ནད་པ།༼གཉིས་པ༽
རྨི་ལམ་ནི་འཁོར་བའི་རྒྱ་ཡན་ལ་ཤོར་བའི་ཁྲག་དང་རླུང་བུ
མེ་ཡིས་ཚིག་རོ་ལས་གྲུབ་པའི་ཤ་དང་མིག་ཆུ
སླར་ཡང་ཚིག་རོས་བསྐྱབས་པའི་འཁུན་སྒྲ་ཐན་ཐུན
རི་མོ གྱ་གྱུའི་ལམ་ཕྲན་ལ་བརྒྱུས་པའི་འཚོ་བའི་དུད་ཁུ
དུས་ཚོད་སྐར་ཆ་ཙམ་ཕྱིར་ནུར་བྱས་པ་ན
སྐྲན་དང་གཅོང་ནད་ཀྱིས་ཁྱབ་པའི་ལུས་པོ་དེ་ནི
དོན་ལྔ་སྣོད་དྲུག་དང་དོན་ལྔ་སྣོད་དྲུག་གིས་ཡོངས་སུ་དབུལ་བའམ
མེ་ཏོག་རྙིད་པའི་ལོ་ཟླ་དང་དུས་ཚིགས་ནང་གི་དགུན་ཁ
སྙིང་རྗེ་ནི་ངོ་གདོང་ལས་སྐྱེས་པའི་ཐ་སྙད་འཁྲེགས་པོ་ཞིག
ཁྱོད་ཀྱི་བར་སྣང་ན་འཕུར་བའི་རེ་བའི་བྱ་དང་བྱེའུ
བགྲང་གིས་མི་ལངས་པའི་ཚེ་སྲོག་མོད་པོ
སྐུ་ཞབས་ལགས ནད་པ
མལ་ཁྲིའི་གཡས་དང་གཡོན་ན་འགུལ་བའི་སྨན་པའི་གཟུགས་རིས
མེ་ལོང་གིས་བསད་པའི་སྣང་བའི་འགྱུར་ཁུག
ད་ནི་ཉི་འོད་དག་ཀྱང་སྐྲག་སྣང་ཅིག་ལ་འདྲེས་ནས
ལྷམ་པ་བརྒྱབ་པའི་སྙིང་དང་གློ་བ་དེ་ཚོ་འགུལ་ཙམ་འགུལ་ཙམ
ཏིང་ངེ་འཛིན་གྱི་གསོལ་འདེབས་ལ་རོལ་བཞིན
མུན་པ་དྭངས་འགྲོ་བའི་ནམ་མཁའ་ལ་བལྟས
ཁྱིམ་མཚེས་བྱས་ཡོད་པའི་མལ་ཁྲི་དང་ནད་པ
བྲེལ་འཚུབ་ཀྱིས་བཟུང་པའི་སྨྱོན་པའི་ལྭ་བ
རྔུལ་ཆུས་བརླན་པའི་རང་རང་གི་མེ་ལྕེ་ངན་ངོན
བསུབ་ཐབས་མེད་པའི་ད་ལྟའི་འགྱོད་གདུང་ཁ་ཤས
དེ་དག་གིས་གྲུབ་དང་མ་འགྲུབ་པའི་གྱེས་ཚིག་གང་སར་ཁྱབ་པ་ན
སངས་དྲགས་ཡོང་དང་མ་ཡོང་ལ་ཁྱད་པར་མི་འདུག
༢༠༡༣/༡༡/༡༩མཚན་མོར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།