སེམས་ཀྱི་བདག་མོ་དྲན་པ།

འཚོ་བ་འདི་ལ་དྲོད་ཅིག་ཡོད་ན་ཉི་མའི་དྲིན་དུ་བརྩི་འདོད་མེད།།
མདུན་ལམ་དེ་ལ་འོད་ཅིག་ཡོད་ན་ཟླ་བ་ལྷ་མོར་འཁྲུལ་དོན་མེད།།
ཉི་མ་ཟླ་བའི་མཚུངས་རྟགས་ཁྲོད་ན་འཛུམ་གྱིས་བཞུགས་པའི་ལྷ་མོ་ནི།།
རང་ཁྱིམ་ཕུགས་ན་འོ་ཇ་བསྐོལ་བའི་ང་ཡི་བྱམས་ལྡན་ཨ་མ་ལགས།།

མཚན་དཔེའི་འོད་ཀྱིས་སྤྲས་པ་མིན་ཡང་མཛེས་པ་ཀུན་གྱི་གཙུག་ན་ཡོད།།
བྱང་ཆུབ་སེམས་དཔའི་སྤྲུལ་བ་མིན་ཡང་ལྷག་བསམ་རི་བོའི་གཏོས་དང་མཉམ།།
བདག་གཞན་མཉམ་བརྗེའི་པད་ཚལ་དེ་རུ་དྲི་བསུང་འཇོ་བའི་ལྷ་མོ་ནི།།
ལྷས་རའི་འདབས་ན་གད་དར་བགྱིད་པའི་ང་ཡི་བྱམས་བརྩེའི་བདག་མོ་ཉིད།།

གོམ་ཁས་དཀྲོལ་བའི་རོལ་དབྱངས་དེ་ནི་ལྷུན་གྱིས་གྲགས་པ་མ་ཡིན་ལ།།
སྨྲ་ལྕེ་རྒོད་པོའི་གཤོག་འགྱུར་དེ་ཡང་ལས་ཀྱིས་བསྐྱེད་པ་ག་ལ་ཡིན།།
མཁས་དབང་བྱེ་བའི་མིག་གི་མདུན་དུ་ལམ་ལམ་འཚེར་བའི་སྒྲོན་མེ་ནི།།
ཐབ་ཀའི་འགྲམ་དུ་མེ་ཁ་གསོ་བའི་ང་ཡི་དྲིན་ཅན་མ་ལོ་ལགས།།

བུ་ཆུང་ང་ཡི་བདེ་སྡུག་བསམ་ནས་ཉིན་མཚན་ཀུན་ཏུ་ཁོམ་པ་མེད།།
མ་ཎི་དབྱངས་རྟ་ངག་ལ་གྱེར་ནས་གསོལ་བ་སྨོན་ལམ་གྲངས་མེད་བཏབ།།
གཟི་བྱིན་སྟོང་གི་འོད་ཀྱི་ཟེགས་མ་ཕྱོགས་ནས་ཕྱོགས་སུ་འགྱེད་པ་ནི།།
ཞིང་ཚིགས་བར་ན་ཡུར་མ་ཡུར་བའི་ང་ཡི་ཨ་མའི་ཞལ་རས་ལགས།།

ང་ཡིས་བཟང་ངན་ཅི་ཞིག་ལས་རུང་ཁྲོ་བའི་མདུད་པ་མཐོང་དུས་མེད།།
ཚིག་གི་མཚོན་ཆ་ཇི་ལྟར་འཕངས་ཡང་ལེ་ལན་བྱེད་པའི་འདུན་པ་མེད།།
གཞལ་མེད་སེམས་ཀྱི་སྤང་ལྗོངས་སྔོན་མོར་བཟོད་པའི་ཕྲ་རྒྱན་ངོམ་པ་ནི།།
སྒོ་ཆེན་འགྲམ་དུ་འཛུམ་གྱིས་བསྐྱོད་པའི་ང་ཡི་སྐྱེད་ཡུམ་ཆེན་མོ་ལགས།།

ཟ་མ་ཞིམ་པོ་ཅི་ཞིག་ཡོད་ན་ང་ལ་རྒྱུན་ཏུ་བསྐྱལ་ནས་འོང་།།
མཁོ་དངོས་བཟང་པོ་གང་ཞིག་ཡོད་ན་ང་ལ་རྟག་ཏུ་ཉར་ཚགས་བྱེད།།
ལས་དབང་ནག་པོའི་སྤྲིན་གྱི་གསེབ་ནས་དཔུང་གཉེན་ཡང་ཡང་བྱེད་པ་ནི།།
མ་ཎི་འཁོར་ལོ་ཕྱག་ཏུ་ཐོགས་པའི་ང་ཡི་སེམས་ཀྱི་དམིགས་རྟེན་ལགས།།

