བོད་ཀྱི་སྙན་ངག་པའི་སྡེ་ལ་བྲིས་པའི་ཀུ་རེ་ཐལ་སྐྱ་མ།
ལྗང་བུས་མདོ་དབུས་ཁམས་གསུམ་གྱི་མགར་ཁང་ནས་
སྦྱང་བརྡུང་བྱས་ཏེ་གྲུབ་པའི་གཟི་མིག་དགུ་བ་ཞིག
ཆུ་ཟི་སྔོན་པོའི་དར་སྐུད་ལ་བརྒྱུས་ནས་
རྒྱ་མཚོའི་ཕ་རོལ་ཏུ་ཁྱེར་སོང
དེ་ཡི་ཤུལ་དུ་འཇུ་སྐལ་བཟང་དང་འབྲོང་སོགས་
གཞུང་ལས་ཁང་གི་འབོལ་ཁྲིའི་སྟེང་ན་
གཉིད་ལྕོག་རྒྱག་གིན་པའི་སྐབས་སུ
གློ་རྡེག་ལ་ལྷམ་ཀོག་གི་ཚོར་བའི་རྟོགས་ལྗོངས་ནས་འཕུར་ཡོང་བའི་
བྱིའུ་མགོ་བདེ་དེས་བདེ་ལྕག་འཁྱུག་པོའི་ངང
རྟ་བོ་རྩྭ་ཐང་ན་ཁེར་འཁྱམ་བྱེད་པའི་མེ་སྟག་གི་
རྣམ་ཤེས་ཀྱི་ལྷིང་འཇགས་དཀྲོགས་ཤིང
རིམ་པ་མཐོ་བའི་དབྱིངས་རིམ་ན་རང་གི་ཤེས་རབ་ཀྱི་
གཤོག་ཟུང་ས་ལ་མ་རེག་པའི་སྐྱབས་ཆེན་བདེ་གྲོལ་ལའང་
སྐྱོ་ཡུས་ཀྱིས་འབོད་བརྡ་ཞིག་ཐེབས་ཏེ་
ག་ཤེད་ཅིག་གི་རྗེས་ནས་ཐམས་ཅད་འུར་ཟིང་ལ་འདྲེས་མོད
ད་དུང་མདའ་བཙན་པོ་གཞི་རིམ་གྱི་གྲོང་བརྡལ་ཞིག་ན་
རྐང་སྣམ་ལ་ཁ་ཐིག་མེད་པར་སྒྱིད་ལུག་ངང་
ཡར་འགྲོ་མར་འགྲོ་བྱེད་ཀྱིན་འདུག
ཁྱེད་ཚོས་སྙན་ངག་འདི་མཐོང་བས་མི་དགའ་ན་ཐང་མོད
འདི་ནི་ངས་བྲིས་པ་མིན
འདི་ནི་རེ་རྐང་གླིང་གི་དགའ་རོགས་ཡིན་ཟེར་བའི་
སྨད་ཚོང་མ་ཞིག་གི་ང་ལ་བྱིན་པ་ཡིན
ད་ལྟ་ཁོ་མོ་ས་མཐའི་ཡུལ་གྱི་གཉན་ལ་ལྟ་རུ་བུད་སོང་བས་
ཁྱེད་ཅག་འཚོལ་དུ་འགྲོ་ན་དེ་རུ་སོང
རྩོམ་ཁུངས། སྐ་རགས་ཀྱི་ཟིན་བྲིས།