གྲང་རླུང་ཁྲོད་ཀྱི་ཁུལ་ཞོ། སད་ཀྱིས་བཅོམ་པའི་དྲན་ཤེས།
བརླན་གཤེར་གྱི་མིག་ཟུང་གིས་རྨ་ཁ་ཅན་གྱི་ཕ་ཡུལ་ལ་ལྟ་ཐེངས་རེ་རེ།
འཚབ་འཚུབ་གྱི་འཇིག་རྟེན་དུ་ཕྱིར་དྲན་བྱེད་པའི་ཁོམ་པ་སྐར་ཆ་རེ་གཉིས་ཙམ་བཙལ་ཏེ།
རྒྱང་རིང་དུ་བཞུད་སོང་བའི་འཇིག་རྟེན་གཞན་ཞིག་འཚོལ་དུས།
སྐྱོ་སྣང་གིས་བཀང་བའི་ལྷིང་འཇགས་སེམས་ཀྱི་མཚོ་ངོས་སུ་འཁྱིལ་བའི།
རང་ཉིད་ཀྱི་གཏམ་རྒྱུད་དྲོན་མོ་དེ་ཡང་བསྐྱར་དྲན་སོང་།
བྱིས་དུས་མ་ལོའི་ཚ་རུ་ནང་ལ་བསྙལ་པའི་རྨི་ལམ་།
ཞོགས་ཀར་རྫི་གླུས་གཉིད་ལས་དཀྲོགས་རྗེས།
ཡོ་འཁྱོགས་ཀྱི་རྐང་རྗེས་ཆུང་ཆུང་རེ་བསྐྱུར་ནས་ཨ་ཕ་རྗེས་བསྙེགས་པའི་ལོ་ཟླ།
ལྕག་ཚན་ལག་ཏུ་ཐོགས་ཏེ་བ་མོ་དང་ལྷན་དུ་ཉི་འོད་བསུ་དུས།
ཉམས་ཆུང་གི་མཛུབ་མོས་ས་ལ་དབྱངས་གསལ་སོ་བཞིའི་རི་མོ་འགོད།
སྐབས་དེར་མ་འོངས་ལ་བཅོལ་པའི་མཛེས་སྡུག་གི་བསམ་འདུན་ཞིག་སེམས་ཆུང་དུ་གནས་ཡོད།
ཡིན་ནའང་། ངལ་མེད་དུས་ཀྱི་འཁོར་ལོས་རིམ་གྱིས་དུས་ཚིགས་བཞི་བོ་བསྟུད་མར་དེད་ཐེངས་འགའ།
ང་ཡི་གདོང་ལ་གནག་སྟུག་གི་སྨ་ར་ཡིས་རྒྱན་སོང་བས་ཀྱང་མ་ཚོར།
མཐོ་རྐུབ་ལྕེ་ལྡག་དང་དམའ་མགོ་རྐང་རྫི་ཡི་ཉིན་མོ་འདིར།
དྲང་བདེན་དང་འདྲ་མཉམ་ཟེར་བ་ནི་གནའ་བོའི་དཔའ་བོའི་གད་རྒྱངས།
རུས་སྦལ་གྱི་སྤུ་ཇི་བཞིན་ཐོས་པ་དཀོན་ཏེ་མིག་གིས་མཐོང་རྒྱུ་ནི་དེ་བས་ཀྱང་ངོ།
ང་དང་ང་ལྟ་བུའི་རྩྭ་ཐང་གི་བུ་ཕྲུག་ཚོའི་ངུ་དབྱངས་སྐྱུར་མོ་དེ་སུ་ཞིག་གི་དྲན་པར་ཐོགས།
ཁ་རྗེ་དབང་ཐང་གི་ལས་དབང་ལ་མགོ་མི་སྒུར་ཀ་མེད་ཁེར་རྐྱང་དུ་ལུས་པའི་ང་།
ས་མཐའ་ཞིག་ནས་ཁྱེད་ཀྱི་པང་ལ་གཏད་ནས་མགྱོགས་ཚད་ཅི་ཡོད་དུ་རྒྱུག་གིན་ཡོད།
