ཆ་མི་འགྲིག་པའི་ལྷམ།

      ཨ་མས་ཐེངས་འགར་བོས་བྱུང༌། ཁོས་ད་དུང་ཉལ་སའི་ནང་ཕར་ལོག་ཚུར་ ལོག་བྱེད་ཅིང་འདུག་ལ། ཉལ་ས་སྔར་ལས་བདེ་ཞིང་ཉལ་གོས་སྔར་
ལས་དྲོ་བའི་ཚོར་བ་ཞིག་སྐྱེས། གླུ་བུར་དུ་ཁོས་རང་ཉིད་སློབ་ཁང་གི་ལས་རེས་ཡིན་པ་ཡིད་ལ་ དྲན་ནས་མྱུར་བར་མལ་ལས་ལངས་ཤིང་སྒེའུ་ཁུང་ལས་
འཕྲོས་འོངས་པའི་འོད་སྣང་ཕྲན་བུའི་ངོགས་ནས་སྐ་རགས་བཅིངས་རྗེས་སྒྱིག་ལུག་གི་ཉམས་ཐོན་པའི་ གླལ་རིང་ཞིག་བྱས་ཏེ་གཡོས་ཁང་དུ་འཛུལ་
ནས་ཁྲོ་གོར(ལྕགས་སླང་དུ་བསྲེགས་པའི་གོ་རེ)ཚལ་བ་ཞིག་དཔེ་ཁུག་ནང་དུ་བཅུག་ཅིང་སྒོ་ཕྱིར་བུད།
        ཞག་གང་གི་ཁ་བ་ཆེན་པོས་ས་གཞི་ཡོངས་སུ་བཀབ་ཅིང༌། དཀར་ལམ་ལམ་གྱི་འཇིག་རྟེན་ཆེན་པོའི་གཞི་རུ་རྟ་ནོར་གྱི་ཁྱུ་ཚོགས་འགའ་རེ་རིམ་
གྱིས་ནུར་སྐྱོད་བྱེད་པ་ལས་ཚེ་སྲོག་དང་འགུལ་སྐྱོད་ཀྱི་སྣང་བ་གང་ཡང་མེད་པར་དབུགས་ཀྱི་རྒྱུ་བ་ཡེ་ནས་ཆད་ཟིན་པའི་བེམ་རོ་ཞིག་ལ་རྩི་དཀར་
བྱུགས་པ་དང་ཡང་དག་མཚུངས། གྲོང་ཚོའི་མདུན་རི(དོན་ལ་དེའུ་འབུར་ཞིག་ཡིན)མཛོ་མོ་གོང་ཉལ་ནི་ཉི་གཞོན་གྱིས་བཀྲག་མདངས་བསྐྱེད་པའི་
དབང་གིས་ད་ལྟ་དངོས་གནས་སྒལ་བ་སྒོང་སྒོང་གིས་ཉལ་མ་ལང་གི་ཚུལ་ཞིག་སྟོན་པའི་མཛོ་མོ་དཀར་བོ་ཞིག་དང་ཨ་ན་མ་ན་རེད། འདི་ནི་གྲོང་ཚོའི་
དཀར་གསུམ་གྱི་ཕུན་ཚོགས་རྡོལ་བའི་གཞི་མར་བཤད་པས་མི་ཀུན་གྱིས་མཆོད་ཅིང་བཀུར་ལ་རྒན་པོ་ཚོའི་བཤད་ན་གྲོང་ཚོ་ཧྲིལ་བོའི་འཚོ་བཅུད་ནི་
“མཛོ་མོ”འདི་གཅིག་པུས་མཁོ་སྤྲོད་བྱས་དང་བྱེད་ཀྱིན་འདུག་ཟེར། བསིལ་ལྡན་སློབ་ཆུང་གནས་རི་འགངས་ཆེན་འདིའི་འདབས་སུ་ཆགས་ཐུབ་
པ་ནི་དགེ་སློབ་ཀུན་གྱི་བདེ་སྐྱིད་ཆེན་པོ་ཞིག་མ་རེད་ཅེས་སུ་ཡིས་བཤད་ཕོད།
