ་ཞིག
བདེན་པའི་ཁ་དོག་བསྒོས་པའི་འཛུམ་མདངས་རྫུན་མ་ཞིག
རང་ཉིད་ཀྱི་ཡོད་ཚད་འབུལ་སའི་གཞི་མ་རུ་བྱེད་རྒྱུའང་དངོས་གནས་ཁག་ཨང
དར་ལྕོག་མང་བའི་སྤང་རི་འདིའི་ཕ་རོལ་ན
སེམས་པའི་རྒྱགས་ཕྱེ་བསྩོལ་བའི་མཚོ་མོ་རང་མངའ་བའི་ཏན་རྟགས་དེས
འགྲུལ་བཞུད་ཀྱི་བརྡོག་ལམ་འཚོལ་གྱིན་པའི་གོམ་པའི་འདེགས་འཇོག
ཁུ་སིམ་སིམ་གྱིས་དལ་དལ་ངང་ཁ་ཕྱོགས་ཤིག་སྙེགས་ནས་འགྲོ་དགོས་བྱུང
གཡས་གཡོན་དུ་གྲགས་འོང་བའི་གཞས་ཆུང་ལ་རེ་ཞིག་གི་རྣ་བ་གཡར་ཏེ
རང་ཉིད་ཀྱི་རྒྱབ་ཁུག་ལ་རེ་ཞིག་གི་མིག་གིས་ཅེར་ཏེ
མུ་མཐུད་དུ་མདུན་དུ་བསྐྱོད་དགོས་བྱུང
ཅི་ཡང་མི་སེམས་པའི་དེ་རིང
ཅི་ཡང་སྒྲུབ་འདོད་མེད་པའི་དེ་རིང
ཏག་ཏག་གི་དེ་རིང་གི་དུས་འདི་ལ
ཅི་ཞིག་གི་རྐྱེན་པའི་དྲན་པའི་སྐུལ་སློང་དེས
ཁོ་བོ་ཡང་བསྐྱར་བདེན་དོན་ཞིག་དང་བསམ་གཞིག་ཅིག་གི་མཁའ་རུ་དྲངས་སོང
ནམ་རྒྱུན་རྨི་ལམ་དུ་མཛེས་སྡུག་གིས་བཞུར་འོང་བའི་ཁོ་མོའི་ཞལ་རས
སྐད་ཅིག་མས་ཤུལ་མེད་དུ་འཁུར་འགྲོ་བའི་སེམས་ཚེགས་དེའང་རིམ་གྱིས་ཐོན་འོང
ད་ལྟ རྣ་ལམ་དུ་གྲགས་འོང་པ་ནི་ཁོ་མོའི་དགོད་སྒྲ་རེད་ལ
མིག་མདུན་དུ་གཡོ་བཞིན་པའང་ཁོ་མོའི་གཟུགས་རིས་རེད
ཀླད་སྟོང་དུ་ལྡིང་སྐོར་རྒྱག་བཞིན་པའང་ཁོ་མོའི་ལང་ཚོ་རེད
འདི་ལྟར དྲན་པའི་བྲན་གཡོག་ཏུ་འགྱུར་བཞིན་པའི་དེ་རིང་གི་དུས་འདི་ལ
བརྩེ་དུང་གི་རྦ་རླབས་འཁུར་ཞིང ཁོ་མོའི་སྙིང་ཁམས་ནས་ཐོན་པའི་བརྡ་འཕྲིན་དེ
ཞིམ་མངར་གྱིས་ཕྱུག་པའི་ཁོ་མོའི་མཆུ་སྒྲོས་དེ་ནང་བཞིན
ཁོ་བོའི་སེམས་སུ དགའ་སྐྱིད་ཀྱི་མཚོ་མོ་ངང་གིས་འཁྱིལ་ཞིང
སྡུག་བསྔལ་གྱི་ཕུང་བོ་རིང་དུ་ཁྱེར་འགྲོ་ཨང
འདོད་ལྡན་དེ་ནི་མཛེས་མ་སྤངས་ཤིང་
ཟླ་བ་འགའ་ཡི་རི་བོ་དེར་ནི་ཕྱིན་བྱས་པས
ལག་པ་ཕྲ་བར་གྱུར་ནས་གསེར་གྱི་གདུ་བུ་དག་ནི་
དཔུང་པའི་བར་དུ་རྒྱུ་བར་བྱེད
དེ་ནི ནག་མོ་ཁོལ་གྱིས་དགའ་མ་དྲན་པའི་ངང་ཚུལ་རེད་ལ
དྲན་པས་དྲན་པ་བརྩེགས་ན
དྲན་པའི་དུངས་པ་ཡོད་ཚད
ལྷུང་ལྷུང་ངང ཤང་ཤང་གིས
སྙན་ངག་གི་ལྷ་མོར་བརྗོད་དྲགས་པས
ཀུན་གྱིས་སྨྱོན་པ་ཞེས་བོས་བྱུང་བ་ལ
འདི་ཡང མཛའ་མོ་གླེང་གིན་མཛའ་མོ་དྲན་བཞིན་པའི་སྨྱོན་པའི་ངང་ཚུལ་རེད
སྐབས་སྐབས་ཀྱི་ཚིག་སྣེ་རེ་ནས སྐབས་སྐབས་ཀྱི་ཚེག་བར་རེ་ནས
ཤམ་ཤམ་གྱིས ཁྲོམ་ཁྲོམ་དུ་བཞུར་འགྲོ་བའང
དྲན་པའི་གཏིང་རིམ་ཞིག་ནས
ངམ་ངམ་ཤུགས་ཀྱིས་བརྡོལ་བའི་དྲན་པའི་མིག་ཆུ་རེད
ཟེགས་བཞིན་པའི་མཆུ་མའི་ཟབ་ཚད་གླེང་ན
འདོད་ལྡན་གང་དེས་མཛའ་མོ་དྲན་པའི་ལོ་རྒྱུས་རེད
ཡོད་ཚད་ཀྱི་ཡོད་ཚད ཆུ་མོ་བཞིན་བཞུར་འགྲོ་བའི་དྲན་པའི་ལོ་ཟླའི་ནང
བཞུར་མི་ཚར་བ་ནི་དྲན་པའི་ཟེགས་ཆུ་རེད་ལ
འདག་མི་སྲིད་པའང་ཁྱོད་ཀྱི་དྲི་ཞིམ་རེད
དྲན་པའི་གཏིང་རིམ་ན་འཁོར་གྱིན་པ་ནི་ཁྱོད་ཀྱི་ལང་ཚོ་རེད་ལ
མིག་གི་མཐོང་ལམ་ན་སྐྱོད་བཞིན་པའང་ཁྱོད་ཀྱི་གཟུགས་རིས་རེད
རྨི་ལམ་དྲོན་མོ་ཞིག་གི་ཁ་དོག་སྒོམ་བཞིན
མཚན་མོ་འཇམ་པོ་ཞིག་གི་ཡོང་རབས་གླེང་བཞིན
རྫོབ་མཐུག་པའི་མཚན་མོའི་རམ་འདེགས་དེས
ཁྱོད་ཀྱི་སྒོ་འགྲམ་དུ་བཅར་བཞིན་པའང་འབའ་ཚེ་སྨྱོན་ལས་གཞན་སུ་ཞིག
2011/6/8ཉིན་ལྷ་ལྡན་དུ།
རྩོམ་ཁུངས། ངེད་དྲ་བ།