སློབ་ཆེན་པ་འབྲུག་མོ།

རྐང་ཐང་བ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-22

  ཉི་འོད་མལ་ཁང་གི་ནང་ངོས་སུ་ལྷོད་ཀྱིས་འཕྲོས་འདུག།ཁྲུས་གཞོང་གི་འོད་ཀྱི་ལྡོག་ཟུར་གྱིས་སྔས་མགོའི་གྱང་ངོས་སུ་འོད་ཐིག་གོར་མོ་ཞིག་ལྷེམ་ལྷེམ་དུ་འགུལ་བས།མིག་སྐྱག་གིས་འབྱར་བའི་འབྲུག་མོའི་མིག་ཟུང་མ་བདེ་བ་ལོས་ཡིན་ཏེ།ལག་མཛུབ་ཕྱི་ངོས་ཀྱིས་མིག་ཀུང་འཕུར་འཕུར་འགའ་བྱས་ཏེ།གྱང་ལྡེབས་སུ་སྦྱར་ཡོད་པའི་འདྲ་པར་དེ་སབ་སིབ་ཀྱིས་ཅེར་ནས་འདུག་ལ།དབུགས་རིང་ལྷོད་པོ་ཞིག་ཀྱང་ངང་གིས་འཐེན།
  སློབ་གྲོགས་ཚོ་སློབ་ཁྲིད་དུ་སོང་བས་མལ་ཁང་དོག་མོ་འདི་བདེ་ལྡན་གྱི་ཞིང་བཀོད་ལྟར་ཁུ་སུམ་ལྷིང་འཇགས་སུ་གནས་ལ།སྒེའུ་ཁུང་ཕྱི་རོལ་ནས་ལྡིང་འོང་བའི་ལོ་འདབ་ཀྱི་ཤག་སྒྲ་དང་བསིལ་རླུང་གི་འཇམ་ཤ།བྱེའུ་རེ་འགའི་སྙན་འཇེབས་ཀྱི་ཀུ་ཅོ་ཡིས།འབྲུག་མོ་སྔར་མེད་ཀྱི་བློ་བདེ་བག་ཕེབས་ཤིག་ཐོབ་སྟེ་སབ་སིབ་ཀྱིས་གཉིད་དུ་དྲངས།
ལན་གྲུའི་ཚ་བས་མནར་གཅོད་དྲག་པོ་གཏོང་གིན་ཡོད་ཀྱང་།ཁང་རྩེག་དུ་མའི་གསའ་གསེང་གང་རུང་དུ་རླངས་འཁོར་དག་ལེབ་ཉལ་བྱས་ནས་འགུལ་གྱིན་འདུག་ལ།གྲོག་མ་ལྟ་བུའི་མི་ཚོས་ཟ་ཞོར་དང་འགྲོ་ཞོར་བྱས་ནས།བཤད་ཞོར་དང་དོན་དག་རེ་བསྒྲུབ་ནས་རླངས་འཁོར་དང་མཉམ་དུ་བྲེལ་བྲེལ་གྱིས་འགུལ་བསྐྱོད་བྱེད་བཞིན་འདུག
འབྲུག་མོ་ཅུང་ཙམ་འཕག་ཙམ་བྱས་ཏེ་མལ་ས་ཇེ་བདེར་བཏང་།སྔས་འགྲམ་གྱི་དོམ་ལ་རང་ཉིད་ཀྱི་ལྭ་བ་དང་མིག་ཤེལ་ནག་པོ་བརྒྱབས་ཏེ་ཙོག་ཏུ་བཅུག་ཡོད་ལ།བལྟས་ཚོད་ཀྱིས་ཁོ་མོའི་གཉིད་སྲུང་བ་ལོས་ཡིན་འདོད་པའམ།ཡང་ན་ལྷིང་འཇགས་ཀྱི་སུན་སྣང་སེལ་བར་བྱེད་པའི་བློས་ཐུབ་ཀྱི་དགའ་རོགས་ཤིག་དུ་འདོད།དེའི་ཤག་ཏུ་བསླབ་དེབ་འགའ་དང་ངོ་ཕུར་སོགས་འཇོག་བྱེད་ཀྱི་ལག་གཟེབ་ཅིག་དང་ཇ་ཕོར་ཞིག་ཡོད།ཁོ་མོའི་སྐྲ་ལོ་སི་ལུ་ཅན་ཏུ་བཏང་ཡོད་ལ་ཚོས་ཁ་དམར་སེར་ཞིག་བགོས་འདུག་པས།ངོ་གདོང་ལ་མ་བལྟས་ན་ཨུ་རུ་སིའི་བུ་མོ་ཞིག་མལ་ཡོད་པར་འདོད།ཚ་བ་ཡིས་མནར་བ་ལོས་ཡིན་ཏེ།བྲང་གཞུང་གི་མལ་ཐུལ་ཕྱིས་ནས་འདུག།དབུགས་ཀྱི་གཏོང་ལེན་གྱི་འགུལ་བསྐྱོད་ཀྱིས་འོ་འཛིན་ཟུང་ཡང་འགུལ་བསྐྱོད་བྱེད་ཀྱིན་འདུག།མཚམས་ཤིག་ལ་འབུ་སྦྲང་ཞིག་མཁུར་ཚོས་སུ་བབས་ཏེ་ཟ་འཕྲུག་སློང་གིན་ཡོད་ཀྱང་།ལག་པས་མཉེན་འཇམ་གྱི་མཁུར་ཚོས་འཕྲུག་འཕྲུག་རེ་བྱས་ཏེ་ཅི་ཡང་ཚོར་གྱིན་མེད་པར་གཉིད་ཀྱི་དཔལ་དུ་ཞུགས་འདུག
  སྐབས་འདིར་འབྲུག་མོས་རྨི་ལམ་ཞིག་རྨི་མགོ་བརྩམས་སོང་།རྨི་ལམ་དུ་མི་ཚོགས་མང་བའི་ཐང་ཆེན་ཞིག་ཏུ་གསར་བུ་ཞིག་གིས་རྒྱ་སེ་མེ་ཏོག་ཅིག་བཟུང་སྟེ་ཁོ་མོའི་གན་དུ་སླེབས།ཁོ་མོ་འཛེམ་དོགས་དང་སྐྱེངས་པ་ཞིག་གིས་མི་དེར་ལན་ཅི་ཡང་མ་བཏབ།ཡུད་ཙམ་འགོར་རྗེས་ཁྱོད་ད་དུང་ང་ལ་དགའ་བ་ཡིན་ནམ་ཞེས་དྲིས།གསར་བུ་དེས་ལྷད་མེད་ཀྱི་འཛུམ་ཞིག་མངོན་ནས་ལོས་དགའ།ལོས་དགའ།ང་ནམ་ཡང་ཁྱོད་ལ་དགའ་ཞེས་རྒྱ་སེ་མེ་ཏོག་དེ་ཁ་མོའི་ལག་ཏུ་བཞག།ཁོ་མོ་སེམས་འགུལ་ཞིག་ཀུན་ནས་ཐེབས་ཏེ་གསར་བུ་དེ་དམ་འཁྱུད་བྱས།མི་ཚོགས་མང་བོས་ཁོ་གཉིས་བསྐོར་ཏེ་དགའ་བསུ་ཡི་ཐལ་མོ་རྡེབ་ཀྱིན་འདུག།ཅུང་ཙམ་ཁ་རྒོད་ཡིན་པའི་སློབ་གྲོགས་ཚེ་རྡོར་གྱིས་ལྟོས་དང་།ལྟོས་དང་།འདི་གཉིས་ཞེ་སྣང་བ་མཐུན་ནོ་ལྟོས་དང་ཞེས་དགོད་སྒྲ་དང་བཅས་ཏེ་དེ་ལྟར་བཤད་ཀྱིན་པ་རྨིས།
  མཚམས་འདིར་སྔས་མགོ་ན་ཡོད་པའི་དོམ་དེ་འབྲུག་མོས་རུམ་ནས་འདུག་ལ།མིག་གོང་དུ་རྣོ་མར་གྱི་འོད་ཅིག་འཛུམ་ནས་སྔར་བཞིན་གཉིད་ནས་འདུག།དེ་རིང་འབྲུག་མོས་རྨི་ལམ་འདི་རྨིས་པ་ཁག་ཅི་ཡོད།དེ་ནི་ཁོ་མོས་ནམ་ཡང་གསུབ་ཐབས་བྲལ་བའི་རྨ་ཁ་ཞིག་ཏུ་གྱུར་ཡོད།མཚམས་རེར་དོན་དག་དེ་ཡིད་ལ་དྲན་ཐེངས་རེ་བཟོད་མི་ཐུབ་པའི་ན་ཟུག་རེ་སྐྱེས་ཏེ་ངུ་སྐད་འདོན་སྲིད་ལ།དོན་དག་དེའི་ཆེད་དུ་ཁོ་མོས་ཆང་འཐུང་བཞིན་ཡོད་ལ།མཚམས་རེར་ཁོ་མོས་བཟི་གཏམ་ལས་ང་འཆུགས་སོང་།ང་ནུས་མེད་རེད་ཅེས་འཁང་ར་བྱ་སྲིད།ཀུན་གྱིས་ཁོ་མོ་ཆང་འཐུང་མ་ཞེས་དམའ་འབོད་བྱས་མོད།ཁོ་མོས་དེ་ལ་གཏན་ནས་ཁོང་ཁྲོ་ལངས་མི་སྲིད།ལངས་འདོད་ཀྱང་གཏན་ནས་སྐྱེ་བཞིན་མེད་པ་འདྲ།