         ཐག་རིང་གི་སློབ་ཁང་བཞི་བོའི་དུ་ཁུང་རེ་རེ་ལས་ལྷོག་ལྷོག་ཏུ་འཕྱུར་བཞིན་ པའི་དུ་བ་དཀར་བོ་བར་སྣང་གི་སྤྲིན་པ་སྟུག་པོར་འདྲེས་ནས།
བར་སྣང་གི་སྤྲིན་པ་དེ་དག་ཕྱིར་དུ་ཁུང་ལ་འགུག་པ་ལྟ་བུའི་སྣང་བ་སྟེར། ཁོས་གོམ་ཁ་ཇེ་དལ་ལ་སོང༌།
         ཁོའི་སེམས་ལ་སུ་ཞིག་གིས་མེ་ཁ་གསོས་པ་ཡིན་ནམ་སྙམ་བཞིན་སློབ་གྲོགས་ སྔོན་མ་ཚོས་ཁ་བའི་སྟེང་ལ་བཞག་པའི་རྐང་རྗེས་རེ་རེར་བལྟས་
ཤིང་རང་ལ་བཟང་བའི་གྲོགས་པོ་སུ་ཞིག་གི་རྐང་རྗེས་ཨེ་མཐོང་བལྟས། ལམ་བར་དུ་ནམ་རྒྱུན་སྐྱ་ཤང་ངེར་ལངས་པའི་སྡོང་བོ་ཁེར་སྐྱེས་དེ་ཡང་ད་ལྟ་
ཁ་བའི་འདབ་མ་དཀར་བོས་ཡོངས་སུ་གཡོགས་ནས་ཀུ་ཤུའི་མེ་ཏོག་བཞད་པའི་འཁྲི་ཤིང་གསར་བ་ཞིག་དང་མཚུངས། ཁོ་ཕར་སོང་ནས་རྡོག་ཐོ་འགའ་
བསྟུད་མར་བཞུས་པ་དང་ཡལ་གར་ཆགས་པའི་ཁ་བ་འཚུབ་མོ་དེ་མེ་ཏོག་གི་འདབ་མ་འཐོར་བ་ཇི་བཞིན་བབས་ནས་ཁོའི་ཝ་ཞྭའི་ ཀླད་གོར་དང༌།
གཉའ་ལྟག། རོ་སྟོད་བཅས་ཡོངས་སུ་དཀར་བོར་བསྒྱུར། གྲང་རེག་དང་སྤྲོ་སྣང་ཟུང་ལྡན་གྱི་ཚོར་བ་དང་བཅས་ཏེ་ཁོ་རང་སྔར་བཞིན་མདུན་དུ་སོང༌།
ཁོའི་ལུས་པོ་བག་མེད་རྒྱ་ཡན་དུ་སོང་བའི་ཡིད་སེམས་ཀྱི་རྗེས་མི་ཆོད་པས་རང་ལ་བྱ་རྒོད་ཀྱི་གཤོག་ཟུང་ཞིག་ཐོགས་ན་ཇི་འདྲའི་སྐྱིད་པ་ལ་སྙམ་པའི་
སྟོང་སྣང་ངམ་ མཚར་སྣང༌། ཡང་ན་ཧམ་སྣང་ཞིག་སྐྱེས། ཁོས་སྐབས་རེར་ས་ནས་ཁ་བ་སྤར་མོ་གང་རེ་བླངས་ཏེ་སྲ་ཞིང་མཁྲེགས་པའི་རྡོག་པོར་དྲིལ་ཏེ་
ཐག་རིང་གི་རྒུམ་བུ་འཐུ་ བཞིན་པའི་བྱིའུ་ཚོགས་ལ་བརྒྱབ་ཅིང༌། སྐབས་རེར་ཁ་ཕྱིར་འཁོར་ཏེ་མཆོང་མ་ ལྡིང་གི་ཉམས་འགྱུར་དང་བཅས་ཏེ་ལྟག་
རྒྱབ་ཀྱིས་སོང་ཞིང་རྐང་འོག་གི་ཁ་བ་བར་མེད་དུ་གཙུབ་ཅིང་གཏོར་བ་དབྱར་གསུམ་ཆུ་ཕྲན་གྱིས་གཏོར་བའི་ཟེགས་མ་ དཀར་བོ་དང་འདྲ།
