ལས་དབང་གིས་བསྩལ་བའི་ཁྱོད་དང་ངའི་འཚོ་བ།
༡
འཇིག་རྟེན་འདིར།
དཀར་ནག་དང་བདེན་རྫུན་གྱི་དབྱེ་ཞིབ་ཐུབ་པའི་ཉིན་མོ་ནས་བཟུང་།
ཡུམ་ཆེན་གྱི་བྲང་གི་ནུ་མར་བྲལ་མགོ་བརྩམས་ཤིང་།
སེམས་ནང་གི་བདེ་སྐྱིད་ཀྱི་ཉི་མ་ཅིག་ལ་རེ་ལྟོས་བྱས་ཏེ།
འཇིག་རྟེན་ཞིག་གི་གྲུ་ཟུར་དུ་ཁྱོད་ཉིད་བཙལ།
ཕྲག་དོག་དང་འགྲན་སེམས་ཀྱི་ཚོས་པའི་འཚོ་བ་འདིར།
མུན་ནག་གིས་བཏུམས་ཏེ་རང་དབང་དང་སྤྲོ་སྐྱིད་ཀྱི་འཁོར་བའང་སྙེག་པར་དཀའ།
དུས་དེ་ནས་བཟུང་།
རང་ཉིད་ཟས་གོས་གནས་གསུམ་མེད་པའི་སློང་མོ་བ་ཞིག་དང་མཚུངས་བར་མི་ཚོགས་ཁྲི་མ་
འབུམ་གྱི་དཀྱིལ་དུ་ཁེར་རྐྱང་གི་མི་འགྲོ་ཀ་མེད་བྱུང་།
སྨྲ་ཤེས་པ་ཐམས་ ཅད་ལ་དྲང་གཏམ་བརྗོད་མི་རུང་བ་ལྟར་སེམས་གཏིང་གི་ན་ཟུག་ཅི་འདྲའི་ཟབ་ཀྱང་།
འཇིག་རྟེན་གྱི་ཁ་དབུགས་ལ་ནམ་ཡང་འགྱུར་བ་མི་འདུག
སུན་སྣང་གི་ལོ་ཟླའི་ཆར་རླུང་སྔར་བཞིན་ངའི་སེམས་སུ་སྒོམ་བཞིན་སྡུག་བསྔལ་སྟོང་གི་མིག་ཆུ་རྡོག་བུ་རེ་རེ་ངས་ཁྲག་བཞིན་འཐུངས་མྱོང་།
ཟང་ཟིང་གི་གྲོང་ཁྱེར་ཆུང་ཆུང་འདི་ནས་ཁྱེད་ཉིད་གླེང་བཞིན་ཁྱེད་ལ་བསྒུགས་ཏེ་
དྲན་སྣང་གི་ཚོར་ཤེས་དེའང་མངོན་ལྐོག་མེད་པར་མི་བུ་ཚོའི་སྙིང་ཁར་རྩེན།
སྐབས་རེར། བདེ་བའི་འཇིག་རྟེན་ཞིག་ཏུ་བསམ་གཞིགས་སྐྱིད་པོའི་མལ་དུ་ཉལ་འདོད་སྐྱེས་ཏེ་ཨ་རག་གི་བཟི་ཁ་མྱངས་པ་ན།
རེ་སྣང་འཕྲུལ་གྱི་ཟློས་གར་རུ་མངོན་འོང་བ་ཁྱོད་ཉིད་ཡིན་སོང་།
འོན་ཀྱང་། མུན་པའི་གྲོང་གི་འཇིགས་སྣང་མི་བསུ་ཐབས་མེད་ཀྱིས་ཀྱག་ཀྱོག་ཆེ་བའི་ལམ་སྣེར་གོམ་པ་སྤོས་ཏེ་མི་ཁའི་རླུང་བུ་གཟན་པོ་རྣ་བར་འཛུལ་ནས་འགྲོ་དགོས་ཤིང་།
ཉམ་ཆུང་བའི་བགྲོད་སྟངས་རེ་རེར་འཇིགས་སྣང་གིས་ལྟ་རིན་མི་འདུག
༢
ཐོབ་ཤོར་གྱི་ལོ་ཟླ་རིམ་གྱིས་འདས་པའི་དུས་ཚིགས་འདི།
རླུང་འཚུབ་དང་ཁ་ཆར་མཉམ་དུ་བཞུད་དུས།
སྒྱུ་འཕྲུལ་མེ་ཏོག་གི་མཛེས་རིས་སེམས་ངོགས་སུ་ཤར་ཏེ་ཁུ་ལོ་ཁྱོད་རང་འཚོལ་འདོད་ཀྱི་སྙིང་གཏམ་དང་དྲན་གདུང་གི་གླུ་ཆུང་རི་གྲོང་འདི་ནས་ཤོར་སོང་།