  འབྲུག་མོ་གསར་བུ་དེའི་སྐེ་ལ་འཇུས་ནས་ཡུན་རིང་འགོར་སོང་།མཚམས་ཤིག་ལ་ཁོ་མོས་གློ་བུར་དུ་ཁྱོད་ཅི་ཞིག་ལ་བསྐྱར་དུ་གསོན་པ་ཡིན་ཞེས་ངུ་སྔངས་དང་བཅས་ཏེ་དེ་ལྟར་དྲིས་པ་ན།གསར་བུ་དེས་དུངས་ཞེན་གྱི་ངོ་གདོང་ལས་འཛུམ་ཙམ་བྱས་ཏེ་གླེན་ཕྲུག་མ།ཁྱོད་ཀྱི་ཆེད་དུ་ང་ཤི་ཐུབ་ལ་གསོན་ཀྱང་ཐུབ་ཅེས་བཤད་པ་ན།ཁོ་མོ་སེམས་འགུལ་དྲག་པོ་ཞིག་ཐེབས་ཏེ་གསར་བུ་དེར་ཞིམ་མངར་གྱི་འོ་ཞིག་བྱས།ས་རིམ་བཞིན་དུ་རུབ་ཀྱིན་ཡོད་ཀྱང་།གྲོང་ཁྱེར་ནི་གསོན་ཤུགས་ཀྱིས་ཀུན་ནས་བརྟས་འདུག་སྟེ།ལམ་འགྲམ་གྱི་ཤིང་སྡོང་སྣ་ཚོགས་སུ་དཀར་དམར་སེར་གསུམ་གྱི་གློག་ཞུའི་འོད་ཐིག་ཆར་བ་བཞིན་འབབ་ཀྱིན་ཡོད་ལ།སྤྱི་གླིང་དང་རྨ་ཆུའི་འགྲམ་ངོགས་སུ་མཉེན་འཇམ་གྱི་དོར་ཐུང་གྱོན་པའི་ན་གཞོན་ཟུང་རེས་འདོད་མོས་ཀྱིས་སྙིང་གཏམ་གླེང་སྟེ་འཆམ་འཆམ་བྱེད་ཀྱིན་ཡོད།འབྲུག་མོ་དང་གསར་བུ་དེ་གཉིས་ཀྱིས་ཀྱང་དཔུང་ཐུག་དང་ཨོང་ཐུག་གི་འཁོར་ལོ་བསྐོར་བཞིན་ཆིལ་ཆིལ་གྱི་དགོད་སྒྲ་སྒྲོགས་ལ།མཚམས་རེར་གསར་བུ་དེས་འབྲུག་མོ་པང་ནས་ཅི་ཞིག་བཤད་མི་ཚར་བ་བཞིན་ཤབ་ཤུབ་ཅིག་སྨྲ་ཡི་འདུག
རྨི་ལམ་དུ་འཁོར་བའི་གསར་བུ་དེ་ནི་འབྲུག་མོའི་དགའ་རོགས་ཡིན་ལ།མིང་དུ་བྱམས་སྐྱོང་ཟེར།ཁོ་གཉིས་སློབ་འབྲིང་ནས་དུངས་ཞེན་གྱི་མདུད་པ་བརྒྱབས་ཏེ་མ་འོངས་པའི་དམ་བཅའ་སྙིང་ལ་བརྐོས་ཡོད་པའི་ན་གཞོན་ཟུང་ཡིན།འོན་ཀྱང་མཐོ་རྒྱུགས་ཀྱི་བཀོད་སྒྲིག་གིས་བྱམས་སྐྱོང་ནང་ལོགས་ས་ཁུལ་གྱི་ལག་རྩལ་སློབ་གྲྭ་ཞིག་ཏུ་འགྲོ་དགོས་སོང་།འབྲུག་མོ་ནུབ་བྱང་མི་རིགས་སློབ་ཆེན་དུ་འགྲིམས་ཐུབ་པར་གྱུར་ནའང་ཡུན་ནན་བདེ་ཆེན་ནས་འཚར་ལོངས་བྱུང་བ་ཡིན་སྟབས།བོད་ཡིག་གི་ཆུ་ཚད་རེབ་གོང་གི་སློབ་ཆུང་ལས་ཀྱང་སྡུག།དེ་བས་ད་ལྟ་ཁོ་མོ་མཐར་ཕྱིན་ལ་ཉེ་བའི་སྐབས་འདིར།གནོན་མི་ཐུབ་པའི་སེམས་ཁུར་ཞིག་ཡོད་པ་ནི་མཐར་ཕྱིན་དཔྱད་རྩོམ་འབྲི་རྒྱུ་དེ་རེད།མཐར་ཕྱིན་དཔྱད་རྩོམ་མ་བྲིས་ན།ཁོ་མོ་མཐར་ཕྱིན་མི་ཐུབ་ལ།ད་ལྟའི་བར་དུ་སློབ་གྲྭ་སོང་བའང་དོན་མེད་དུ་བསམ་སྟེ།ཁོ་མོའི་གང་ཞིག་འབྲི་འདོད་པ་དེ་གསལ་ལ་མི་གསལ་བའི་ངང་རྒྱུན་པར་འཆར་གྱིན་ཡོད་ནའང་ཤོག་ངོར་ཕབས་ཚེ་ཡོད་ཚད་སྟོང་བར་གྱུར་འགྲོ།མཚམས་རེར་བོད་ཡིག་ལ་ཞེ་སྡང་སྐྱེས་ཏེ་རང་ཉིད་བོད་ཅིག་ཡིན་པ་འཁང་ར་བྱེད་བཞིན་ཡོད།བོད་ཡིག་གིས་འབྲི་ཐབས་མེད་པ་ཤེས་འཕྲལ།ད་ལྟ་ཁོ་མོས་རྒྱ་ཡིག་གིས་འབྲི་བར་གྲ་སྒྲིག་བྱེད་ཀྱིན་ཡོད།རྒྱ་ཡིག་གིས་ཐིག་ཕྲེང་གསུམ་ཙམ་བྲིས་ཡོད།དེ་ནི་གཟའ་འཁོར་གཉིས་ཙམ་ལ་ཤུ་རེ་བྱས་པའི་བསམ་གཞིགས་ཀྱི་ཐོན་འབྲས་ཡིན།ཐིག་ཕྲེང་གསུམ་པོར་བརྡ་སྤྲོད་ཀྱི་གནད་དོན་དང་སྒྲ་འདྲ་བའི་མིང་ཚིག་སྐོར་ལོག་ཏག་ཏག་བྲིས་ཡོད་པས།ཁོ་མོས་གཞན་ལ་སྟོན་རྒྱུར་ངོ་ཚ་སྟེ་དེ་མ་ཐག་སིལ་བར་བཏང་སོང་།ཉིན་ཞིག་ལ་དཔྱད་རྩོམ་ཚོང་ར་ནས་དངོས་པོ་བཞིན་ཉོས་ཆོག་པའི་གཏམ་བཟང་ཞིག་གོ་འཕྲལ།ཁོ་མོར་དགའ་སྤྲོ་སྐྱེས་ཏེ་ཉོ་རྒྱུའི་སེམས་ཐག་བཅད།ཡིན་ན་ཡང་དཔྱད་རྩོམ་ལ་སྒོར་ལྔ་བརྒྱ་སྟེར་དགོས་པས་ཁོ་མོས་ཁུགས་མི་སྲིད།ཁོ་མོ་ཟླ་རེར་ཕ་ཡུལ་གྱིས་སྒོར་དྲུག་བརྒྱ་རེ་བསྐུར་བཞིན་ཡོད་ལ།མང་ཆེ་བ་བཟའ་རིན་དང་ཡག་ལས་ཀྱི་ཕྱོགས་སུ་ཤོར་དགོས་པས།ཁོ་མོས་དཔྱད་རྩོམ་ཉོ་བར་ཐེ་ཚོམ་སྐྱེས་པའི་དུས་སུ།འཛིན་གྲྭའི་སློབ་གྲོགས་ཤིག་གིས་མི་ཞིག་གི་ཨང་གྲངས་བཤད་དེ་ཁྱོས་འདི་ལ་ཁ་པར་ཐོངས་དང་དཔྱད་རྩོམ་འབྲི་མཁན་ཞིག་ཡིན་ཟེར་བས།ཁོ་མོས་དེ་ལྟར་ཁ་པར་བཏང་དགོས་སོང་།
  མི་དེ་ནི་ཁོ་མོའི་གྲོགས་པོ་ཞིག་གི་དགའ་རོགས་ཡིན་པ་ཤེས་འཕྲལ་ཐོག་མར་དགའ་ཚོར་བྱུང་ལ།དགའ་ཚོར་བྱུང་བའི་དབང་གིས་ཁྱོས་ང་ལ་མཐར་ཕྱིན་དཔྱད་རྩོམ་ཞིག་འབྲི་རོགས་བྱ་དགོས་པའི་རེ་བ་དེ་ཕུར་ཚུགས་སུ་བཏབ་པས།སློབ་གྲོགས་དེས་རོགས་ནི་ལོས་བྱེད།རོགས་ནི་ལོས་བྱེད།ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ་འགའ་རེ་བྲིས་མེད་པའི་དཔྱད་རྩོམ་ཞིག་ཡོད།དེ་ནི་སང་ཉིན་ཁྱོད་ལ་སྤྲོད་རྒྱུ་བྱ་ཞེས་ཡིད་འཐད་ཀྱིས་ཁས་ལེན་བྱས།སློབ་གྲོགས་དེའི་མིང་ལ་འདྲེ་རྐང་ཐང་ཟེར།ཁོ་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གླིང་སྙན་ངག་པ་ཞིག་ཡིན་ལ།སློབ་གླིང་འདིའི་སློབ་གསོའི་མཁའ་དབུགས་ཀྱི་ཤུགས་རྐྱེན་ཐེབས་ཏེ་རྨོངས་དད་དང་བླུན་རྨོངས་བྱ་སྤྱོད་དག་ལ་དགག་པ་རྒྱག་པའི་རྩོམ་ཡིག་གང་མང་ཞིག་བྲིས་ཡོད་ལ།འདྲེ་རྐང་ཐང་གིས་ཕ་ཡུལ་གྱི་གཞི་བདག་ལའང་དགག་པ་བརྒྱབས་པས་རི་སྡེ་བ་འུར་ཟིང་ངེར་བཏང་སྟེ་ཕྱོགས་གཉིས་སུ་གྱེས་སུ་བཅུག་ཡོད་ལ།འདྲེ་རྐང་ཐང་སྡེ་བ་ནས་ཕྱིར་ཕུད་བཏང་ཡོད་པའི་ཁེར་རྐྱང་གི་སློབ་གླིང་སྙན་ངག་པ་ཞིག་ཡིན།དུས་དེ་ནས་བཟུང་ཁོའི་ཁ་ཡ་ན་ཟླ་ཚོས་དོན་དངོས་ཡིན་པའི་རྩེད་མཚར་གྱི་མིང་ཞིག་བཏགས་པ་ནི་འདྲེ་རྐང་ཐང་ཟེར་བ་དེ་རེད།