         རྒད་པོ་ཆོས་སྐྱོང་གིས་གཡས་ལག་ལ་རང་སྲོག་གི་འདུ་ཤེས་འཛིན་པའི་ཙན་ དན་གྱི་ཕྲེང་བ་བཟུང་ཞིང་ཁ་ཤ་མུར་མུར་གྱིས་མ་ཎི་འདོན་བཞིན་
གྱོལ་མ་ལྡིང་གིས་ཚུར་འོངས། རྒད་པོའི་ཆུ་རྙོག་གིས་ཕྱོགས་བཞི་བསྐོར་བ་ལྟ་བུའི་མིང་ཟུང་ རབ་རིབ་དེས་ལྕགས་ལོར་ཧྲིལ་གེརབལྟས།
         “ཨ་ཁུ་ལགས། ཁྱེད་རང་སྔ་བ་ལ… …”
         “ཧིན། སྣ་ནག་འདི། བཀྲ་ཤིས་པའི་དོན་གཅིག་ཀྱང༌། ཕེ། ཕེ། (ས་ལ་མཆིལ་མ་འཕེན་པའི་ཚུལ་བསྟན)ང་བསྐལ་བ་གཉིས་ཀྱི་མི་ཡིན་མོད།
འདི་ལྟ་བུ་ཞིག་ མཐོང་མ་མྱོང༌། ཞབས་འདྲེན་འདི་ཚོ། མི་རབས་གཅིག་ལས་གཅིག་ སྡུག……”རྒད་པོས་ཁ་མུར་མུར་གྱིས་ད་དུང་ཅི་ཞིག་འཆད་
རྩིས་བྱས། ལྕགས་ལོ་རེ་ཞིག་ཧ་ལས་ཤིང་ཅི་བྱ་གཏོལ་བྲལ་དུ་གྱུར་ནས་གོམ་མཚམས་དབང་མེད་དུ་བཞག སྤྱང་གྲུང་ལྡན་ལ་གཡོ་ཟོལ་བྲལ་ཞིང་བྱིས་བློ་
གཏན་ནས་མ་ཡལ་ བའི་མིག་ཆུང་ཟུང་ལས“ཨ་ཁུ་ལགས། ཁྱེད་ཀྱིས་ཅི་ཟེར།” ཞེས་འདྲི་བཞིན་པ་ལྟ་བུའི་འོད་སྣང་ཞིག་བཀྱེ།
         “ཕརསོང༌། འདྲེ་ཕྲུག་འདི། ངས་ཆོས་འཇིག་རྟེན་གཉིས་ཀའི་གནས་ལུགས་གང་ལ་མ་དཔྱད… …། ཕ་མེས་ཀྱི་བླ་སྒུལ་མཁན། རྐང་
འདྲེན། བཀྲ་ཤིས་པའི་ དོན་གཅིག་ཀྱང… …།ཨོཾ་མ་ཎི་པདྨེ… … ”རྒད་པོས་དམོད་མོ་དང་ཁ་ཏོན་བསྲེས་མ་ཞིག་འདོན་པའི་ངག་དེ་གོམ་
པའི་འགྲོས་དང་བསྟུན་གང་ཐུབ་བྱས་ནས་བུད་སོང༌།
         རླུང་འཚུབ་ཅིག་གིས་ཁ་བའི་རྡུལ་ཕུང་གཏོར་ཞིང་གཡས་འཁོར་བྱེད་ཀྱིན་ ལྕགས་ལོའི་མདུན་ནས་ག་ལེར་མཐོ་རུ་འཕགས། རླུང་འཚུབ་
གཡས་འཁོར་དང་ འཕྲད་པ་ནི་གྲོང་ཚོའི་མི་རྣམས་ཀྱིས་ནམ་ཡང་རེ་བ་བྱེད་ས་ཞིག་ཡིན་ཏེ། དེ་ནི་རང་ལ་ཁེ་བཟང་གང་ཞིག་རྙེད་པའམ་རང་ཉིད་