འོན་ཀྱང་།ཐལ་རྡུལ་ཁྲོད་ཀྱི་ཡུལ་ཤུལ།འདམ་ཆུའི་ཀློང་གི་ཡུལ་ཤུལ། ཁྱེད་ནི་ངའི་ཚེ་སྲོག་གི་ཁུལ་ཞོ་ལགས།
ཅི་ཕྱིར་དེ་རིང་ངེད་གཉིས་ཕན་ཚུན་ངོ་མི་ཤེས་པར་གྱུར།
ངས་མཇུག་མཐའི་ལམ་རྒྱགས་བཟས་རྗེས་ཐག་རིང་ལམ་ལ་ཆས་སྐབས།
ཁྱེད་ཀྱི་ཕྱོགས་ལ་འཕངས་པའི་མིག་མདའ་ཁྲི་ཕྲག་དེ་མི་དྲན་ནམ།
འོ། ཁག་མི་འདུག
ད་ལྟའི་ཁྱེད་ནི་ང་ལས་དྲག་པའི་ན་ཟུག་གིས་མནར་ཡོད་པ་ངས་གསལ་བོ་ཤེས་ཡོད། ངས་ཁྱེད་ལ་འཁང་ར་མི་བྱེད།
འོན་ཀྱང་། ད་ནས་བཟུང་།ཆག་གྲུམ་ཤོར་བའི་བརྩེ་དུང་སུ་ཡིས་སྐྱོང་།
ཤི་གསོན་གཉིས་ཀྱི་གྱེས་མཚམས་སུ་དིར་དིར་སྒྲོག་པའི་སྨྲེ་སྔགས་ཀྱི་ཁྲོད་ནས།
སྐྱོ་སྡུག་གི་ཆུ་བོས་དོན་ལྔ་སྣོད་དྲུག་ཟག་ཟིན་པའི་མི་ཚོགས་ཀྱི་གསེབ་ནས།
འཇིགས་སྣང་དང་དངངས་སྐྲག་སྤྲས་པའི་ཡུལ་མི་ཚོའི་ངོ་གདོང་རེ་རེ་ཡི་བར་ནས།
ཅི་བྱ་གཏོལ་མེད་དུ་ལུས་པའི་ཤུགས་རིང་ཐེས་མེད་ཀྱི་དཀྱིལ་ནས།
ངས་རྙེད་དགོས་པ་ནི་ཧ་ཅང་རྒྱུས་ཡོད་ཀྱི་ཁྱིམ་ལ་ལོག་པའི་ལམ་བུ་དེ་ཡིན།
སྐབས་དེར།ངས་ཨ་ཕས་ཁྲིད་པའི་གླུ་ཆུང་དེ་བླངས་འདོད་ཀྱང་ཅི་ཕྱིར་མགྲིན་པ་བརྣངས་ སོང་།
ཁ་བ་ལྷབ་ལྷུབ་བབས་བྱུང་། གྲང་ངར་བསྣབས་ནས་ག་ལེར་བབས་བྱུང་།
འདས་ཟིན་པའི་ལོ་ཟླ་ནི་རབ་རིབ་གྱི་ཡོལ་བས་ཁེབས་འདུག
རི་འདབས་ནས་རྫི་བོའི་གྲིབ་མ་མཐོང་རྒྱུ་མི་འདུག་པའི་ས་སྲོད་ལ།
སུ་ཞིག་གིས་ཁང་བ་ཞིག་རོ་ཞིག་གི་འགྲམ་དུ།
ཁ་སང་གི་གཏམ་རྒྱུད་བརྒྱུད་ནས་འཐོར་ཟིན་པའི་དྲན་ཤེས་ཁོལ་བུ་དག་སྒྲུག་ཞོར།
ཆུང་དུས་རྩེད་རོགས་ཀྱི་འབོད་བརྡ་ལ་སྒུག་ནས་ཅེར་ཡོད།
རྩོམ་ཁུངས། ངེད་དྲ་བ།