  གཟའ་པ་སངས་ཀྱི་མུན་སྲོད་ཅིག་ལ།འབྲུག་མོ་ལ་ཁ་པར་ཞིག་ཐོན་བྱུང་།དེ་ནི་འདྲེ་རྐང་ཐང་རེད།འདྲེ་རྐང་ཐང་གིས་ཞི་བདེ་མགྲོན་ཁང་གི་སྒོ་ཁར་མཐར་ཕྱིན་དཔྱད་རྩོམ་ལེན་དུ་ཤོག་ཅེས་བཤད་པ་ན།འབྲུག་མོ་མྱུར་བར་མལ་ལས་ལངས་ཤིང་ཡག་ལས་སྟབས་བདེ་ཞིག་བྱས་ཏེ་བྲེལ་མྱུར་གྱིས་ཞི་བདེ་མགྲོན་ཁང་གི་སྒོ་ཁར་རྒྱུགས།འདྲེ་རྐང་ཐང་སྤྲོ་འཛུམ་གྱིས་ཁེངས་ཏེ་འབྲུག་མོ་ཡོང་བར་ཤེས་འཕྲལ་མདུན་དུ་བཅར་ཏེ།ཟ་མ་ཟོས་སམ་ཞེས་དྲིས་བྱུང་།འབྲུག་མོས་ཡ་ངན་པའི་འཛུམ་མདངས་ཤིག་ཕྱུངས་ཏེ་མ་ཟོས་ཞེས་བཤད་ཞོར་མཐར་ཕྱིན་དཔྱད་རྩོམ་སྟེར་བར་རེ་སྒུག་བྱས།
  འདྲེ་རྐང་ཐང་གིས་ལྷོད་ཡངས་ཀྱི་ཉམས་ཤིག་མངོན་ནས་ཟས་མེད་ན་འུ་གཉིས་ཟ་མ་ཟ་རུ་འགྲོ་ཞེས་བཤད་པས།འབྲུག་མོས་མི་མཁོ་བའི་བརྡ་ཞིག་བསྟན་ནའང་།འདྲེ་རྐང་ཐང་གིས་ཡང་ཡང་གི་རེ་སྐུལ་གྱིས་མི་འགྲོ་ཀ་མེད་དུ་གྱར།ཚོད་མ་འགའ་དང་ཁ་བའི་མེ་ཏོག་རྟགས་ཅན་གྱི་སྦུ་རག་ཤེལ་དམ་འགའ་བླངས།ཟ་མ་ཟ་ཞོར་དང་ཆང་འཐུང་ཞོར་བྱས་ནས་དུས་ཚོད་ནི་ཡུན་ཐག་ཅིག་འགོར་པས་ད་ནི་འགྲོ་རན་ལ་ཐོན་འདུག།འབྲུག་མོས་ཟ་རིན་སྟེར་གྲབས་བྱེད་སྐབས།འདྲེ་རྐང་ཐང་གིས་ཁྱོད་ཀྱིས་སྟེར་མི་དགོས།ངས་སྟེར་ཞེས་མྱུར་བར་སྒོར་ཁུག་ནས་སྒོར་བརྒྱ་ཤོག་ཅིག་ཕྱུང་ནས་སྦྱིན་བདག་གི་ལག་ཏུ་གཏད།འབྲུག་མོས་ཀྱང་ཁྱོས་སྟེར་སྲོལ་ཞིག་ག་ལ་ཡོད།ངས་སྟེར་ཞེས་བརྒྱ་ཤོག་ཅིག་ཕྱུང་ཡོད་ནའང།ཁོའི་ཨུ་ཚུགས་ཀྱི་གཤིས་ལས་ཁོ་ལ་མི་སྟེར་རང་སྟེར་དུ་འཇུག་དགོས་སོང་བས།འབྲུག་མོ་ཤིན་ཏུ་ཡ་ངན་ནས་ཅི་ཞིག་བརྗོད་དགོས་པའང་མ་ཤེས་པའི་དུས་སུ།འདྲེ་རྐང་ཐང་གིས་རྒྱལ་ཁ་ཞིག་ལོན་སོང་བའི་གཟི་ཉམས་དང་བཅས་ཏེ་ད་འགྲོ་ཞེས་ཟ་ཁང་གི་ཕྱི་རོལ་དུ་བུད།
  རྒྱ་སྲང་གི་ཚོང་ཁང་ཆུང་ངུ་རེ་འགས་སྔ་མོ་ནས་སྒོ་བརྒྱབས་འདུག།རླངས་འཁོར་དང་མི་ཚོགས་ཀྱི་རྔམ་ཁ་ཡང་ལྷག་ཏུ་བྲི་བར་གྱུར་ནས་ཅུང་ཙམ་སྟོང་འཇགས་སེར་གནས་པའི་ཁེར་རྐྱང་གི་ཚོར་འདུ་ཞིག་ལུད་བྱུང་ནའང་།རླངས་འཁོར་དང་མི་འགའ་རེ་སྔར་བཞིན་གློག་འོད་དང་བསྟུན་ནས་གང་ཞིག་ཏུ་རྒྱུ་བཞིན་ཡོད།
  ཉེ་འགྲམ་གྱི་རྩྭ་ར་དེ་ཕྱོགས་ཞོར་འདྲེ་རྐང་ཐང་གིས་དཔྱད་རྩོམ་གྱི་གནས་ཚུལ་གླེང་བྱུང་།ཐ་མག་ལ་མེ་བསྒྲོན་ཏེ་རྔུབ་འཐེན་འགའ་བྱས།དཔྱད་རྩོམ་གྱི་ཁ་བྱང་ལ་དེང་རབས་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་ལ་དཔྱད་པ་ཞེས་པ་ཡིན་ལ།དཔྱད་རྩོམ་འདི་ནི་ངའི་དཔྱད་རྩོམ་མཐའ་དག་ལས་ཅུང་ཙམ་འཁྱོངས་ཡོད་པའི་རྩོམ་ཡིག་ཅིག་ཡིན་ཚུལ་བཤད་པས།འབྲུག་མོ་ཅུང་ཙམ་ཡ་ངན་པར་གྱུར་ཏེ་དེ་ད་ལོས་ཡིན།ཁྱོད་ཀྱི་རྩོམ་གང་ཞིག་ཡིན་ཀྱང་འུ་ཚོའི་སློབ་གྲྭ་ན་མཚན་སྙན་ཡོད་ནི་རེད་ཅེས་བཤད་བྱུང་།འདྲེ་རྐང་ཐང་གིས་དུ་བ་རྔུབ་འཐེན་འགའ་བྱས་ཏེ་རྩོམ་གྱི་ནང་དོན་ཁྱེད་ཀྱི་ངོས་ཐད་ནས་བསམ་བློ་བཏང་སྟེ་བརྒྱ་ཡི་ནང་ནས་གཅིག་འདེམས་པ་ཞིག་ཡིན་ལ།རྩོམ་འདི་ལེགས་པོ་ཞིག་འཁྱོངས་པར་དཀའ་སྡུག་གང་མང་ཞིག་མྱང་ཡོད་རབས་བཤད་དེ།འབྲུག་མོའི་གདོང་ལ་ཞིབ་བལྟ་ཞིག་བྱས།འབྲུག་མོས་འདི་འདྲ་མང་པོ་ཞིག་ཅི་ལ་བཤད་དགོས་སམ།འདི་ལྟར་བཤད་དེ་ཁོ་ལ་ཁ་ཡག་དང་ངོ་བསྟོད་རྒྱགས་དགོས་པ་ཡིན་ནམ་འདོད་ཞོར།རྩོམ་ཞིག་འབྲི་ན་དཀའ་ལས་ནི་ལོས་ཡོད།དཔྱད་རྩོམ་ནི་དེ་བས་ཀྱང་དཀའ་བ་ཞིག་ཡིན་ཚུལ་ངས་ཀྱང་ལོས་ཤེས།ད་ཐེངས་དངོས་གནས་ཁྱེད་ལ་བཀའ་དྲིན་ཆེ་ཞུ་ཞེས་ཕར་ལ་བཤད་ཀྱང་།འདྲེ་རྐང་ཐང་ཁོ་མོའི་དུང་ལྟར་དཀར་བའི་ཞལ་རས་དང་དེའི་སྟེང་དུ་གཟེངས་སུ་ཐོན་ཡོད་པའི་དཀྱིས་རིང་བའི་སྨིན་མ་ནག་པོ་དང་དེའི་གཤམ་དུ་ལྷད་མེད་དྭངས་གཙང་གི་འོད་མདངས་འཕྲོ་བའི་ཁྲ་ཆུང་མིག་ཟུང་།མིག་ཟུང་གི་ལྡེམ་སྟངས་ལས་མཆེད་པའི་ཁོ་མོའི་མཛེས་སྡུག་གི་བསླུ་བྲིད་ཀྱིས་རེ་ཞིག་ལ་དུ་བ་རྔུབ་འཐེན་བྱེད་དགོས་པའང་བརྗེད་པར་གྱུར་བས།དུ་སྣེ་ཡི་ཐལ་བ་ར་ཅོ་ལྟར་འཁྱོགས་པོར་གནས།འབྲུག་མོས་སྒོར་བརྒྱ་ཤོག་གཅིག་ཕྱུང་ནས་འདི་ནི་ཁྱོད་ཀྱིས་ང་ལ་རོགས་བྱས་པའི་བཀའ་དྲིན་ཙམ་ཞིག་ཡིན།སྤྱིར་ཡིན་ན་འདི་ཙམ་གྱིས་མི་ཆོག་པ་ངས་ཤེས་ཡོད།དེ་རིང་གི་ཟ་རིན་ཡང་ཁྱོད་ཀྱིས་བྱིན་པས་དངོས་གནས་ཁྱོད་ལ་དཀའ་ལས་གཏད་ཟིན་ཞེས་འདྲེ་རྐང་ཐང་ལ་རྣམ་དག་གིས་བཤད།འདྲེ་རྐང་ཐང་གིས་ཁོ་མོས་སྒོར་མོ་སྟེར་གྱིན་ཡོད་པ་ཤེས་འཕྲལ།འུ་ཚོ་གྲོགས་པོ་ཡིན་པས་འདི་ཙམ་གྱིས་རོགས་ལོས་བྱེད།འདི་དགོས་ནི་མ་རེད་ཅེས་ཁོ་མོའི་ལག་པ་ཕར་ལ་དེད།རེད་ཡ།ད་དུས་ཚོད་ཀྱང་སྔ་རྒྱུ་མི་འདུག།ཕལ་ཆེར་མལ་ཁང་གི་སྒོ་བརྒྱབས་ཡོད་ཀྱི་རེད་ཅེས་དུ་སྣེ་སྔུན་ཕྱོགས་སུ་གཡུགས།འབྲུག་མོས་ཁ་པར་བླངས་ཏེ་དུས་ཚོད་ལ་བལྟས་པ་ན་དུས་ཚོད་བཅུ་གཅིག་དང་ཕྱེད་ཀར་ཉེ་བས།ཅི་ལྟར་རྒྱུགས་ཀྱང་མལ་ཁང་དུ་མི་ཐོན་པ་ཤེས།གལ་ཏེ་མལ་ཁང་དུ་འགྲོ་དགོས་ན་སྒོ་སྲུང་ལ་བཤད་དགོས།སྒོ་སྲུང་གིས་སང་ཉིན་སྡེ་ཁག་ལ་གཏུགས་འཇོགས་པས་གང་དུ་སོང་མིན་དང་ཅི་ཞིག་ལས་མིན་སོགས་ཀྱི་གནས་ཚུལ་སོགས་རེ་རེ་བཞིན་རྩད་གཅོད་དང་།སློབ་གྲྭའི་སྒྲིག་ལམ་དང་འགལ་སོང་བས་ངོས་ལེན་ཡི་གེ་སོགས་མགོ་ན་བྱེད་ཀྱི་ཙག་ཙིག་གི་དོན་དག་མང་པོ་ཞིག་བསྒྲུབ་དགོས་པ་བློ་ཁོག་ནས་གསལ་བར་འཆར་དུས།ད་ནི་གཞི་ནས་འཕྱི་འདུག་པ་ཤེས་ལ།གློ་བུར་དུ་ཁོག་འདར་ཞིག་བརྒྱབས།འདྲེ་རྐང་ཐང་གིས་ཀྱང་ཁོ་མོ་འགྲོ་ས་གཞན་མེད་པར་ཤེས་སྟབས།ཡང་མིན་ན་འུ་གཉིས་ཐག་ཉེ་ཞིག་གི་མགྲོན་ཁང་དུ་འགྲོ་རེ་ཞེས་ཁོ་མོའི་རྣམ་འགྱུར་ལ་བལྟས།གྲང་རླུང་གིས་སྒུལ་བའི་སྐྲ་ལོ་ཕྱིར་རྣ་རྩར་འདེད་ཀྱིན་འབྲུག་མོས་ལན་ཅི་ཡང་མ་བཏབ་པར།གང་ཞིག་ལ་འདང་བརྒྱབས་ནས་འདུག།
  རྩྭ་ར་འདི་སྔར་བས་ལྷིང་འཇགས་སུ་གྱུར་ལ།མཚམས་མཚམས་སུ་ཡོད་པའི་སྡོང་བོ་དེ་དག་གི་སྟེང་ལམ་འགྲམ་གྱི་གློག་འོད་འཕྲོས་ཤུགས་ཞན་པས་ནག་རོག་རོག་ཏུ་སྣང་།སྐབས་འདིར་གྲང་རླུང་ཞིག་ལྡིང་འོང་སྟེ་འདྲེ་རྐང་ཐང་གིས་མར་འཕངས་པའི་དུ་སྣེ་འབྲུག་མོའི་མདུན་དུ་འདེད་ཀྱིན་འདུག།འབྲུག་མོས་ཀྲུང་ཧ་རྟགས་ཅན་གྱི་དུ་སྣེ་དེར་བལྟས་ནས་འདུག།དུ་སྣེ་དེར་བཤད་མི་ཤེས་པའི་ལྐོག་གྱུར་གྱི་གདུག་རྩུབ་ཅིག་ཡོད་པ་ཚོར།འབྲུག་མོ་གློ་བུར་དུ་དངངས་སྐྲག་ཅིག་སྐྱེས།
  འདྲེ་རྐང་ཐང་གིས་ཡང་བསྐྱར་དུ་བ་ཞིག་ལ་མེ་བསྒོས་ཏེ་ད་ཕྱི་ནས་གྲང་གི་མགྲོན་ཁང་ཞིག་ཏུ་འགྲོ་དང་དེ་རུ་ཁ་བརྡ་བྱ་ཞེས་ངག་འཇམ་པོས་དེ་ལྟར་བཤད།འབྲུག་མོས་མགྲོན་ཁང་དུ་འགྲོ་ཟེར་བའི་སྐད་ཆ་དེ་བསྐྱར་དུ་གོ་ཚེ།ལུས་སེམས་ལ་ཚ་རེག་ཅིག་གཏོད་པའི་ཚོར་སྣང་ཞིག་བྱུང་ལ།ཚོར་སྣང་དེའི་རྐྱེན་གྱིས་ཁོ་མོ་མགྲོན་ཁང་དུ་འགྲོ་མི་འདོད་པར་རྩྭ་རའི་འགྲམ་ནས་ཞག་གང་བོར་འདུག་འདོད་སྐྱེས་པའི་རྣམ་འགྱུར་ཞིག་ལས་མགོ་བོ་སྒུར་ནས་འདུག།འདྲེ་རྐང་ཐང་གིས་ཁོ་མོ་ཁྲིད་ཐབས་བྱེད་དགོས་སྙམ་སྟེ་ཡང་བསྐྱར་ཕྱི་ནས་གྲང་གི།མགྲོན་ཁང་ཞིག་ཏུ་འགྲོ་ཞེས་ཁོ་མོའི་ལག་པར་འཇུས་ཏེ་ཡར་བསླངས་བྱུང་།སོང་ན་མིན་ལ་བསྡད་ནའང་མིན་པའི་སོམ་ཉིའི་བསམ་བློ་ཞིག་སྐྱེས་བཞིན་ཡོད་ནའང་།འབྲུག་མོ་མཇུག་མཐར་འདྲེ་རྐང་ཐང་གི་རྗེས་སུ་འདེད་དགོས་བྱུང་།
  ཞི་བདེ་མགྲོན་ཁང་དུ་མལ་ཁྲི་གཉིས་ཅན་དང་གསུམ་ཅན་དག་ཚང་མ་ཚར་ཡོད་ལ།ཤུལ་ཏུ་ལྷག་པ་ནི་མལ་ཁྲི་གཅིག་ཅན་ཡིན་པས།དེ་ཉིད་མི་གླ་རང་གླར་གྱུར་བས།གུ་དོག་ཅིང་གྲལ་དག་པའི་ཁང་མིག་ཏུ་འཛུལ།ཁང་མིག་ཏུ་བརྙན་འཕྲིན་དང་རླུང་འཁོར།འདྲུད་ལྷམ་ཟུང་།མལ་ཐུལ་དང་མལ་གདན་དཀར་བོ་དཀར་རྐྱང་ཡིན་པའི་མལ་ཁྲི་སྣར་མོ་གཅིག་བཅས་ལས་ཅི་ཡང་མི་སྣང་།
  འདྲེ་རྐང་ཐང་གིས་གླད་སྒྱིངས་ཤིག་བྱས་སོང་།འབྲུག་མོས་བརྙན་འཕྲིན་གྱི་ཁ་ཕྱེས་ཏེ་གཉིད་ལས་སད་པའི་བརྩེ་དུང་ཞེས་པ་དེ་ལྟ་བཞིན་འདུག།འདྲེ་རྐང་ཐང་མལ་ཁྲི་རུ་བུད་དེ་མལ་བར་གྲ་སྒྲིག་བྱེད་ཞོར།འབྲུག་མོ་ལ་གཉིད་དགོས་པའི་རེ་སྐུལ་གནང་གིན་འདུག།འདྲེ་རྐང་ཐང་གི་མགོ་བོ་སྔས་སུ་བཞག་སྟེ་བརྙན་འཕྲིན་ལ་བལྟ་བཞིན་པའི་ཁོ་མོའི་རྒྱབ་གཟུགས་ལ་བལྟས་ཏེ་རྟོག་བཟོ་ཡི་ཕོ་བྲང་བཞེངས་ཀྱིན་འདུག་སྟེ།འདྲེ་རྐང་ཐང་གི་མིག་ལམ་དུ་འབྲུག་མོས་དུང་མདོག་གི་ཞལ་རས་ལས་འདོད་སྲེད་ཀྱི་འཛུམ་བརྒྱ་ལྷུག་པོར་གྲོལ་ཞིང་འཕོང་ཚོས་ཀྱི་འགྱུར་བག་སྟོན་ཞོར།ལྭ་བ་གཅིག་རེ་གཅིག་རེ་ཕུད་དེ་རང་ཉིད་ལ་བྲང་ཤ་གླན་བཞིན་ཡོད་པའི་སྣང་བ་ཟ་ཟུ་ཞིག་སྐྱེས་ཏེ།ཁ་རོག་གེར་མཇེ་མགོ་ལ་རེག་རེག་རེའང་བྱེད་མུས་སུ་མཆིས།ཕལ་ཆེར་ཆང་གིས་བཟི་སོང་བ་ལོས་ཡིན།མཚམས་ཤིག་ལ་སྔུར་བ་ཡང་སྟོབས་ཀྱིས་འཐེན་གྱིན་འདུག
  འབྲུག་མོས་ཀྱང་གླད་སྒྱིངས་ཤིག་བྱས།སྔུར་དབྱངས་དེས་འདྲེ་རྐང་ཐང་གཉིད་དུ་ཡུར་ཡོད་པ་ཤེས་ཏེ་ཁ་ཕྱིར་འཁོར་ཏེ་ཁོ་ལ་བལྟ་ཙམ་བྱས།ངོ་མདོག་ཅུང་ནག་པོ་ཡིན་ལ།སྣའི་གཟེངས་པ་མཐོ་བ་མ་ཟད།སྣ་ཁུང་ཡང་འཁོབ་ཆེ་ལ།བལྟས་ཚོད་ཀྱིས་སྔུར་བ་འཐེན་བྱེད་ཀྱི་སྣ་ཁུང་ལོས་ཡིན་སྙམ།མགོ་སྐྲ་ཐུང་མོད་སྤྱི་གཙུག་གི་སྐྲ་ཉག་འགའ་བྱ་བྱེའུ་ཡི་རྔ་སྒྲོ་ལྟར་ཅུང་རིང་ལ།བལྟས་ཚོད་ཀྱིས་དེ་ནི་མིའི་སེམས་ཁ་ལ་མི་འཕྲོད་པའི་སྐྲ་ལོ་འཇོག་སྟངས་ཤིག་རེད།ཡང་བསྐྱར་གླད་སྒྱིངས་ཤིག་བྱས་པས།བརྙན་འཕྲིན་གཟིམས་ཏེ་ཁ་རོག་གེར་ཁོ་བོའི་རིམ་དུ་འཛུལ་དགོས་སོང་།ཁོ་གཉིས་དེ་ལྟར་གཉིད་དེ་ཡུན་ཐག་ཅིག་འགོར་བ་ན།འབྲུག་མོས་ཨག་སྐད་ཅིག་བརྒྱབས་པས།འདྲེ་རྐང་ཐང་སད་བྱུང་།འདྲེ་རྐང་ཐང་གིས་དོན་དག་ཅི་བྱུང་སོང་ངམ་ཞེས་འབྲུག་མོ་ལ་དྲིས།འབྲུག་མོས་དེ་ནི་ཁོའི་གཉིད་ལས་རེད་བསམ་སྟེ་ཅང་མ་རེད།ད་སོ་མ་ངའི་རྨི་ལམ་འཇུགས་སུ་རུང་བ་ཞིག་རྨིས་པས་སྐྲག་ཐག་ཆོད་དེ་སྐད་བརྒྱབས་པ་ཡིན་ཞེས་རྫུན་གཏམ་ཞིག་བཤད་དེ་གློག་གཟིམས་སོང་།དེ་ནི་འདྲེ་རྐང་ཐང་སུ་ཞིག་གི་རུམ་དུ་འཛུལ་ཡང་གཉིད་གུང་དུ་འོ་བྱེད་པ་དང་མཚན་མ་དཀྲུག་དཀྲུག་བྱེད་པ་དང་ནུ་མ་རེག་རེག་བྱེད་པའི་གོམས་གཤིས་ཤིག་ཆགས་ཡོད་པས།དོ་ནུབ་ཀྱང་འདོད་སྲེད་ཀྱི་ལས་འགུལ་དེས་འབྲུག་མོ་སྐྲག་ཏུ་བཅུག་པ་མ་ཡིན་ནམ།