ལེགས་ལམ་དུ་འཁྲིད་མཁན་ལྟ་བུར་ བརྩི་བ་ཡིན། ཁོ་རང་ལ་མཚོན་ན་སྡིགས་མོ་དང་རླུང་འཚུབ་མཉམ་འཁོར་བྱུང་བ་འདི་ནི་འགྲེལ་བཤད་བྱེད་དཀའ་
བ་ཞིག་རེད། སླར་ཡང་ཁངས་རླུང་གི་འཚུབ་མ་གཉིས་སྔ་གཞུག་ཏུ་འོངས། གཉིས་ཀ་གཡས་འཁོར་རེད། ཡིན་ན་ཡང་རྒད་པོ་ཆོས་སྐྱོང་གི་རྒྱུ་མཚན་
མེད་པའི་གཤེ་གཤེ་དེས་ཁོའི་ཡ་ཆུང་སེམས་ཀྱི་མེ་དཔུང་ལ་ཆུ་ འཁྱགས་ཟོ་གང་བྱོ་བ་ཇི་བཞིན་བསྲན་མི་ཚུགས་པ་ཞིག་བཟོས་པས། ལྟས་བཟང་གི་རླུང་
འཚུབ་དེ་ལ་སུན་པ་སྐྱེས་བྱུང༌།
         “ཧིན། རྒད་པོ་ཧོན་ལོག”ཁོས་སེམས་ཁོང་གི་ཁྲོ་བའི་མེ་ལྕེ་དྲག་པོ་མ་ནོན་པར་ངག་ནས་དེ་སྐད་ཐལ། རྒད་པོ་གྱོལ་ལྡིང་དེས་ཐོས་ཡོད་
དམ། རྣ་བར་ཡང་སྐྱོན་ཡོད། ཡང་བསྐྱར་སྐད་བརྒྱབ་ནས་བཤད་དགོས་པ་མིན་ནམ། རྒད་པོ་ཧོན་ལོག་སོང་སྙམ།
         “རས་གུར་ཚོང་ཁང”གི་སྒོ་ཕྱེ་བྱུང༌། ཚོང་བ་དྲང་མོ་སྐྱབས་ཀྱིས་རས་གུར་སྒོ་འགྲམ་གྱི་ཁ་བ་འཕྱག་གིན་ཡོད་དེ། རུས་སྦལ་དང་འདྲ་བར་
ལུས་གུར་ཁོག་ལ་ འཛུལ་ཞིང་མགོ་བོ་ཕྱིར་བསྲིངས་གང་ཐུབ་ཀྱིས“ལྕགས་ལོ། ཅང་མི་ཉོའམ།”ཞེས་ལུས་ཚོན་པོ་དང་ཆ་མི་མཉམ་པའི་སྐད་ཕྲ་མོ་
ཞིག་ཕྱུང་ཞིང་ཆུང་ཡང་ཚུམས་ དུས་མེད་པའི་མིག་ཟུང་ལས་འོད་ཕྲན་སྔོན་པོ་རྡུལ་གྱིས་བཟུང་བའི་གཡུ་རྡོག་འདྲ་བ་ཞིག་བཅོས་འཛུམ་དང་བསྡེབས་
ནས་མངོན།
         ཁོས“ཨ་ཁུ་དྲང་མོ་སྐྱབས་ལགས། ངས་ཞ་སྨྱུག་ཅིག་ཉོ་རྒྱུ”ཟེར། ཁོས“དྲང་མོ་སྐྱབས”ཟེར་བའི་ཚིག་འདི་ཇི་འདྲའི་ཁ་ལ་མི་བདེ་བ་
ཞིག་རེད་ཨང་སྙམ་ལ།—མ་མཐར་ཡང་ཁེ་བ་ཧེབ་རྐྱལ(ཧམ་པ་ཅན)འདི་ལ་འབོད་དུས།
         “ཞ་སྨྱུག་ཅིག ཞ་སྨྱུག་ཅིག ཡ་ཡ་ཡ་ཞ་སྨྱུག་ཅིག ཟུར་གསུམ་དང་ སྐར་དགུ… …”ཚོང་བས་གློ་བུར་དུ་ཁོའི་སྟེང་ནས་ངོ་མཚར་བའི་
