སྲ་མཁྲེགས་ཀྱི་བརྩེ་བ།༼ ཞར་བཀོད་གསུམ་ཡོད ༽
ནམ་ཕྱེད་དུ་ང་ཚོས་ལྷོ་ཕྱོགས་སུ་བལྟས་པས
རྡོ་ཡི་ནམ་མཁའ་འདི་ རྡོ་ཡི་རྩིག་གྱང་འདི
འཁྱོག་པའི་རི་མོར་བཞག་ཅིང
དེ་འགྲེལ་བཤད་མེད་པ་ཁོ་ནར་ཆགས་འདུག
སྙིགས་སྣོད་ཀྱི་ནང་དུ་ཉི་དགའ་མེ་ཏོག་དང
འོབས་དོང་གི་ནང་དུ་རྣམ་ཤེས་འདི་འདྲ་ཆགས་དུས
དགེ་སྡུག་གི་ཁྲེས་པོ་ཁུར་བའི་ང་ཚོ
ཉིན་མོ་དེའི་ཕ་རོལ་དུ་དུག་རྫས་ཀྱི་ཐ་མག་འཐེན་དུ་འགྲོ
ཀྱེ འཆི་བའི་དབྱངས་རྟ་སྔས་མགོར་བཏེགས་པའི
མཚན་མོའི་འགྲུལ་བཞུད་ཁྲོད
ང་ཚོ་ཕན་ཚུན་གྱི་མིག་གོང་ལ་འཛུལ
འདོད་པའི་མངའ་ཁོངས་ནས
རྐང་ལག་དག་ཆབ་རོམ་དུ་བསྒྱུར།
09/-11/-2014/-ཉིན་བྲིས།
འགྲུལ་ཁང་ལས་ཅི་ཡང་མེད་དུས།
རྡོག་ཁྲེས་ལྗིད་པོ་ཞིག་ལྟར
མདུན་དུ་བསྐྱོད་རྒྱུ་དཀའ་ནའང
སྔར་བཞིན་ཁྱོད་ཀྱིས་ལྭ་བ་གྲ་དག་གྱོན་ཤེས་ཤིང
འཁོར་བའི་སྐྱེལ་ཚལ་ལྟ་བུའི་ནམ་མཁའ་དང
རྣོ་ངར་གྱི་ལོག་ཕེབས་མང་བོས
ལུས་སྟེང་དུ་བཙའ་ཆགས་པའི་རི་མོ་འབབ་ཀྱིན་པ་མཐོང་གིན་མི་འདུག
རྩིག་གྱང་སྟུག་པོ་དེའི་ཕ་རོལ་ཡིན་ན
རལ་ནས་གས་ཀྱིན་པའི་བརྩེ་གཞས་རེ་རེ
ཁྱོད་ཀྱིས་གྲོག་མཁར་གྱི་ཚུལ་དུ་མཐོན་པོར་བརྩིགས་ཤིང
དེའི་ནང་དུ་ཁ་དོག་མི་ལྡན་པའི་ཅ་ལག་མང་བོ་བཞག
དེ་ཚོའང་ས་འོག་ཏུ་སྦས
འབྱུང་བ་ཅི་རིགས་ཀྱིས་ཁྱོད་ལ་ལག་པ་བྱིན་འདུག
བརྩེ་བའི་ཀོ་གྲུ་བྱིན་འདུག
སྟོང་བསམ་བྱིན་འདུག
རྒྱུས་མེད་པའི་གྲུ་ཟུར་མང་བོ་བྱིན་འདུག
02/-11/-2014/-ཉིན་བྲིས།
བརྩེ་དུང་།
___མི་ཞིག་གི་མིག་ཆུའི་ནང་གི་ཉིན་ཐོ་བཀླགས་པ།
ཁྱོད་རང་ད་ལྟ་མཚན་མོའི་སྲང་ལམ་ཞིག་ཏུ་ཐོན་ཡོད
ལག་ཏུ་སྟ་གོན་གྱི་ཅ་ལག་ཅི་ཡང་བཟུང་མེད་ནའང
སྟོང་བསམ་གྱི་མཆུ་མ་སྣ་ཚོགས་ཁུར་ནས
ཨ་ལན་མེད་པའི་འཕྲིན་པ་སྟོང་གཅིག་བྲིས་ཚར
