རང་བྱུང་གི་བྱུང་བ་བརྗོད་པ།
ཁ་ཆར་འདྲེས་མའི་ཀློང་དུ་མེ་ཏོག་གཟིམ་ཡོད
དེ་ཡི་ཁྲོད་ཀྱི་རྨི་ལམ་བརྩེགས་མ་མང་བོ
འོད་ཀྱི་ལྟེབས་ཁུགས་སུ་འཁྱིལ་ཡོད
ཞོ་དང་འོ་སྤྲི་འཁྱིལ་བའི་ཟོལ་གྱིས
མི་དང་མི་ཡི་སེམས་སུ་འཁྱིལ
རླུང་གིས་གཡོ་གྲུ་སྐྱོར་བ་དེ་ལ་བལྟས་ན
གཞན་དག་གི་དབུགས་ཀྱི་འབྱིན་རྔུབ་དག་ཀྱང
ལུས་ཡོངས་དྲོད་ཀྱིས་ཁྱབ་པ་ལྟར
ག་ས་གང་དུའང་ཁྱབ་པར་བྱས
ཆར་ཆུའི་ཟོལ་གྱིས་འབབ་པའི
གངས་རི་ནི་ཆུ་ཐིགས་རེ་རེ་ལས་གྲུབ་པར་བྱས་ན
ཆ་རྡུལ་དང་ཡང་རྡུལ་དེ་དག་གིས
དབུགས་འབྱིན་པར་བྱེད་སྲིད་མོད་ཀྱང
ང་ཡི་བྲང་གཞུང་དུ་འབབ་པའི་རྔུལ་ནག་དག
སུ་ཞིག་གིས་བཙན་གྱིས་བཙུར་ཡོང
གང་ཞིག་གི་ངོ་བོར་བཏུམས
ཉི་འོད་ཕྲན་བུས་ཀྱང་ལུས་ཡོངས་དྲོ་ཞིང
ས་འོག་གི་འབའ་འབུ་དག་ཀྱང་གཉིད་ལས་སད
རླུང་གཡུགས་ཀིན་སྲོག་གི་གཤོག་པ་བརྡབས་ཤིང
མཁའ་དབྱིངས་བསྐྱོད་པར་སྟ་གོན་བྱས
གང་ནས་གང་ལ རང་དབང་མེད་པར
བགྲོད་དགོས་པ་དེ་སུ་ཞིག་གི་ལས་དབང་ཡིན
སྤྱི་ལོ༢༠༡༣ལོའི་ཟླ༤པའི་ཚེས༡༥དགོང་མོར་སྦྱར།
རྩོམ་ཁུངས། ངེད་དྲ་བ།