དོན་བྱ་ ཞིག་མཐོང་བ་དང་འདྲ། ཧེབ་རིག་རིག་གི་མིག་ཟུང་གི་མཐའ་ལ་གཟབ་ནན་གྱི་གཉེར་མ་ཤར་མོ་རེ་བསྡུས་ཤིང་ཡོད་མེད་ཀྱི་དབྱེ་བ་འབྱེད་
དཀའ་བའི་སྐེ་མཇིང་ འགུལ་ཙམ་འགུལ་ཙམ་བྱས་པ་དང༌། ཐར་ཐོར་དུ་སྐྱེས་པའི་སྨིན་མ་དེ་རབ་ཏུ་ སྒྲིམ་ཁུལ་གྱིས། “སོང་སོང་སོང༌། མར་སོང༌།
འདི་འདྲའི་ཡ་མཚན། བྱིས་པས་ སྐྱིད་མ་ཐེག་ན་ཅི་མི་བྱེད། ང་གྲོང་དང་གྲོང་ཁྱེར་ལ་མ་སོང་ས་གཅིག་ཀྱང་མེད་མོད། འདི་འདྲ་མཐོང་མ་མྱོང༌། ཨ་ཁེ།
སྟོད་ཉི་མ་ལྷ་སའི་ཁྲོམ་ན་ཡང་མེད། གང་ན་ཡོད། གང་ན་ཡང་མེད། ལྟས་ངན་པ་ལ། ལྟས་ངན་པ་ལ། ཨ་ཁེ། མི་རབས་གཅིག་ ལས་གཅིག་་སྡུག”ཅེས་
བཤད།
         སྐབས་འདིར་ལྕགས་ལོར་ཁོང་ཁྲོ་མ་ལངས་པར་མ་ཟད། ད་དུང་སྔར་མཐོང་མ་མྱོང་ལ་རྗེས་སུ་ཡང་རིན་གྱིས་མི་ཁུག་པའི་ལྟད་མོ་གང་ཞིག་
སྟེས་དབང་གིས་མིག་ གི་བདུད་རྩིར་ཐོབ་པ་དང་འདྲ་བར་སེམས་ཀྱི་གུར་ཁང་ཧྲིལ་བོ་མཚར་སྣང་གི་དྲི་ བསུང་གིས་ཁེངས། ལྷག་པར་དུ་ཚོང་བས་སྐད་
ཆ་བཤད་པའི་སྐབས་སུ་སྣ་ཉག་ ཉག་རྒྱ་སྒ་ཟད་པོ་འདྲ་བ་དེ་གཉེར་ཙམ་གཉེར་ཙམ་བྱས་ནས“ཨ་ཁེ།”ཞེས་ཧབ་སྦྲིད་རྒྱག་པ་དེ་ནི་རྔ་མ་བཀྱགས་
པར་ལྩི་བ་གཏོང་བའི་གཡག་གི་ཨོང་ཤ་དང་ འདྲ་བས་དགོད་བྲོ་ལ་ཞེ་མེར་ཞིང༌། སྙིང་ཉེ་ལ་སུན་སྣང་སྟེར་བ་ཞིག་ཀྱང་རེད། ཁོས་སྟོད་ཉི་མ་ལྷ་ས་ཐོས་
ནས་སྤྲོ་བ་དེ་བས་ཀྱང་འཕེལ་ཏེ་ཚོང་བ་ལ་ཅི་ཞིག་འདྲི་འདོད་སྐྱེས།
         “ཨ་ཁུ་དྲང་མོ་སྐྱབས། (ད་ཐེངས་དབང་མེད་དུ་བོས་པས་ཁ་ལ་ཤིན་ཏུ་བདེ)སྟོད་ཉི་མ་ལྷ་ས… …”
         “མར་སོང༌། འདྲེ་ཕྲུག སྐྱག་གཟན། སྣ་ནག… …མར་སོང༌། ཨ་ཁེ། མར་སོང༌། འདྲེ… …ཨ་ཁེ… …ཕྲུག… …”
         “དེ་རིང་ཅི་རེད། རྒད་པོ་ཚང་མས་སྨྱོ་ཆུ་འཐུངས་པ་མིན་ནམ”ཁོས་ཆིག་ལབ་རྒྱག་བཞིན་ཡང་སྙིང་དོན་དག་ཅི་ཞིག་བྱུང་སོང་སྙམ་ནས་