ལྕགས་ཟྭ་མང་བོས་སྒྲོག་པའི་མཚན་མོ་དེར
ཁྱོད་ཀྱིས་རང་གི་མཛའ་བོས་ཕྱེས་པའི་སྒེའུ་ཁང་དེ་མཐོང་ནས
སེམས་འཁྱག་པ་དེ་འོད་སྣང་ཁོ་ནས་གསོས
རྗེས་སུ་སེམས་ཐག་བཅད་ནས
ཐད་ཀར་མི་ཁའི་ཆོ་འཕྲུལ་གྱིི་གཙང་བོར་བརྒལ
མཚན་མོ་དེ་ནས་བཟུང
སྙིང་དབུས་ཀྱི་མུ་ཅོར་སྣ་ཚོགས་གྱང་ལ་བྲིས་ཤིང
རང་གི་མིག་ཆུ་དེ་རྡོ་ལ་བརྐོས
རྣོ་ལྕགས་ཀྱི་དམ་བཅའ་དེ
མཇུག་མཐར་འཁྱག་རོམ་གྱི་ནང་དུ་བཅུག
2014/09/20ཉིན།
ཌེའི་ཁ་ཨན①་ལ་ཕུལ་བ།
ནམ་རྒྱུན་ཉི་མ་རེ་རེར
ངས་ཌེའུ་ཁ་ཨན་ཞེས་པའི་མི་ཞིག་དྲན
མི་དེ་ནི་གཟེབ་དྲའི་ནང་དུ་ཉི་འོད་རྔུབ་མཁན་ཞིག་ རེད
ལྐོག་གྱུར་གྱི་ཕུག་པ་བརྟོལ་ཤེས་པའི་མི་དེས
མིག་ཟུང་ཁོ་ན་རྒྱང་རིང་ལ་གཏད་པས
ཕངས་སེམས་ཀྱི་ཆོ་ངེ་གང་ཡང་འདོན་མི་སྲིད
འགྱུར་བ་མང་བོའི་དྲུང་དུ
ཌེའུ་ཁ་ཨན་ནི་ཚེ་སྲོག་གི་གསང་བ་ལ
ངལ་དུབ་ཀྱི་རི་མོ་སྣ་ཚོགས་འབྲི་མཁན་ཞིག་ཡིན་པས
སྐྱོ་གདུང་ནང་གི་མདོག་ཁྲ་བོ་དེ
ཌེའི་ཁ་ཨན་གྱི་སེམས་ཀྱི་སྟ་གོན་ཞིག་རེད
ཉིན་རྒྱུན་ཁུ་སིམ་གྱི་འཇུག་ངོགས་ཤིག་ནས
ངས་ཁོང་གི་ཚུགས་ཐུབ་ཀྱི་ལག་པ་ཆ་དེས
གསང་བ་གཞན་ཞིག་གི་ཇུས་འགོད་ཁྲོད
ཤེས་རབ་ཀྱི་རྩིག་པ་ཞིག་འབྲི་བཞིན
མེ་དཀར་བོ་དག་ཤོག་བུ་ནག་པོས་བསྒྲོན་པ་མཐོང
ཌེའུ་ཁ་ཨན་ནི་དུས་རབས་ཀྱི་དཀྱོགས་མཚམས་ཅི་ཡང་མིན་པས
རྨི་ལམ་གྱི་ཕྱེད་ཀ་རྡུལ་དུ་ནུབ་པའི
མཚན་མོ་སྔོན་པོ་ཞིག་གི་ལྟེབས་སུ
ངས་སྟོང་འདང་མང་བོའི་ཕྱེད་ཀ
ཁོང་ལ་བྱིན་ཚར་ནའང
ཤུལ་དུ་ལྷག་པ་ནི
མུན་ནག་གི་སེམས་གསོ་ཞིག་ལས་ཅི་ཡང་མེད།
2014/6/28ཉིན་བྲིས།
མཆན།
①སྐབས་ཤིག་གི་རྟོག་བཟོའི་ཁྲོད་ཀྱི་གཞི་མི་གྲུབ་པའི་མི་ཞིག་གི་མིང་།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།