སྲང་ལམ་ནང་གི་མི་རྟག་ལྷ་མོ།
ཁྱེད་ཀྱི་གཡས་གཡོན་ནི་ལྷ་སྲིན་སྡེ་བརྒྱད་ཀྱི་རུ་མཚོན་དང
རྒྱབ་གཟུགས་ནི་འཁོར་བ་རིག་དྲུག་གི་བསླུ་བྲིད་རེད
ཕྲད་ཐེངས་སྐད་ཅིག་མ་དེར
མཆུ་སྒྲོས་ཀྱིས་བྲིས་པའི་ལ་གཞས་དང་བྲང་ཁའི་ཡིག་རིས་ལམ་ལམ་དག
རླུང་ཆེན་གྱིས་དཀྲོག་པའི་སྨུག་པའི་བྱ་ཁྱུ་བཞིན
འཕུར་འགྲོ་དུས་གྲིབ་རིས་མེད་པ་འདི་སྐྱོ་བ་ལ
སྲང་ལམ་སྟེང་གི་མཚན་མོ་དང་ཉི་འོད་ནི་བདག་གིས་དེ་སྔ་བཞག་མྱོང་བའི་ཁ་ཆད་བཞིན
ད་ནི་ཉམས་རྒུད་ཀྱི་ཁང་བརྩེགས་དང་དེ་དག་འབར་གས་ཀྱི་དུད་སྤྲིན་རེད
སྐྱོ་གར་འདི་གཤོག་པ་རུ་ཐོགས་པའི་མི་རྟགས་ལྷ་མོ
འོད་ཟེར་གྱི་བ་སྤུ་རེ་རེ་ལས་ཞེན་ཆགས་ཀྱི་སྐར་མདའ་ཡར་འགྲོའམ
བདག་ནི་ནགས་ཚལ་གྱི་ཕོ་བྲང་རྭ་མགོ་ན་བཏགས་པའི་རི་དྭགས་རྨས་མ་བཞིན
གང་ནི་ཐར་ལམ་དང གང་ནི་འགག་ལམ་ཡིན་པར་གདམ་ག་མི་འདུག
2015.3.12 ཉིན་གསེར་རྟ་ནས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།