རང་ལུས་ལ་ཞིབ་ལྟ་ཞིག་བྱས། ཨ་ཁ་ཁ། ཨ་ཁ་ཁ། རང་ཉིད་ཇི་འདྲའི་མི་འཚུབ་ཆ་ཅན་ཞིག་རེད… …ཨང༌། རྐང་མགོའི་ལྷམ་གཉིས་ཀ་ཆ་མི་
མཚུངས… …། རྒད་པོ་ཚོར་ཁག་མེད། འོན་ཀྱང་ཁོང་ཚོའི་བཤད་པ་ལྟར་ཚབས་ཆེན་ཞིག་ག་ལ་ཡིན། གཡས་ལྷམ་གྱི་ཡུ་ཁ་སྔོན་པོ། གཡོན་ལྷམ་གྱི་
ཡུ་ཁ་དམར་བོ། དེ་ལ་དེ་འདྲའི་ཧ་ལས་རྒྱུ་ཅི་ཡོད། ཁོའི་ཡ་ ཆུང་གི་གློ་སེམས་གཉིས་ཀ་དྲི་བ་སྣ་ཚོགས་ཀྱི་ཞགས་པས་བསྡམས་སོང༌།
         ཁོས་མགོ་བོ་སྨད་ནས་གོམ་པ་གཅིག་རེ་གཅིག་རེ་སྤོས་ཤིང་མདོག་མི་གཅིག་ པའི་ལྷམ་ཡུ་གཉིས་རེས་མོས་ཀྱིས་མིག་ལམ་དུ་ཤར། སྔོན་པོ་དང་
དམར་བོ། དམར་བོ་དང་སྔོན་པོ། ཡང་སྔོན་པོ་དང་དམར་བོ། དམར་བོ་དང་སྔོན་པོ… …ཁོའི་རྐང་བར་མི་བདེ་བའི་སྣང་བ་གང་ཡང་མེད་ཅིང་
ལམ་དུ་འགྲོ་བའི་མགྱོགས་ཚད་ཀྱང་ ལྷམ་ཆ་འགྲིག་གྱོན་པ་དང་ཁྱད་པར་ཅི་ཡང་མེད། སྔོན་པོ—དམར་བོ།
         དམར་བོ—སྔོན་པོ། སྔོན… …དམར……
         སློབ་གྲྭའི་ཉེ་ལོགས་སུ་སླེབས།
ཁོའི་སེམས་ལ་རྒད་པོ་ཚོས་འདོད་པ་ལྟར་ཤོད། གང་ལྟར་རང་ལ་དགེ་རྒན་ གྱིས་མ་བཀྱོན་ན་དེ་ལས་བཟང་བ་ཞིག་མེད་སྙམ།
ཕྱི་དྲོ། གངས་དཀར་གྱི་གཞི་རུ་ཟུག་པའི་ཉི་ཟེར་དྲག་པོས་མིག་ལ་བཟོད་ དཀའི་ཟུག་གཟེར་ཡང་ཡང་སྟེར། སློབ་གྲྭ་གྲོལ་རྗེས། ཁོ་རང་ཡུལ་ལ་མ་ལོག
ཁོ་ གངས་ཀྱིས་མནན་པའི་རྨ་འོབས་ཀྱི་ཆབ་རོམ་ཆེན་པོའི་སྟེང་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་འདུག གྲང་རླུང་གིས་ཁྱེར་བའི་ཁངས་འཚུབ་ཀྱི་རྒྱུན་
གྱིས་ཁོའི་ལུས་པོ་ ཡོངས་ལ་སྐབས་དང་སྐབས་སུ་འཕུར་འཕུར་བྱེད། ཁོའི་གོར་ཞིང་ཤ་ཁ་གང་བའི་ངོ་གདོང་ཆུང་་ཆུང་དེ་གཟེངས་མཐོ་ཞིང་གྲ་ཁ་
