ནག་མོའི་སྙན་ངག་ཚན་པ་གསུམ།
རྒྱུས་མེད་ཀྱི་མི་ལ་ཕུལ་བ།
ཨ་རོག མི་ལགས
སྐྱེ་བའི་ལམ་ཐིག་ལགས
འཚོ་བའི་རལ་བར་འཇུས་པའི་ཆུ་ཡི་བུ་ལོན
ནམ་མཁའ་འདི་འབར་གྱིན་འབར་གྱིན
བདག་གི་གྱོན་གོས་ཕྱི་མ་ནི་སྡུག་བསྔལ་གྱི་ངོ་བོ་ཁོ་ན
རྨི་ལམ་གྱི་བྱེ་གྲོང་ན་བདག་གིས་ཁྱོད་འཚོ
བུད་མེད་ལྟ་བུའི་དུས་ཚིགས་འདིར
སྐྱེས་པ་ལྟ་བུའི་ནམ་ཟླ་ཞིག་ལ
ཁྱེད་ཀྱི་མདུན་དུ་སྒྱུ་མའི་འཁོར་བ་གསོན་གྱི་ཡོད་དམ
གལ་ཏེ ནམ་ཞིག་བདག་གིས་ཁྱེད་རང་རྙེད་པར་འགྱུར་ན
དགུན་ཁའི་གྲང་ངར་ཁོགས་པའི་བློ་ཡོད་དགོས
དབྱར་ཁའི་ཚ་མུག་བཟོད་པའི་སྤོབས་པ་མངའ་དགོས
བདག་གིས་འགྱུར་བག་ཐུ་བའི་དགའ་སྡུག་གི་གྱོན་པ་གོན་ཡོད
ད་ནངས་སད་དུས་ཀྱི་སྔས་ཐོག་ཏུ
བདག་གིས་རང་ཉིད་ལ་ས་ལམ་ཞིག་རི་མོར་བྲིས་འདུག
ཕྱི་ཡི་མི་ཚོགས་དང་བཅར་དུས མི་ཚོགས་ནི་རིང་ས་ན
བདག་ནི་ས་ཡིག་བོར་ཞིང་མགོ་འཁོར་བ་དེ
དེ་མ་རེད བདག་ནི་མགོ་འཁོར་བའི་མི་ཚོགས་དང་གྱེས་བཞིན་འདུག
ཁྱེད་ཀྱིས་ཐ་སྙད་འདི་དག
སེམས་བརླན་པའི་བདུད་རྩི་ལྟར
ག་ལེར་གུད་ལེར་ལྷོད་པོར་བཏུང་རོགས་གནང
བདག་གིས་ཁྱེད་ཀྱི་ཐང་ཆེན་སྟོང་བ་དེ་རུ
སྦྲ་དང་རས་གུར་ཕུབ་ཡོང རྟ་དང་ནོར་ལུག་དེད་ཡོང
2016/7/20
དུབ་པའི་ན་བུན།
སྤྲིན་དང་རྡུལ་རླུང་ཁོག་ལ་འཚངས་འོང་།།
སྣང་བའི་བར་སྣང་ཐལ་སྐྱ་ལང་ལོང་།།
རྨི་ལམ་དང་ནི་ཆོ་འཕྲུལ་སླེས་མ།།
སྲིད་པའི་སྒོ་ཁ་གྲང་མ་དྲོད་རེད།།
འཚོ་བ་ཞེ་གཏིང་བསྙལ་དགོས་ཅི་རེད།།
གསོན་མདངས་ལམ་ལ་བྱུགས་དགོས་ཅི་རེད།།
ཁེར་ཧྲེང་ལུང་བར་འགྲིམ་པའི་མི་དག།
ཡང་ན་སྐྱོ་བའི་དུར་གྱི་གྲོགས་ཚོ།།
ཆགས་སྡང་ངོ་བོར་འཐིམ་ཞིང་སིམ་ན།།
ཞེད་པའི་མཚན་ནག་མེ་ལྕེ་འུར་འུར།།