ཁེར་རྐྱང་གི་འཚོ་བ་དེའི་ཤེལ་ངོས་སུ་ཡལ་མ་མྱོང་བའི་ཁྱེད་ཀྱི་བཞིན་རས་དེར་ལྟ་བཞིན་ཁེར་རྐྱང་གི་ཟླ་ངོགས་སུ་བགྲང་ཚེ།
ཟླ་བའི་མཚན་ལྗོངས་རེ་རེར་འཁྱུད་པའི་ང་དང་ངའི་གྲིབ་ནག ད་དུང་།
ལས་དབང་གི་འཇིག་རྟེན་ཁྲོད་ནས་ཁྱོད་ཕྱོགས་སུ་ཆས་པ་ཐེངས་གཅིག་ག་ལ་ཡིན།
གཡོ་མེད་ཀྱི་སེམས་པའི་གཏིང་རུམ་ལ་བཅུགས་པའི་ཁུ་ལོ།
དུས་ཚིགས་ཀྱི་སྐྱོ་སྣང་ལན་ཆགས་དང་ཐོབ་ཤོར་གྱི་ལོ་ཟླ་ན་ཟུག་ཏུ་གྲུབ་པའི་སེམས་ཁོངས་སུ་ཁྱེད་ཉིད་ཕྱིར་འོང་གི་རེ་སྨོན་ཁྲོད་རྒྱང་ལྟ་གང་མང་བྱས།
ཡིན་ ནའང་། སྨྲ་མི་ཤེས་བའི་སེམས་ཚོར་དང་བཞུར་མི་ཚར་བའི་མིག་ཆུའི་རྡོག་བུ་རེ་རེ་ཁྱོད་
ཀྱི་ཆེད་དུ་ཡིན་ཞེས་གནམ་སྔོན་པོ་དང་ས་ཆེན་པོ་དཔང་ལ་བཞག་ནས་བརྗོད་མྱོང་མོད།
མི་ཁའི་འཆལ་གཏམ་གྱི་རླུང་འཚུབ་རྒོད་པོ་གཡུགས་ཏེ་སངས་ཐབས་མེད་པའི་སེམས་ངོགས་སུ་སྡུག་ཡུས་ཀྱི་སྨུག་པ་ཡང་ཡང་འཐིབས་སོང་།
མ་ཚད། འདས་ཟིན་པའི་དགུན་ཟླ་རིང་མོར་གཞན་གྱི་ཕྲག་དོག་གི་མདའ་མོ་ཡང་ཡང་སྙིང་གར་གཏད་མྱོང་བས་ཚེ་འདིའི་བརྩེ་བ་ཆེད་དུ་ཡོད་ཚད་བློས་གཏོང་གིས་ཕྱི་མར་འགྲིམས་པའི་བློ་ཡང་སྐྱེས་སོང་།
དེའི་རྐྱེན། ཁེར་རྐྱང་འཚོ་བ་འདིའི་སྙིང་དབུས་སུ་ཁྱོད་རང་ཁོ་ན་ལས་མེད་པས་བདེ་སྐྱིད་དང་
དྲོད་ཁོལ་གྱི་བརྩེ་དུང་གི་གཟིམ་ཆུང་འདིར་བདེ་སྣང་ཞིག་བསྩལ་འདོད་ཚེ་འགྲོ་ཐེངས་རེར་ཕྱི་མིག་རེ་ལྟ་རྒྱུ་མ་བརྗེད་རོགས།
ངས་འདི་ལྟར་ལོ་ཟླ་་ཉིན་ཞག་ཏུ་ཁུར་བའི་གསང་བ་ཡོད་ཚད་ཁྱེད་ལ་དྭངས་གཙང་གི་སེམས་ངོགས་ནས་གཏོར་ཡོད།
དེ་བས། བརྩེ་སེམས་ཀྱི་བཀྱགས་པའི་རྒུན་ཆང་ཞིམ་པོ་འདི་བཞེས་ཏེ་མ་འོངས་འགྱུར་མེད་ཀྱི་བློ་རྩ་དམར་བོ་རུ་བདེ་སྐྱིད་དང་ཡིད་ཆེས་ཀྱི་ཁྱིམ་གཞི་ཞིག་སྐྱོང་བའི་སོན་རྩ་སྟེ་ཡོད་ཚད་ཀུན་གྱིས་སྨོན་པའི་དགའ་ཚལ་ཞིག་ཏུ་འཁྲིད་རོགས།
རྩོམ་ཁུངས། ངེད་དྲ་བ།