ལེགས་པའི་ཝ་ཞྭ་སོ་མའི་ནང་དུ་ འཐིམས་ཤིང༌། གྲིམ་ཞིང་རྣོ་བའི་མིག་ཆུང་ཟུང་ལས་འོས་མིན་གྱི་ཉེས་མདངས་ མཚར་་བོ་ཞིག་མངོན་འདུག
         སྔ་དྲོ་དགེ་རྒན་གྱིས་བཀའ་བཀྱོན་གནང་རྒྱུ་ནི་ཁོའི་ཡིད་ལ་རྩ་བ་ནས་ཤར་མེད། ཁོས་སྐབས་རེར་མགོ་སྒུར་ནས་རྐང་མགོའི་ལྷམ་ཆ་མི་འགྲིག་
པ་དེར་བལྟས་ཤིང༌། སྐབས་རེར་ཁ་བ་མཐུག་སར་རྐང་བས་ཤུགས་ཀྱིས་བརྡུངས་ནས་ཡུ་གའི་ཕྱེད་ཀ་ ནུབ་པར་བྱས། ཁོའི་རྣ་ལམ་དུ་དགེ་རྒན་གྱི་སྐད་
ཆ་སླར་ཡང་གྲགས་བྱུང༌།
         “སློབ་གྲོགས་ལྕགས་ལོ་ལྟ་བུ་གོམས་གཤིས་ལས་འགལ་བའི་ཁ་རྒྱལ་མགོ་ རྒྱལ་བྱེད་པ་ནི་སློབ་གྲྭའི་འགྲིག་ལམ་ལ་ཐད་ཀར་འགལ་བ་ཡིན།
ཁོའི་སེམས་ན་ རང་སྣང་གང་དྲན་བྱེད་འདོད་དུག་གི་མྱུ་གུ་འབུས་བཞིན་པས་སྔ་ས་ནས་སྔོན་ འགོག་མ་བྱས་ན་ག་ལ་འགྲིག ཁོའི་འཚོ་བར་ཆོས་ཉིད་
མེད་པ… …ཁོས་ཕ་མེས་ ཡང་མེས་ཀྱིས་བཞག་པའི་སྲོལ་རྒྱུན་སྣང་མེད་བྱས… …ཁོས་གནའ་ནས་ད་བར་དུ་བསྒྱུར་མ་མྱོང་བའི་གོམས་སྲོལ་
སྣང་མེད… …ཁོས… …ཁོས……”
         ཁོས་བཟོད་བསྲན་མ་ཚུགས་པར་མ་ཁར་སོ་བཏབ་ནས་རྨ་འོབས་ཀྱི་གད་པའི་ཁར་བརྒྱུགས། ནུབ་ཁའི་ལྷག་ཟེར་གྱི་གསེར་ཞགས་རིང་མོས་
སྔར་བཞིན་གངས་དཀར་གྱི་ཡུལ་ལྗོངས་ཧྲིལ་བོ་བཟུང༌། སྟོད་ཀྱི་ཨ་མྱེས་ལྷ་བྲག་ནི་་སྒམ་ཞིང་ བརླིང་བའི་སྐྱེས་ཆེན་དམ་པ་ཞིག་གིས་གཟབ་ནན་སྒོས་
མནོ་བསམ་གཏོང་བ་དང་འདྲ་བར་གངས་དཀར་གྱི་མདངས་ཀྱིས་སྤུད་པའི་འོག་ཏུ་ཁོ་ལ་མིག་གིས་ཕུར་ཚུགས་སུ་བལྟས། ཁོས་རང་གི་སྐྱོན་ཆ་གང་
ཞིག་ངོས་ལེན་བྱེད་པའམ་ཡང་ན་མ་ ཉེས་ཁ་གཡོག་གི་སྡུག་དེ་ཁུར་བའི་ཚུལ་དག་མ་གསང་དྲང་མོར་ཞུ་བཞིན་པ་འདྲ། ཁོ་ཨ་མྱེས་ལྷ་བྲག་གི་ཕྱོགས་སུ་
འཁོར་ནས་ཡུན་རིང་འགྲེང་ཞིང་མུ་ཏིག་གི་ཕྲེང་ཐག་ཆད་པའི་མཆི་མའི་ཆར་རྒྱུན་འགྲམ་པའི་མཁུར་ཁུག་བརྒྱུད་ནས་བྲང་ཁར་ བབས་ཤིང༌། ཡང་