  འདྲེ་རྐང་ཐང་མུན་ནག་གི་ཁང་མིག་ཏུ་སྔར་ལྟར་གཉིད་དུ་མི་རོལ་བར།རྣམ་རིག་ཇེ་གྲུམ་དུ་སོང་ཞིང་ཆང་གི་བཟི་ཡང་དྭངས་པར་གྱུར་བས་ཅི་ལྟར་དཔུང་འཇུག་བྱེད་པའི་ལས་ལ་མནོ་བསམ་བཏང་།མནོ་བསམ་ཅི་ལྟར་བཏང་ཡང་ཐབས་བཀོད་ཅི་ཡང་མ་རྙེད་པར་ཁ་རོག་གེར་མིག་རིག་རིག་ཏུ་ཡོད་པའི་སྐབས་སུ།རྐན་རེག་དང་རུས་གསེང་ལ་འདོད་སྲེད་སྟེར་ནུས་པའི་མོ་དྲི་ཞིག་གིས་ཀུན་ནས་མཆེད་ཡོང་བས་ན།འདྲེ་རྐང་ཐང་གི་ལག་པ་ཀྲབ་ཀྲབ་ངང་ཁོ་མོའི་བྲང་ཁར་བཞག།ཁོ་མོས་ད་ཐེངས་ཨག་སྐད་མི་འབྱིན་པར།མྱུར་བར་འཕག་འཚག་བརྒྱབས་ཏེ་ཡར་ལ་ལངས།འདྲེ་རྐང་ཐང་ཁྱོད་ཀྱིས་སྟོང་བསམ་མ་བཅངས།ངས་ཁྱོད་ལ་གཏན་ནས་འདི་ལྟར་བྱེད་དུ་མི་འཇུག་ཅེས་ཁོང་ཁྲོའི་དེ་སྐད་བརྒྱབས་པས་ན།འདྲེ་རྐང་ཐང་ཡང་ཁོང་ཁྲོ་ལངས་ནས་ཡོད་ཀྱང་།དེ་ནི་ཕྱི་ལུས་ངག་ཏུ་ཤར་དུ་མ་བཅུག་པར་ཡ་ད་ཁྱོད་ཁོང་ཁྲོ་མ་ལངས།འདིར་ཤོག་དང་ཉལ་ཞེས་སེམས་གསོ་བདེ་འགོད་ཀྱི་ཐབས་ལག་བསྟར་བྱས་ཏེ་ཁོ་མོ་གན་དུ་འགུག་རྩིས་བྱས།ཁོ་མོས་ངོ་ཚ་མེད་པའི་འདྲེ་རྐང་ཐང་ཁྱོད།ངས་ཁྱོད་རང་གྲོགས་པོ་ཞིག་གི་ཚད་ནས་བཞག་ཡོད།ངས་ཁྱོད་རྒྱུན་པར་ཡིད་སྨོན་དང་བསྟོད་བསྔགས་བྱས་པ་ཡིན།ཁྱོས་ང་འདི་འདྲའི་བྱེད་སྲོལ་ཞིག་གང་ན་ཡོད།ད་རུང་ནུབ་བྱང་ཚང་གི་སློབ་གླིང་སྙན་ངག་པ་ཡིན་ཟེར་བ་ནི་འདི་འདྲ་ངོ་ཚ་མེད་པའི་ཁྱི་ལྟ་བུ་ཞིག་ཡིན་སོང་བ་ཨེ་རེད་ཅེས་ངུ་སྔངས་ཀྱི་ཁོང་ཁྲོའི་བར་ནས་དེ་ལྟར་བཤད་དེ་མལ་ཁྲིའི་གཞོགས་ཟུར་ཞིག་ནས་བསྡད།འདྲེ་རྐང་ཐང་གིས་སེམས་བདེ་འགོད་ཀྱི་ཐབས་ཀྱིས་མི་ནུས་པ་ཤེས་ཏེ་ད་ནི་འུ་ཐུག་དང་ལེན་གྱི་ཐབས་བཀོད་ལག་བསྟར་བྱེད་མགོ་བརྩམས།
  ཡིག་ཁྱབ་ཅིག་ཁོ་མོའི་མདུན་དུ་བཞག་སྟེ།དཔྱད་རྩོམ་དགོའམ་འདི་ནས་ཉལ་རྒྱུ་ཡིན་ཞེས་ཅུང་ཁྲོས་འཁྲིགས་ཀྱི་སྒོ་ནས་དེ་སྐད་བཤད་པ་ན།འབྲུག་མོས་མགོ་བོ་སྨད་དེ།ཕྲག་པ་གློད་དེ།མཐར་ཕྱིན་ལ་ཉེ་བའི་མྱུར་འཚབ་ཀྱི་སེམས་ཁམས་ཤིག་ལས།འདྲེ་རྐང་ཐང་གི་འདོད་པ་མ་བསྐང་ན་དཔྱད་རྩོམ་མི་ཐོབ་ལ།དཔྱད་རྩོམ་ཐོབ་སོང་ན་སློབ་འབྲིང་ཞིག་ནས་མཛའ་བརྩེའི་རི་མོ་སྙིང་གི་ཐིག་ལེར་བརྐོས་ཡོད་པའི་ཆུང་འདྲིས་དགའ་ལོ་བྱམས་སྐྱོང་དང་འོས་མེད་བཅས་པ་མ་ཡིན་ནམ་འདོད་པའི་ཐེ་ཚོམ་གྱི་དཔྱངས་ཁུག་ནས།གང་ལྟར་ད་ནི་ལས་ནི་འདི་འདྲར་ཞིག་ཏུ་གྱུར་ཡོད་པ་དང་།ཡང་ན་དགོང་གཅིག་གི་རེ་བ་ནི་བསྐང་ཡང་བྱམས་སྐྱོང་གིས་ཤེས་པར་མི་ནུས་པས།སྐྱོན་དུ་མི་འདུག་ཅེས་སྙམ་སྟེ་དལ་བུར་འདྲེ་རྐང་ཐང་གི་རུམ་དུ་འཛུལ།འདྲེ་རྐང་ཐང་སྤྱང་ལྟོགས་ཤ་ལ་སྲེད་པ་བཞིན།འབྲུག་མོའི་ནུ་ཁེབས་དང་གསང་དོར་དམར་བོ་སོགས་མ་ལུས་པར་ཕུད་པར་བྱས་པས།འབྲུག་མོ་ནི་སྒོ་ང་ཤུན་ལྤགས་བཤུས་པ་བཞིན་དཀར་སིང་ངེར་མལ་ཁྲི་རུ་སུ་ཞིག་གི་མཐོང་ལམ་དུ་རང་ལུས་འདོམས་པ་གང་བོ་མཆོད་པ་ལྟར་བཤམས་ནས་འདུག།མིག་ཀུང་དུ་འུ་ཐུག་ཐབས་ཟད་ཀྱི་མདངས་ཤིག་ཤར་ནས་དཀར་གསལ་གྱི་འོད་ཅིག་འཛུམ་བཞིན་འདུག
  ཕྱི་ཉིན་འབྲུག་མོ་མལ་ཁང་དུ་མ་ཐོན་གོང་དུ།མདང་དགོང་གི་དོན་དག་དག་ཀུན་གྱིས་ཤེས་ནས་འདུག།ཀུན་གྱིས་རྒྱང་རིང་ནས་མཛུབ་མོ་ཀེར་ཏེ་ཅི་ཞིག་ལབ་ཀྱིན་འདུག།ཁོ་མོའི་སེམས་ལ་བཟོད་མི་ནུས་པའི་ཙག་ཤད་ཅིག་རྒྱག་གིན་ཡོད་ནའང་།ལས་མཁན་རང་ཉིད་ཡིན་ཡང་།བཤད་མཁན་སྡེ་བ་ཡིན་པས།སྡེ་བའི་ཁ་སངས་རྒྱས་ཀྱིས་ཀྱང་མི་ཆོད་སྙམ་ནས།ཅི་ཞིག་བཤད་ན་བཤད་དུ་ཆུགས་སྙམ་པའི་རྒྱ་ཡན་གྱི་བསམ་བློ་ཞིག་བཅངས།