ལེགས་བཤད་གསེར་གྱི་ཕྲེང་བར་བརྒྱུས་ནས་ང་ལ་བདེན་པའི་ལམ་སྣེ་བསྟན།།
ཐབས་དང་ཤེས་རབ་ཟུང་དུ་སྦྲེལ་ནས་སེམས་ཀྱི་རྒྱ་ཁྱོན་ཡངས་བར་བྱས།།
འགྲོ་དོན་སྐྱོང་བའི་སངས་རྒྱས་བཞིན་ཏུ་གཅེས་ཤིང་བྱམས་པར་མི་ངལ་ལ།།
དུས་ཚིགས་བཞི་བོའི་སྡང་སྡིག་ཁྲོད་ནས་སྟོབས་ཀྱིས་འགྱིངས་བའི་མཛངས་མ་ཀྱེ།།

བུ་ཆུང་ང་ལ་ཨུ་ཚུགས་ཆེ་བས་བསླབ་བྱའི་གསུང་ལ་མ་ཉན་པར།།
ལོ་ངོ་བདུན་ལ་ས་མཐའ་འགྲིམས་པས་ཁྱོད་ལ་སེམས་ཁྲལ་མང་དུ་བསླངས།།
ང་ཡི་ཆེད་དུ་མལ་སར་ལྷུང་ཡང་ད་དུང་མིང་ནས་འབོད་ཞོར་དུ།།
མིག་ཆུ་དྭངས་མས་སྔས་མགོ་བརླན་ཚུལ་ཨ་ཕས་ངག་ལས་གསལ་བོར་ཐོས།།

དེ་རིང་བདག་གིས་ཟ་ཁང་ནང་ནས་ཁྱོད་དང་ལྷན་དུ་འཛོམས་ན་བསམ།།
མདུན་དུ་སྤུངས་བའི་ཟས་རིགས་འདི་དག་མཆོད་པའི་སྤྲིན་དུ་འབུལ་ན་བསམ།།
སེམས་ཀྱི་སྣང་ཚུལ་ངག་ལ་གྱེར་ནས་ཁྱེད་ཐུགས་མགུ་བར་སྤྲོ་ན་ཡང་།།
སྐུ་ཉིད་ཁྱིམ་གྱི་ལས་ལ་བྲེལ་བས་ཁ་པར་བཏང་བ་དོན་མེད་གྱུར།།

ས་ག་ཟླ་བའི་བཅོ་ལྔའི་ཉིན་མོར་དགའ་བའི་འཛུམ་མདངས་ངོམ་བཞིན་ཏུ།།
ཡབ་རྗེ་བླ་མའི་སྒྲུབ་ཕུག་དེ་རུ་མཆོད་མཇལ་བྱེད་པའི་རྣམ་པ་དང་།།
བསངས་དུད་སྔོན་མོའི་དར་གོས་འོག་ནས་རྒྱང་ལྟ་བྱེད་པའི་སྐལ་བཟང་དེ།།
ཡང་ཡང་འབྱུང་བར་རེ་ལྟོས་བྱས་ཡོད་ང་ཡི་བརྩེ་བའི་མ་ཡུམ་ལགས།།

གོ་ལ་ཧྲིལ་པོ་ནོར་ལ་བརྗེས་ཀྱང་རིན་ཆེན་འདི་འདྲ་ཉོ་ཐབས་མེད།།
སྟོང་གསུམ་འཇིག་རྟེན་ཁེམ་གྱིས་བསློགས་ཀྱང་དྲིན་ལན་འདི་ལ་མཇལ་དུས་མེད།།
ཁ་ནས་གླེང་ཞིང་སེམས་ནས་དྲན་པའི་ཨ་མ་ཁྱོད་ཀྱི་སྤྱན་ལམ་དུ།།
སེམས་ཀྱི་འཕྲིན་པ་ཡི་གེར་ཕབ་འདིས་འཛུམ་པའི་སོ་ཕྲེང་ངོམ་གྱུར་ཅིག།
༢༠༡༡ལོའི་ཟླ༥ཚེས༢༥ཉིན་ཟ་ཁང་ཞིག་གི་ནང་དུ་སྐྱ་ཐིག་ཕབ་ཅིང་རང་ཤག་ནས་ཡི་གེར་བཀོད་པའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་བདག་མོ་དྲན་པ།

2011-06-30 དཔལ་བེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།