ཆམས་ནད་ལྟ་བུའི་ཁྱོད་དང་ཁྱོད་ཀྱི་བརྩེ་བ།
མགོ་ནས་མཇུག་བར་དུ
ཡོད་ཚད་ཁྱོད་ཀྱིས་མནར་བ་ངོ་ཚ་ཞིག་མ་ཡིན་ནམ
སེམས་ནས་ལག་པའི་བར་དུ
ཡོད་ཚད་སྦྱིན་པར་ནུས་པ་གཟི་བརྗིད་ཅིག་ཅི་ལ་མིན
གང་ནས་བསྡད་ཀྱང་དེ་རུ་འཛིན་མཁན
ཁྱོད་ཀྱི་བཅོས་འཛུམ་རེད མིག་མདངས་རེད
ཆམས་ནད་ལྟ་བུའི་ཁྱོད་དང་ཁྱོད་ཀྱི་བརྩེ་བ་རེད
ཁྱོད་རང་ཆམས་ནད་ལྟར་ང་ཡི་ལུས་སྟེང་ལ་ཟིམ་སོང
སུས་ཀྱང་འདེད་མི་ནུས་པའི་གྲིབ་མ་བཞིན
མཐོང་མི་ནུས་པའི་རྣམ་ཤེས་བཞིན
ཕུང་བོ་དང་འདྲེས་སོང
སེམས་གཏིང་ལ་ཟུག་སོང
ཆམས་ནད་ནི་སྣ་འཚུབ་པ་དང་འབྲལ་དུ་མེད་པ་ལྟར
གློ་ལུ་བ་དང་གྱེས་སུ་མེད་པ་བཞིན
ཤ་གསེང་གི་ཁྲག་དང་འདྲེས་སོང
ཁྲག་གསེང་གི་རྐང་ལ་འཐིམ་སོང
འོན་ཀྱང ཁྱེད་རང་ཆམས་ནད་ཡིན་པས་སུ་ལའང་འགོ་སྲིད
ཁ་སང་གི་དམ་བཅའ་དེར་རྡོག་བརྫིས་བྱས་ནས
དེ་རིང་གི་མནའ་རྩ་འདི་སྟ་རེས་བཅད་ནས
སུ་ལའང་འགོ་སྲིད
ཆམས་ནད་འདིས་སུ་ཡང་འཛིན་མོད
ཆམས་ནད་འདི་སུ་ལའང་མི་དབང
ཆམས་ནད་སོང་ཤུལ་ན་ནད་པ་མང་ལ
ནད་པའི་རྐང་རྗེས་ན་ཆམས་ནད་འཚུབ
༢༠༡༡.༣.༡༤
རྩོམ་ཁུངས། ངེད་དྲ་བ།