  གཟའ་ཉི་མའི་ཕྱི་དྲོ་ཞིག་ལ་འབྲུག་མོའི་གྲོགས་པོ(འདྲེ་རྐང་ཐང་གི་དགའ་རོགས)སྒྲོལ་མ་ཁ་སྤོ་ཁ་ནས་ལངས་ཤིང་།།ཞེ་སྤོ་གཏིང་ནས་ལངས་ཡོང་སྟེ།ཁྱོད་ཀྱིས་ངའི་རྒད་པོ་ལ་ཅི་ཞིག་བྱས་བཏང་ནས།ཨ་ངོ་ཚ་མེད་པའི་ཁྱི་མོ་མ།ཞེས་ངན་མཚང་འབྲུ་ཅི་ཐུབ་དང་ཁྱད་གསོད་བྱེད་ཅི་ནུས་བྱས་ཏེ་འབྲུག་མོ་ལ་འཁོན་འཛིང་བྱ་རྩིས་བྱས།འབྲུག་མོས་རང་ཉིད་ལན་ཡོད་པ་འདོད་མོད།འོན་ཀྱང་དོན་དག་འདི་བཤད་མཁན་སུ་ཞིག་ཡིན་ནམ་འདོད་པའི་ཀུན་སློང་དེས།ངས་ཚེ་རྡོར་ལ་ཅི་ཡང་མ་བྱས།ཁྱོད་ལ་བདེན་དཔང་མེད་པར་གཞན་ལ་བསྙོན་བཙུགས་ན།ཁྱོད་ད་ཁྱི་མོ་རེད་ཅེས་འབྲུག་མོས་ཀྱང་ཞེ་སྡང་མ་གནོན་པར་འདི་ལྟར་བཤད།སྒྲོལ་མ་སློབ་གྲོགས་ཚོས་བཟུང་ནས་ཐུབ་ཀྱིན་མེད་པར།མཛུབ་མོ་ཐད་གར་འབྲུག་མོ་ལ་གཏད་དེ་འདྲེ་རྐང་ཐང་ལ་ཅི་ཡང་མ་བྱས་ན་ཚེ་རྡོར་གྱིས་ང་ལ་རྫུན་གཏམ་དགོས་དོན་ཡེ་ནས་མེད།ཨ་ངོ་ཚ་མེད་པའི་ཕུང་དཀྲུག་མ་ཞེས་སྣང་ཆུང་དང་ཧབ་ཆའི་སྒོ་ནས་དེ་ལྟར་ཟེར།
  ཡ་ཡ།ད་རེད།ད་རེད།ད་ངས་འབྲི་མཚམས་འདི་ནས་འཇོག།མར་སོང་ན་བུད་མེད་འདི་གཉིས་ལ་ཡག་པོ་མི་ཡོང་བ་ཁོ་ཐག་རེད།(རྩྭ་ཐང་གི་ཉིན་ཐོ་ལས་དྲངས་པ)
དགོང་མོ་དེར་ཚེ་རྡོར་གྱིས་ཀྱང་ཡུ་གུར་གྱི་བུད་མེད་ཅིག་ཞི་བདེ་མགྲོན་ཁང་དུ་ཁྲིད་དེ་འདོམ་གྱི་རྩེད་འཇོ་ལ་ཞུགས་པ་རེད།མཚམས་ཤིག་ལ་ཚེ་རྡོར་གྱིས་ཨག་སྐད་ཅིག་གོ་སོང་།ཨག་སྐད་དེ་ནི་རྒྱུས་ཡོད་ཀྱི་ཨག་སྐད་ཅིག་ཡིན་ཡང་།སུ་ཞིག་ཡིན་མིན་ཁ་ཚོན་གཅོད་མ་ཐུབ་པས་མལ་ཁང་དེའི་སྒོ་ལ་རྣ་བ་གླན་སོང་།དེ་ནི་དངོས་གནས་འབྲུག་མོ་དང་འདྲེ་རྐང་ཐང་གཉིས་ཡིན་པ་རྟོགས་པ་རེད།
  བྱམས་སྐྱོང་ནི་སློབ་གྲྭའི་བཀོད་སྒྲིག་ལྟར་དུ་ཀན་སུའུ་ཏིན་ཞིས་སུ་ཟླ་ངོ་གཅིག་ལ་དངོས་སྦྱོང་དུ་ཡོང་།ཞོར་དུ་གཟའ་ཉི་མ་ཞིག་ལ་གཏད་དེ་ཡུན་རིང་དུ་མ་འཕྲད་པའི་འབྲུག་མོ་བལྟ་བར་ཆས།འབྲུག་མོས་ཀྱང་མི་ཚེ་ཡི་འདོད་འདུན་བཅོལ་ཡོད་པའི་ཆུང་འདྲིས་དགའ་ལོ་བྱམས་སྐྱོང་ཡོང་གིན་ཡོད་པ་ཤེས་འཕྲལ།རླངས་འཁོར་ས་ཚིགས་སུ་སྔུན་ན་སོང་།བྱམས་སྐྱོང་གི་ངོ་མདངས་ཇེ་དཀར་དུ་སོང་ཞིང་སྐྲ་ལོ་ནག་ཅིང་འོད་འཁྱུག་པ།དགོད་འཛུམ་གྱི་སོ་ཕྲེང་ལས་འོད་ཞགས་མཆེད་བཞིན་རླངས་འཁོར་ལས་མར་འབབ་པ་མཐོང་འཕྲལ།འབྲུག་མོ་དགའ་ཚོར་དྲག་པོ་བྱུང་སྟེ་ཁོ་བོའི་གམ་དུ་རྒྱུགས་ཏེ་འཐམ་འཁྱུད་བྱས།མིག་ཆུ་ཞིག་ཀྱང་བྱམས་སྐྱོང་གི་ཕྲག་པར་འཐིམས།
  བྱམས་སྐྱོང་ལ་ནུབ་བྱང་མི་རིགས་སློབ་ཆེན་དུ་མཐོ་འབྲིང་གི་སློབ་གྲོགས་འགའ་ཡང་ཡོད།ཕྱི་ཉིན་ཚེ་རྡོར་སོགས་མི་དྲུག་གིས་ཁོ་ཡོང་ཡོད་པ་ཐོས་ཏེ།ཁེ་ཐེ་བེ་ཞིག་ཏུ་སྐྱིད་པོ་རོལ་དུ་སོང་།འབྲུག་མོ་ཁྲིད་ནས་ཡོང་དུ་བཅུག་མེད་ལ།དེ་ནི་ཚེ་རྡོར་གྱི་བཀོད་སྒྲིག་རེད།ཚེ་རྡོར་གྱིས་མཐོ་འབྲིང་གི་གྲོགས་པོ་ཚོ་དེ་རིང་ས་ལན་གྲུ་ནས་འཛོམས་པར་དངོས་གནས་དགའ་འོས་པ་རེད།དེས་ན་རྣམ་པ་ཚོས་ཞབས་དག་བྱོས་ཞེས་ཟེར་བཞིན།ཆང་ཕོར་གནམ་ལ་དྲངས།བྱམས་སྐྱོང་ནི་ཆང་ལ་དགའ་བོ་མེད་པས།ཁོས་ཆང་གི་ཚབ་ཏུ་སིལ་ཁུ་འཐུང་གིན་ཡོད།གླུ་དབྱངས་ཟ་ཟི་ཞིག་བཏང་སྟེ།ཁོ་ཚོས་སྐྱང་སྟུག་གི་འཁོར་ལོ་བསྐོར་མགོ་བརྩམས།མཚམས་ཤིག་ལ་ཚེ་རྡོར་གྱི་ཡིད་ལ་བརྣགས་པའི་འབྲུག་མོ་དང་འདྲེ་རྐང་ཐང་གི་དོན་དག་བཤད་འདོད་དེ།ཐོག་མར་རང་སྟེང་ནས་མགོ་རྩོམ་པར་བྱས།
  ཡ་ཚང་མས་ཉོན།ངས་གཟའ་འཁོར་སྔོན་མའི་གཟའ་སྤེན་པའི་དགོང་མོར།ངས་ཡུ་གུར་གྱི་བུད་མེད་ཅིག་ཁྲིད་དེ་སློབ་གྲྭའི་ཉེ་འཁོར་གྱི་མགྲོན་ཁང་ཞིག་ཏུ་སོང་།མགྲོན་ཁང་དེའི་མིང་ལ་ཞི་བདེ་མགྲོན་ཁང་ཟེར།ཡུ་གུར་མ་དང་ངེད་གཉིས་༣༠༤རུ་ཡོད།སྐབས་འདིར་སློབ་གྲོགས་ཕུན་དར་གྱིས་རྣ་བ་དཀྲོག་དཀྲོག་བྱས་ཏེ།ཡུ་གུར་མ་ལོངས་སུ་སྤྱད་པའི་གོ་རིམ་ཞིག་ཤོད་དང་ཞེས་ལུས་པོ་ནང་དུ་བསྣུར་བསྣུར་ཞིག་བྱས་ནས་དེ་ལྟར་ཟེར།ཚེ་རྡོར་གྱིས་ཆང་ཕོར་ཞིག་སྒོག་སེ་མིད་ནས་ལག་པའི་ཁ་འགྲམ་དུ་བཞུར་བའི་ཆང་ཕྱིས་ནས་བཤད་རྒྱུར།ཡུ་གུར་མ་ནི་འུ་ཚོའི་བོད་མོ་དང་མི་འདྲ་བར་འཛེམ་དོགས་ཀྱི་ཤུགས་ཆུང་བས།རང་འགུལ་གྱིས་སྣ་མི་འདྲ་བའི་འདུག་སྟངས་སུ་ཞུགས་ཏེ་འཁྲིག་སྤྱོད་ཀྱི་འདོད་པ་སྟོན་སྲིད་པས།འཕོངས་ཚོས་ལ་ཐལ་ལྕགས་ཀྱིས་གཞུས་བཞིན་ནོར་ལྟར་སྤྱད་པ་ཡིན་ཞེས་བཤད་མ་ཐག།ཕུན་དར་གྱིས་དེས་ན་ངུ་ཟུག་འབྱིན་ནམ་ཞེས་དྲིས་པ་ན།ལོས་འབྱིན་ལོས་འབྱིན།ངུ་ཟུག་དེ་ནི་གློག་བརྙན་སེར་པོའི་ངུ་ཟུག་དང་ཨ་ན་མ་ན་རེད་ཅེས་གཟི་ཉམས་ཀྱིས་དེ་ལྟར་ཟེར་བས།ཕུན་དར་གྱིས་ཁོ་ལ་ཡིད་སྨོན་ཞིག་སྐྱེས་བཞིན་རང་ཉིད་ཀྱིས་ཀྱང་དེ་ལྟར་ལས་འདོད་ཅིག་སྐྱེས།
  ཡ་ད།དེ་འདྲ་མི་བཤད།ཁྱོད་ཚོས་རང་ཉིད་ནི་གསར་བུའི་སྣང་བ་མཐོ་ཡང་།བུད་མེད་གཅིག་ཀྱང་ལོངས་སུ་སྤྱོད་མི་ཐུབ་ན།གསར་བུ་ཡིན་པ་དེ་ནི་དོན་མེད་དང་གསར་བུའི་སྣང་བ་རྒྱས་པའང་སྟོང་བ་ཡིན་སོང་བ་མིན་ནམ་ཞེས་འགྲམ་གྱི་རྡོ་རྗེ་ཕྲག་པར་རྡེག་ཙམ་བྱས་ཏེ་རྡོ་རྗེ་ལ་ཅོ་འདྲི་འདྲ་བ་ཞིག་བྱས་པས་ཚང་མ་ཧབ་ཆ་དིར་རེ་སོང་།
ཡ།ཞབས་དག།
