འབྲོག་པའི་སྒྲོལ་མ།
༡ འབྲོག་པའི་སྒྲོལ་མ།
གཡའ་དག་པའི་ཞོགས་རླུང་བསིལ་མོས
གནག་སྣུམ་གྱི་སྐྲ་ལོ་བསྒུལ་ཞིང
དགོ་དགོ་འབྲི་མོའི་དབྱངས་རྟ་ཁོ་ནས
མི་ཚེ་ལ་བདེན་དོན་བཅོས་མ་ཞིག་བསྩལ
རྨིག་རྗེས་ནས་འབུས་པའི་ཚེ་སྲོག་ཆུང་ཆུང
གྲང་རླུང་གིས་གཙེས་བའི་ངོ་གདོང་སྐྱ་བོ་དེ
ཁྱེད་ཀྱི་གཏམ་རྒྱུད་ལ་འཐིམས་པའི་ལས་སྐལ་རེད
༢ སློབ་རྭའི་སྒྲོལ་མ
རང་ཉིད་བཙལ་སའི་སློབ་ཁང་དེ་ན
མིག་ཟུང་ལྟ་བུའི་དཔེ་དེབ་དེ་ཐང་ལ་གཡུག་ནས
བརྩེ་དུང་རུུྫུན་མ་ཞིག་ལ་ལག་སྙོབ་བྱེད་ཀྱིན
རང་ཉིད་དངོས་མ་ཞིག་གཏན་ནས་མ་རྙེད
རྒྱ་མཚོའི་ནང་གི་ཁབ་སྐུབ་བཞིན་གཏན་ནས་མ་རྙེད
ཕ་མ་ཚོས་རྔུལ་ཁྲག་འཇིབ་དུས་འདྲེ་མོ་ཞིག
འདྲེ་མོ་ཁྲག་འཐུང་ཞིག
༣ གྲོང་རྭའི་སྒྲོལ་མ
མེ་ཏོག་གི་ཁ་དོག་མ་ཡལ་བའི་ལང་ཚོར
ཤོག་སྒོར་འགས་མཆིལ་ཞགས་དང་རྡོག་བརྫིས་བྱས
རང་ཉིད་ཀྱི་མྱི་གཞི་ལ་དམའ་འབེབས་བྱས་ཐལ་དྲགས་སོང་བས
ཁྱེད་ནི་ནམ་ཡང་བསམ་བློ་མེད་པའི་དྲན་གཡོག་ཅིག
མཚོན་མདངས་བྱུགས་པའི་སྐྲ་ལོ་རྒྱ་ལྕང་དེས
ཁྱེད་ཀྱི་ངོ་གདོང་འགེབ་བཞིན་འདུག
ལང་ཚོ་གཅེར་བུ་དེ་འགེབ་བཞིན་འདུག
རྩོམ་ཁུངས། ངེད་དྲ་བ།