འཚོ་བའི་ཁ་དོག
༡
ལོ་དང་ཟླ་བ
རྨི་ལམ་དང་མངོན་སུམ་གྱི་བར་ན
ཡོམ་ཡོམ་འདར
ལུས་དང་སེམས་པ
ཆུ་ཚོད་ཀྱི་མདའ་མོའི་ངར་ཁ་ན
གཡའ་དང་བཙའ་ལ་ཤོར
ལང་ཚོའི་སྣང་བ
གྲིབ་མ་མི་གསལ་བའི་མུན་པའི་ཀློང་ན
མདའ་མདུང་གི་རྩེ་མོར་ཚུད
ཁ་སང་གི་རྨི་ལམ
རང་ཉིད་ཀྱིས་བྲིས་པའི་རི་མོ་དེར་གྱུར་རྗེས
ག་ལེར་གཏན་དུ་གཉིད་སོང་ན་སྙམ
རི་མོ་དེ་སྙིང་ཁར་ཡང་ཡང་གླན
དེ་ལྟ་དེ་ལྟར
ཁྱོད་ཀྱིས་མགོ་བོ་བྲང་ཁར་སྨད་དེ
བསམ་གཞིགས་བྱས དབུགས་རིང་འབྱིན
༢
ཁྱོད་ལ་མངའ་སྐྱུར་ཁ་གསུམ་གྱི་གཏམ་རྒྱུད་ཅིག་ཡོད
ཡང་ན་སོ་སོར་སྣང་བའི་གསང་བ་ཞིག་ཡོད
དེས་ཁྱོད་ཀྱི་སྨྲ་བ་བཅད དབང་བོ་ཉམས
ཆུ་རིས་དང་འཇའ་ཚོན
ལམ་གྱི་མགྲོན་པོ་དག
སྙིང་དང་མིག་ལ་ཟུག་རྗེས
ཁྱོད་རང་ག་ལེར་གཉིད་དུ་ཡུར
རྨི་ལམ་རབ་ཏུ་འཁྲུགས
ནངས་མོ་དེར
ཁྱོད་རང་ལམ་ལ་ཆས་ཁར
ངོ་གནག་སྟེ་ཁྭ་ཏའི་སྐད་ལ་ཉན
ཨུ་ཚུགས་ཀྱིས་ལམ་ལ་བུད
སེམས་ཚོར་དེའི་སླད་དུ
དུས་ཚོད་མང་པོ་རྦབ་ལ་འདྲིལ
སྐབས་ལན་རེར
མི་མང་པོ་ཁྱོད་ལ་གད་མོ་ཤོར
༣
ཁྱོད་ལ་འཁོར་བའི་བྱ་རོག་དག
ཐག་རིང་དུ་འཕུར་སྲིད་དམ
མི་སྲིད་དེ ཁོ་ཚོར་ཁྱོད་རང་ཤིན་ཏུ་མཁོ
ཁྱོད་རང་ཁོ་ཚོར་ཐེངས་མང་པོར་ཡིབ་ཀྱང
བཙལ་ནས་རྙེད་ཡོང
མ་གཞི་ཁོ་ཚོ་ནི་ཁྱོད་ཀྱི་གྲིབ་མ་རེད
ཁྱོད་དང་འདྲ་བའི་ཕོ་གསར་དེས
ཨ་རག་འཐུང བུད་མེད་སྤྱད
དེ་ནི་བྱ་རོག་དག་ཁྱོད་ལ་འཁོར་བའི་རྐྱེན་དུ་གྲུབ
ནམ་ཡང་བཟི་བར་སྤྲོ་བའི་ཁྱོད་ཀྱིས
དོན་ལྔ་སྣོད་དྲུག་གཞན་ལ་གཡར་བའང་བརྗེད་འགྲོ
ཉེ་སྔོན
ཁྱོད་ཀྱིས་མི་ཞིག་གི་ཚབ་ཏུ་འཁྲབ་སྟོན་ཞིག་བྱས
དེས་ཁྱོད་ལ་སྙན་ངག་འདི་བྲི་སྙིང་བྱིན
༤
ཁྱོད་ལ་ཡབ་ཡུམ་སྐྲ་དཀར་གཉིས་ཡོད་པས
མིང་སྲིང་མང་ཙམ་མཆིས་ཀྱང
ཁྱོད་རང་འཚམས་པོར་གནས་དགོས
སྦྲ་སྨུག་པོ་ཞིག་གི་ཀ་བ་ཁྱོད་ཀྱི་ལག་ན་ཡོད
ཁ་ཚུབ་ནང་དུ་བ་སྔོ་ལྷོག་ལྷོག་འཕྱུར་བ་དེ
ཁྱོད་ཀྱི་དགྲ་ལྷ་ཡིན ལས་བསོད་ཡིན
ཁྱོད་ལ་གསོན་སྙིང་ལོས་ཡོད་དེ
ཁྱོད་ནི་ཕལ་བའི་ཕལ་བ་མ་ཡིན་ནོ
༢༠༡༤ ༡༢ ༡༣ཉིན།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།