  ཁེ་ཐེ་བེ་ནི་གནམ་ལྡིང་ས་ལྡིང་དང་ཨག་འབོད་སྐད་འབོད་བྱས་ཆོག་པའི་ས་འོག་གི་འཇིག་རྟེན་ཞིག་ཡིན་ནའང་།དོ་ནུབ་ཚེ་རྡོར་གྱི་སྟོང་བཤད་ཀྱིས་ཁ་དྲངས་ཏེ་སྒྲ་དབྱངས་ཀྱི་སྐད་དམའ་བར་བྱས་ཏེ་ཚེ་རྡོར་གྱི་ཁ་ནང་དུ་ཅེར་ནས་འདུག།ཚེ་རྡོར་གྱིས་ང་ཡུ་གུར་མའི་ཐོག་ཏུ་རུས་སྦལ་ལྟར་ཁ་སྦུབས་སུ་མལ་ནས་འོ་འཇུབས་ལྟག་པའི་དུས་སུ།ཁྱོད་ཚོས་བལྟས་ན།སྒྲ་ཅི་ཞིག་གྲག་པ་ཡིན་རྒྱུ་རེད་ཅེས་ཚང་མས་ལན་ཅི་འདེབས་ལ་བལྟས་ཏེ་བསྡད།ཕུན་དར་གྱིས་འདོད་སྲེད་ཀྱི་ངུ་ཟུག་འབྱིན་པ་རེད་ཅེས་བཤད།རྡོ་རྗེས་ཡིས་དེ་མ་རེད།རྟུག་དྲི་འཆོར་བ་རེད་ཅེས་བཤད་མ་ཐག།ཚང་མ་ཡང་བསྐྱར་དགོད་ཆི་ལེར་གྱུར།
  ཡ།ཞབས་དག།
  ཁྱོད་ཚོས་དེ་ལྟར་བཤད་ན་ཆོག་མོད།འོན་ཀྱང་དེ་ནི་ཡུ་གུར་མའི་སྟེང་ནས་བྱུང་བའི་སྒྲ་ཞིག་ཀྱང་མིན་ལ།ཁང་མིག་དེའི་ནང་ནས་བྱུང་བའི་སྒྲ་ཞིག་ཀྱང་ཡེ་ནས་མིན་པར།ཁང་མིག་གཞན་ཞིག་ལས་མཆེད་འོངས་པའི་བུད་མེད་ཅིག་གི་ཞེས་བཤད་པའི་སྐབས་སུ་།ཕུན་དར་གྱིས་ཚིག་མཚམས་བཅད་ནས་འདོད་སྲེད་ཀྱི་ངུ་ཟུག་རེད་ཅེས་བཤད་པས།ཚེ་རྡོར་གྱིས་ཁྱོད་ཀྱི་ཁ་ནང་ན་ངུ་ཟུག་ལས་གཞན་ཅི་ཡང་མེད།ཁ་རོག་ཏུ་སྡོད།བཤད་དུ་ཆུགས་ཞེས་ཕུན་དར་ལ་ཀུ་རེ་ཡིས་དེ་ལྟར་བཤད།དེ་ནི་བུད་མེད་ཅིག་གི་ཨག་སྐད་རེད་ཅེས་ཚེ་རྡོར་གྱིས་སྐད་གདངས་མཐོ་བའི་སྒོ་ནས་དེ་ལྟར་བཤད།
  བུད་མེད་ཀྱི་ཨག་སྐད་ཅིག་ལ་ཡ་མཚར་རྒྱུ་ག་ལ་ཡོད་ཅེས་ཅུང་མ་རངས་པའི་སྒོ་ནས་ཕུན་དར་གྱིས་དེ་ལྟར་བཤད་པ་ན།བྱམས་སྐྱོང་གིས་བར་འདུམ་གྱི་ཚུལ་དུ་ཡ།མུ་མཐུད་དུ་ཤོད་དང་།མཐོ་རླབས་རྗེས་ན་ཡོད་རྒྱུ་རེད་ཅེས་འཛུམ་དམུལ་དམུལ་གྱིས་དེ་ལྟར་བཤད་དེ་ཚང་མས་ཚེ་རྡོར་གྱི་ཅི་བཤད་ལ་སྒུག
བུད་མེད་དེའི་ཨག་སྐད་ཀྱིས་ང་ལ་བསམ་གཞིགས་ཀྱི་ཀློང་དུ་དྲངས།དེ་ནི་རྒྱུས་ཡོད་ཀྱི་ཨག་སྐད་ཅིག་ཡིན་པ་རེད།ཨག་སྐད་དེ་སུ་ཞིག་ཡིན་མིན་ལ་བལྟ་ཆེད།ང་ཨག་སྐད་མཆེད་སའི་སྒོ་ཁར་བཅར།སྒོ་ལ་རྣ་བ་གླན་ཏེ་ཉན་ཚེ།དེ་ནི་འུ་འཛིན་གྲྭའི་འབྲུག་མོ་དང་འདྲེ་རྐང་ཐང་གཉིས་རེད།འདྲེ་རྐང་ཐང་གིས་ཁོའི་རེ་བ་སྐོང་དགོས་པའི་འདོད་བློ་སྟོན་བཞིན་འདུག།མཚམས་ཤིག་ལ་འབྲུག་མོའི་ངུ་ཟུག་ངའི་ཡུ་གུར་མའི་ངུ་ཟུག་དང་འདྲ་བར་མགྲོན་ཁང་དེའི་བར་གསེབ་ཏུ་མཆེད་བཞིན་འདུག།ངུ་ཟུག་དེ་མཚམས་ཆད་མེད་པར་འབྱིན་ལ།མཚམས་རེར་འུ་ཐུག་གི་ངུ་ཟུག་ཅིག་དང་འདྲ།དེའི་དགོང་མོར་འདྲེ་རྐང་ཐང་གིས་འབྲུག་མོ་ལ་བཅའ་རྒྱོ་བཅས་ཐལ་ཡ་ཞེས་གཟབ་གནན་དང་ཚིག་ཉམས་དོད་པོའི་སྒོ་ནས་བཤད་མ་ཐག།བྱམས་སྐྱོང་ཡུད་ཙམ་ལ་བླ་འཁྱམས་པ་ལྟར་ཧད་ནས་འདུག།
  བྱམས་སྐྱོང་གི་བློ་སྙིང་ལ་ལྕགས་གསིར་རྒྱགས་པ་ལྟ་བུའི་ན་ཟུག་འཕྱུར་ལ།ན་ཟུག་དེའི་དབང་གིས་སིལ་ཁུ་དང་སྦུ་རག་གི་དབྱེ་བ་མེད་པར་གང་འདོད་ཀྱིས་ལག་ཏུ་ཡོང་ཚོད་འཐུང་གིན་འདུག།མཚམས་ཤིག་ལ་བྱམས་སྐྱོང་བཟི་སོང་བ་ལོས་ཡིན་ཏེ།ཅོག་ཙེར་ཐལ་ལྕག་གིས་བསྣུན་ནས་ཅི་ཞིག་ལ།ཅི་ཞིག་ལ་ཞེས་ཆང་དམ་ཞིག་ལག་ཏུ་བཟུང་ནས་མགོ་བོ་སྨད་ནས་དེ་ལྟར་བཤད།སློབ་གྲོགས་དག་གིས་ཀྱང་རང་རང་གི་ས་ནས་སྡུག་དམེ་འདྲ་བ་ཞིག་འདོན་ཞོར།བྱམས་སྐྱོང་།ཡིད་མ་སྡུག།བུད་མེད་ལ་ལོངས་སྤྱོད་བྱེད་པ་ལས།ཚེ་གང་གི་ཡིད་ཆེས་གཏོད་མི་ཉེན།ཞེས་སེམས་གསོ་ཡི་བཟི་གཏམ་བཤད་ཀྱིན་ཡོད།
  སྐྱོ་གདུང་གི་སྒྲ་དབྱངས་ཤིག་སྔར་ལྟར་གྲག་གིན་ཡོད་ཀྱང་།སྦུ་རག་གི་ཤེལ་དམ་ཅོག་ཙེ་སྣར་མོ་དེའི་གོང་འོག་བར་གསུམ་དུ་གཡས་ལོག་གཡོན་ལོག་བྱས་ནས་ཡོད་ལ།མི་དྲུག་པོའང་འབོལ་ཁྲིའི་ངོས་ཟུར་གང་རུང་དུ་གཡས་ལོག་གཡོན་ལོག་བྱས་ནས་ཡོད།ལ་ལས་སྔུར་བ་རེ་འཐེན་གྱིན་ཡོད།ལ་ལས་བཟི་གཏམ་ཐན་ཐུན་རེ་བཤད་ཀྱིན་ཡོད།ཁོ་ཚོས་དེ་ལྟར་ནམ་རོལ་སོང་།
  ཕྱི་ཉིན་གྱི་སྐྱ་རེངས་གྲག་པའི་དུས་སུ།བྱམས་སྐྱོང་དེ་དག་གི་གྲས་ནས་བཟི་འཁྱོར་གྱིས་འབྲུག་མོའི་གན་དུ་སོང་།འབྲུག་མོ་ཅུང་ཙམ་ཁོང་ཁྲོ་ལངས་ཡོད་པ་འདྲ།བྱམས་སྐྱོང་ལ་ཁ་ཡ་མ་བྱས་པར་ཁ་ཕར་འཁོར་ནས་འདུག།དེ་ནི་མདང་དགོང་ཁོ་མོ་འགྲོ་འདོད་ཀྱང་མ་ཁྲིད་པས་རེད།ཡང་ན་ཚེ་རྡོར་གྱིས་ཡོད་ཚད་བཤད་པར་དོགས་པ་རེད།དོགས་སྣང་དེས་འབྲུག་མོ་མདང་དགོང་གཉིད་ཀྱང་མ་ཁུགས།
  བྱམས་སྐྱོང་གི་ངོ་མདངས་སྐྱ་བོར་གྱུར་ཡོད་ལ།ལུས་ཀྱང་དེ་འདྲ་ཆགས་ཐུབ་ཀྱིན་མེད་པར།ཁྱོད་ཀྱིས་ང་མེད་ཤུལ་ནས་ཅི་ཞིག་བྱས་པ་ཡིན།ཁྱོད་ཀྱིས་དྲང་མོར་ཤོད་ཅེས་འབྲུག་མོ་ལ་མཛུབ་མོ་ཀེར་ཏེ་སྐད་ལོག་འདྲ་བ་ཞིག་བྱས།འབྲུག་མོས་ཡང་ཚེ་རྡོར་གྱིས་བཤད་པ་ཤེས་པས།ཚེ་རྡོར་གྱི་སྟེང་དུ་ཁོང་ཁྲོ་གནོན་མི་ཐུབ་པ་ཞིག་ལངས་བཞིན་ཡོད་པས།ད་ནི་འབྲུག་མོ་ཁོང་ཁྲོའི་དབང་དུ་གྱུར་ཏེ་ངག་ནི་འཁྲོལ་གྱིན་མེད་ནའང་།ཅི་ཞིག་བྱེད་རེ།ཅི་ཡང་མ་བྱས་ཞེས་བག་ཟོན་མེད་པར་དེ་ལྟར་སྨོས།