ཁེར་ལམ་དྲུད་པའི་གྲིབ་གཟུགས་དེ་ཀོ།
ཨ་ཆད་ཡི་ཆད་ཞེ་ལ་ལྗི་བ།།
འཚོ་བའི་ལག་ལྗིབས་བཅའ་སྙིང་ཨེ་འདུག།
ལས་ཀྱི་ལམ་གྲོགས་བྱ་དགོས་ཨེ་ཡོད།།
བདག་གི་མཚན་སྨག་གཙང་བོ་བྲུགས་དུས།།
མེ་ཏོག་དག་ནི་གཉིད་ཀྱིས་འཁྱེར་ཏེ།།
མགོ་བོ་ཐུར་དྲུད་ངོ་མདོག་འགྱུར་བ།།
ལུས་ཀྱི་བ་སྤུ་ཉོབ་པས་བཟུང་ཞིང་།།
བློ་ཡི་གར་སྟབས་བྱ་རྒྱུ་མ་བྱུང་།།
ཆག་སྒོ་མིན་ལ་འགོང་བོ་འདྲ་བ།།
ངལ་དུབ་རྟ་བོ་ཞོན་ནས་ཐོན་པས།།
ང་ཡི་སྨག་ལམ་འཚོ་རྒྱུ་མ་བྱུང་།།
སྡུག་བསྔལ་དེ་ཡང་དཀར་མ་ནག་ཅིག།
2016/7/14
སྡུག་པའི་བུད་མེད་ནི་དུར་ཁྲོད་ཆེན་པོ་དེ།
མི་མོ་དེ་དག་ནར་སོན་བཞིན་འདུག
རུས་པའི་རྐང་ལ་ལྷད་ཀྱི་ཚོན་བླུགས།
རྨི་ལམ་དུ་གངས་རི་བོར་བའི་སྤྲོ་བ་འཕེལ།
དབྱར་ཁ་ལྟ་བུའི་འགྱིག་གི་ས་གདན་ལྗང་གུ
ཚེ་སྲོག་གི་ངུ་འབོད་ཀྱི་ཁ་ལ་བཀབ་ཅིང་སྦྱར།
ལོ་ན་དར་བཞིན་ནང་ཁོག་རྒུད་ཀྱིན་པ་དེ་དག
ཁོག་ལ་གཡའ་ཆགས་ནས་བུས་པ་བཙའ་མི་ཐུབ་པ་དེ་དག
ཚ་གྲང་དྲོད་སྙོམས་ཤོར་ན་དྲོས་འཁྱག་འབྱུང་སླ་བ་དེ་དག
ཁོ་མོ་ཚོ། ཁོ་མོ་ཚོ་གོ་ལའི་ཞལ་མདོག་མཛེས་སྤྱད་དུ་མ་མཁོ།
ཆེས་སླ་བ་ནི་བུད་མེད་བཅའ་རྒྱུ་དེ།
ཆེས་སྡུག་པ་ནི་ཚེ་སྲོག་གི་འབྱུང་ཁུངས་སུ་འགྱུར་བ་དེ།
ཁོག་ལ་ལམ་ཞིག་ཀ་ལྟར་མ་བརྗིད་ན་འང་།
རང་ཉིད་དུར་ཁྲོད་ཅིག་བྱེད་རྒྱུ་བརྗེད་མི་རུང་།
བུད་མེད་ནི་སྲོག་གི་རླབས་འཕྱོ་བའི་རྒྱ་མཚོ།
ཡིད་དུ་སྡུག་པའི་དུར་ཁྲོད་ཆེན་པོ་དེ།
མྱི་སྐམས་མ་དེ་དག མཛེས་སྡུག་གི་སྲོག་བོར་བའི་ཁུག་སྟོང་ཞིག
ཁྱེད་རང་སྔར་ལྟར་གསོན་ན།
མིའི་རིགས་ཤིག་གསོན་པ་དེའོ།།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།