རྒྱུད་སྐུད་ཕྲ་མོ་གཅིག་ཁོ་ནས་སེམས་ཀྱི་དེ་ཉིད་དཀྲོལ་བའི་རྣལ་འབྱོར་བ།

IMG_0185.JPG
པར་དབང་། གཅོད་པ་སྐྱབས།

_____སྐད་གྲགས་ཅན་གྱི་རྡུང་ལེན་པ་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལགས་སྐུ་གཤེགས་པར།

གངས་ལྗོངས་ཀྱི་མཁའ་དབྱིངས་སུ་གྲགས་པའི་འབྲུག་སྒྲ་ཞིག
ཡུལ་གྱར་བའི་དྲན་པ་གསོ་བའི་ཁུ་བྱུག་གི་ལྷ་སྐད་ཅིག
ཕ་སྐད་ཀྱི་བླ་སྲོག་རྒྱུད་སྐུད་ཀྱི་རྣམ་ཤེས་ལ་བརྒྱུས་པའི་མགྲིག་ངག་གི་གཤོག་པ་ཞིག
ལྷན་སྐྱེས་ཀྱི་བང་རིམ་མཐོ་ས་ནས་བཞུར་འོངས་ཤིང
ལོ་རྒྱུས་ཀྱི་གཙང་བོ་ཞིག་ལྟར་སྐྱེས་སྟོབས་ཀྱི་ཆར་ཆུ་ཤིན་ཏུ་རྒོད་པའི
རྡུང་ལེན་གྱི་རབ་ཁ་ནས
དུས་རབས་ལ་རྐང་རྗེས་ཞིག་བཀོད་དེ་བུད་སོང

 སྤྲིན་པ་དཀར་པོ་ཞིག་གི་ཡང་སྟེང་ནས
ནམ་མཁའ་གཞན་ཞིག་གི་ཞིང་ཁམས་ལ
སྐར་མདའ་གློ་བུར་འཁྱུག་པའི་གསང་རྣམ་ནི
བདུད་བྷེ་དང“མན་ཐི་ལེན”སྡེབ་པའི་ཚངས་སྲས་བཞད་སྒྲ་རེད

རླུང་བུ་འཁྱག་པ་ཞིག་གི་ཕྱི་རོལ་ནས
ཁ་བའི་འདབ་མ་རེ་ལ་སྲོག་གི་ང་རོ་ལེན་བཞིན
ཆང་རག་ཚོད་མེད་བསྟེན་པའི་རྒྱུད་སྐུད་ཀྱི་འཁྱུག་བྲིས་ནི
བདུད་བྷེ་གཞན་དབང་དུ་དགོད་ཅིང་ངུ་བའི་སྒྱུ་རྩལ་གྱི་བསླུ་བྲིད་རེད

གླུ་སྐད་དེ
ཆོས་ཀྱི་སྒྲ་དབྱངས་ལ་དྲངས་པའི་བར་དོའི་ཐོས་གྲོལ་ཡིན་ནམ
སྲིད་པའི་ཕན་ཚོགས་ལས་བསྲུབས་པའི་འཁོར་བའི་སྙིང་བོ་ཡིན་ནམ
ཡང་ན  འདུས་བྱས་མི་རྟག་པ་འགག་པའི་ཐོགས་རེག་བཀག་ཙམ་གྱི་མེད་དགག་ཡིན་ནམ
མཐོ་སྒང་གི་ས་ཆུ་མེ་རླུང་ཀུན་ལ་བག་ཆགས་ཀྱི་དྲི་མ་སྟུག་པོ་བསྒོས

ཞོགས་པའི་ཉི་ཟེར་ལ་འཁྱུད་པའི་རྩྭ་མགོའི་ཟིལ་བ་ཁྲོམ་ཁྲོམ
དགོང་དྲོའི་རླུང་བུ་ལ་སྡེབ་པའི་སྦྲ་ནང་གི་ཐབ་མེ་ལྷབ་ལྷུབ
མཚན་མོའི་ལྷིང་འཇགས་ལ་འདྲིས་པའི་མཆོད་མེའི་གཟི་འོད་ལམ་ལམ
ཕུ་བོའི་དགྲ་ལྷ་དང་འབྲེལ་བའི་བསང་མེའི་དུ་བ་ལྷོག་ལྷོག
ཨ་ཅེའི་གཤིས་འཇམ་དང་སྡོངས་པའི་འབྲི་མོའི་འོ་མ་ཤག་ཤག
ནུ་མོ་ཆུང་ཆུང་གིས་མཁའ་དབྱིངས་ལ་ཅེར་བའི་རྨི་ལམ་གྱི་སྐད་འོད་ཆེམ་ཆེམ
དེ་དག་ཚང་མ་བདུད་བྷེའི་གླུ་སྐད་ཀྱི་གྲིབ་མའི་འོག་ཏུ
དགུན་གྱི་གྲང་ངར་ཁྲོད་འདར་ལྕུག་ལྕུག་གིས་གཡུག་ཅིང
དབྱར་གྱི་གཏིང་རིམ་ན་ཚ་ལམ་ལམ་དུ་འབར
དེ་ལྟར  བདུད་བྷེའི་སྐད་ངག་གི་འོད་དཀར་པོ་ཞིག
གདངས་དང་དབྱངས་ཀྱི་ཆེས་མཐོ་ཚད་ལ་འཁྱུག
མཐོ་ཚད་དེ་ཚེ་སྲོག་གི་ལྗིད་ཚད་འཇལ་བའི་རྒྱ་གྲངས་དང་འབྲེལ་བ་ག་ཚོད་ཡོད་དམ
རྒྱུད་སྐུད་ཕྲ་མོ་གཅིག་ཁོ་ནས་སེམས་ཀྱི་དེ་ཉིད་དཀྲོལ་བའི་རྣལ་འབྱོར་བ

བདུད་བྷེའི་དགའ་མདོག་སྡུག་མདོག་གི་གཏམ་རྒྱུད་པི་ཝང་ལ་གསལ་ཞིང
པི་ཝང་གི་རྒྱུད་སྐུད་དཀྲོལ་བཞིན་རང་ཉིད་གླུ་རུ་བླངས
རང་ཉིད་ཀྱི་གནས་སུ་བསྡད་དེ་པི་ཝང་གི་འཇིག་རྟེན་ཡོངས་སུ་དཀྲོལ

འོན་ཀྱང    འོན་ཀྱང
སྙིང་རྗེ་མེད་པའི་དཔྱིད་ཀ་འཇབ་ཡོང་ནས
ལྷ་བྱ་ཁུ་བྱུག་མོན་ལ་ཁྱེར་སོང
འདང་རྒྱག་མེད་པའི་འཆི་བ་རྒྱུགས་ཡོང་ནས
དབྱངས་ཅན་མའི་པང་གི་བོད་ཀྱི་གཅེས་ཕྲུག་ཁྲིད་སོང

 ཕྱི་ལོ༢༠༡༦ལོའི་ཟླ༢པའི་ཚེས༢༨ཉིན་ཆུ་མིག་དཀར་པོའི་གན་དུ་ཡིད་གདུང་བས་སྦྱར།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱུད་སྐུད་ཕྲ་མོ་གཅིག་ཁོ་ནས་སེམས་ཀྱི་དེ་ཉིད་དཀྲོལ་བའི་རྣལ་འབྱོར་བ།

2016-09-18 ཅོར་འཇམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།