  བྱམས་སྐྱོང་གི་རྣམ་རིག་གསལ་བར་གྱུར་ཞིང་མཆུ་འདབ་ལྷབ་ལྷུབ་སྒོས་འདྲེ་རྐང་ཐང་ཟེར་བའི་བར་ལ་དོན་དག་ཅི་བྱུང་སོང་ངམ།དྲང་མོར་ཤོད།དོན་དག་དེ་འདྲ་ཞིག་བྱུང་ཡོད་ལ་མེད་ཅེས་འབྲུག་མོ་གཅར་ལ་ཁད་ཅིག་བྱས།འབྲུག་མོ་ནོངས་སེམས་དེའི་དབང་གིས་ལྷོད་པོར་གྱུར་ཏེ་ང་འཆུགས་སོང་།ང་ནུས་མེད་རེད་ཅེས་མལ་ཁྲི་རུ་ཙོག་སྟེ་ངུ་ཤུམ་བྱེད་མགོ་བརྩམས།
  བྱམས་སྐྱོང་གིས་རང་ཚུགས་མི་བརྟན་པའི་ཁོ་མོར་བལྟས་ཀྱིན་བལྟས་ཀྱིན་བརྩེ་དུང་ལ་ཡིད་ཆེས་མེད་པའི་མིག་ཆུ་ཤོར་ཞིང་།གསོན་པ་ནི་སྡུག་བསྔལ་གྱི་དམྱལ་ཟངས་ཤིག་ཏུ་བལྟས་ཏེ།ཅི་ཡང་མ་བཤད་པར་ཕྱི་རོལ་དུ་ཤ་ལེར་རྒྱུགས་སོང་།ཏག་ཏག་ཉིན་གུང་ལ་ནུབ་བྱང་མི་རིགས་སློབ་གླིང་དུ་གསར་འགྱུར་ཞིག་རྒྱུ་བཞིན་འདུག།དེ་ནི་མི་ཞིག་རིག་ཚན་ཐོག་ཁང་གི་ལྔ་ཐོག་ནས་ལྕེབས་པ་དེ་རེད།སྡེ་ཁག་དང་སློབ་གླིང་གིས་མི་དེ་ནི་འཛིན་གྲྭ་གང་གི་ཡིན་པ་དང་སུ་ཞིག་ཡིན་པ་དབྱེ་འབྱེད་ཐུབ་ཀྱིན་མེད་པར།ཡུལ་ཡུལ་བོར་གྱུར་འདུག།སྤྱི་བདེ་མི་སྣས་བཀོད་འདོམས་ཀྱིས་སྨན་ཁང་དུ་ཁྲིད་དེ་མྱུར་སྐྱོབ་བྱས།མྱུར་སྐྱོབ་བྱས་པའི་མཇུག་འབྲས་ལྟར་ན་སྨན་ཁང་དུ་ཡོང་ནས་སྐར་ཉི་ཤུའི་བར་དུ་ད་རུང་ནང་སྲོག་ཆད་མེད་པས་དབུགས་ཅུང་ཙམ་ཡོད་ལ།ཡིན་ན་ཡང་ལུས་ཕུང་གི་ཕྱི་ངོས་ལ་སྐྱོན་མི་འདུག་ཀྱང་ནང་ཁོག་གི་གློ་སྙིང་སོགས་རྨང་ནས་གས་པར་བྱས་འདུག་པས་ད་ནི་མ་འཚམས་ཐལ་ཞེས་སློབ་གླིང་ལ་བཤད།ཏག་ཏག་དུས་འདིར་ཚེ་རྡོར་དང་མི་བཞི་དབུགས་ཧལ་ཧལ་གྱི་སྨན་ཁང་དུ་ཐོན་བྱུང་།ཚེ་རྡོར་གྱི་མིག་ཁ་ནས་ནོངས་འགྱོད་ཀྱི་མིག་ཆུ་ཞིག་དང་བརྩེ་ཞེན་གྱི་དབུགས་རིང་ཞིག་ཀྱང་ཤོར་སོང་།
  ཚེ་རྡོར་ནི་དེ་ལྟར་ལྔ་ལམ་མ་ཡིན་པའི་ལྔ་ལམ་དུ་བུད་སོང་།འབྲུག་མོས་རང་ཉིད་ཀྱི་བྱས་པ་དང་འདས་ཟིན་པའི་བརྩེ་དུང་གི་མཚར་ཉམས་ལ་ཕྱིར་དྲན་བགྱིས་ཏེ།བཟོད་མི་ཐུབ་པའི་བརྩེ་དུང་གི་ན་ཟུག་ཁུར་དུ་ལེན་དགོས་སོང་།ད་ལྟ་ཁོ་མོ་ལ་མིག་ཆུ་མི་འདུག་པར་མལ་ཁང་དུ་ཁེར་ཧྲང་གི་རྨི་ལམ་རྨི་བཞིན་ཡོད།
  ཉིན་གུང་གཟིར་ནས་ཡོད་ཀྱང་།སློབ་གྲོགས་གསུམ་པོ་མལ་ཁང་དུ་མ་ཡོང་བས།མལ་ཁང་ནི་སྔར་ལྟར་ལྷིང་འཇགས་སུ་གནས་གྱུར་བས།འབྲུག་མོ་མལ་ཁྲི་རུ་འཕག་ཙམ་བྱེད་ཞོར།འོ་འཛིན་ཟུང་ལྷེམ་ལྷེམ་དུ་འགུལ་བཞིན་འདུག།རྨི་ལམ་དུ་བྱམས་སྐྱོང་བསྐྱར་དུ་གསོན་པར་དགའ་བ་སྟོང་ཕྲག་སྐྱེས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།བྱམས་སྐྱོང་ནི་ཚེ་གང་གི་མདུན་མར་གཏན་འཁེལ་བྱས།མཚམས་ཤིག་ལ་རང་ཉིད་ལ་མངལ་ཆགས་ནས་བྱིས་པ་ཞིག་སྐྱེས་ཡོད།དེ་ནི་ཕལ་ཆེར་ལོ་ལྔ་དྲུག་ཅན་ཞིག་རེད།མཐར་ཕྱིན་སོང་བས།འབྲུག་མོས་བྱམས་སྐྱོང་དང་བྱིས་པ།མཐར་ཕྱིན་འཛིན་ཡིག་བཅས་ཁྲིད་ནས་ཕ་ཡལ་དུ་གཟི་བརྗིད་ཀྱིས་འགྲོ་བའི་སྣང་བ་འཆར་གྱིན་ཡོད།
  ཕར་ལ་སློབ་གྲྭར་འགྲོ་དུས།།
  རང་ཉིད་གཅིག་པུ་སོང་ཡང་།།
  ད་ལྟ་ཡུལ་ལ་ཡོང་དུས།།
  མི་མགོ་གསུམ་རང་ཡོད་སོང་།།
  ཞེས་ཡིད་ཚིམ་པའི་འདོད་པ་པ་ཞིག་ལས་གློ་བུར་དུ་ཁྱིམ་གྱི་སྒོ་ཁར་ཐོན།ཨ་མས་སྒོ་ཁ་ན་རང་ཉིད་ཀྱི་བུ་མོ་ཡོད་པ་མཐོང་།བུ་མོའི་གན་དུ་ངོ་མདངས་དཀར་ཞིང་སྐྲ་ལོ་ནག་ཅིང་འཁྱུགས་པ།གྲལ་འགྲིག་པའི་སོ་ཕྲེང་ལས་འོད་མདངས་མཆེད་པའི་རང་ཉིད་ཀྱི་ཁྱོ་ག་ཞིག་ལོས་ཡིན་འདོད་པའི་གསར་བུ་ཞིག་དང་།གསར་བུ་དེའི་མདུན་དུ་ཁོ་གཉིས་ཀྱི་ཤ་ལས་མཆེད་པའི་བུ་ཕྲུག་ཅིག་ལོས་ཡིན་འདོད་པའི་བྱིས་པ་ཞིག་ཡོད།བྱིས་པ་དེའི་ལག་ཏུ་མཐར་ཕྱིན་འཛིན་ཡིག་ཅིག་བཟུང་སྟེ་རང་ཉིད་ལ་བལྟས་འདུག་པ་མཐོང་འཕྲལ།ས་སྟེགས་སུ་ཞོག་ཁོག་གཙབས་བཞིན་པའི་ལས་ནི་མཚམས་བཞག་སྟེ་ཧང་སངས་པའི་ངང་ནས་དལ་བུར་ཡར་ལ་ལངས་པའི་རྨི་ལམ་ཞིག་རྨིས་ཀྱིན་འདུག
སློབ་གྲོགས་གསུམ་པོ་ཕྱི་དྲོའི་སློབ་ཐུན་གྲོལ་ནས་སླེབས་བྱུང་བས།འབྲུག་མོ་གཉིད་ལས་དཀྲོགས་སོང།འབྲུག་མོ་འཕག་ཙམ་བྱས་ཏེ་དལ་བུར་མིག་ཟུང་ཕྱེས་ཏེ་གྱང་ངོས་སུ་སྦྱར་ཡོད་པའི་འདྲ་པར་དེར་བལྟས་ནས་འདུག།འདྲ་པར་དེ་གསལ་ལ་མི་གསལ་བའི་ངང་མོག་པོར་གྱུར་ཞིང་མཚམས་རེར་མིག་ཆུ་རྡོག་པོ་ཞིག་ཏུ་གྱུར།
                           2012.5.7ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་ཆེན་པ་འབྲུག་མོ།

2012-05-22 རྐང་ཐང་བ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།