བྲང་ཁའི་ལྭ་བ་བརྟོལ་ནས་གཙང་ཞིང་དྲིན་མེད་ཀྱི་བྱིས་པའི་བསམ་པ་དེ་བརླན་པར་བྱས། ཁོས་སྡེ་བའི་ནང་གི་མི་ཚང་མས་མཐོང་བར་དོགས་ནས་
ས་རུབ་པར་བསྒུགས། ཁོས་ཐག་རིང་གི་སྟག་མགོའི་སྒང་ཐོག་ན་ཨ་མས་ འབོད་པ་ཐོས་བྱུང༌།
         མཚན་གྱི་ཕོ་ཉས་མུན་ནག་གི་མགྲོན་པོ་ཁྲིད་འོངས་ཤིང་དེས་ཀྱང་སྐར་ཚོགས་ཀྱི་མངའ་འབངས་དྲངས་འོངས།
         བསིལ་ལྡན་གྲོང་ཚོའི་ནང་དུ་ལྕགས་ལོའི་ལྷམ་དེའི་སྐོར་གྱི་གསར་འགྱུར་དེ་ གསང་སྟབས་ཀྱིས་གཅིག་ནས་གཅིག་བརྒྱུད་དེ་ཀུན་གྱིས་ཡ་མཚན་
ཞིང་ཧ་ལས་པའི་ངང་ནས་ཁ་གདངས། མིག་གཅེར། ལྕེ་བསྣར། མགོ་གཡུག ཤུགས་རིང་འབྱིན། གླེང་མོལ་བྱེད།
འགའ་རེར་སྐྲག་སྣང་སྐྱེས། “འཇིག་རྟེན་གྱི་མགོ་མཇུག་ལྡོག་ནས། མི་རབས་གཅིག་ལས་གཅིག་སྡུག་པ་རེད།”ཅེས་སེམས་སྡུག་ཀྱང་བྱེད།
         ལྕགས་ལོའི་ཨ་མས་སེམས་ཁྲལ་དང་སྙིང་ན་ནས་སྡོད་མ་བཟོད་པར་མར་མེའི་འོད་ཀྱིས་ཕྱེད་ཙམ་གསལ་བའི་ཁང་མིག་གྲུ་བཞིའི་ནང་ནས་
འགྲོ་འོང་བྱེད་ཅིང་ཁ་ཏོན་བར་མེད་དུ་འདོན་གྱིན་ཡོད།
         ལྕགསས་ལོ་ནང་ལ་འཛུལ་འོངས། མར་མེའི་འོད་སྣང་རབ་རིབ་དེ་ཁོའི་གདོང་གི་མཁུར་ཚོས་སྟེང་ནས་མཆོང་རྒྱུག་བྱེད། དམར་ལམ་མེ། ནག་
འཚུལ་བེ།……
         ཨ་མས་མྱུར་དུ་ལྕགས་ལོའི་རྐང་བར་བལྟས་ཚེ་དེ་བས་ཀྱང་ཧ་ལས་བྱུང༌། ཁོས་ལྷམ་གྱི་ཡུ་བ་གཉིས་ལ་ས་དམར་བསྐུས་ནས་དམར་བོར་བསྒྱུར་
ཡོད།
         ཆ་མི་འགྲིག་པའི་ལྷམ། ཆ་མི་འགྲིག་པའི… …

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆ་མི་འགྲིག་པའི་ལྷམ།

2009-03-07 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།