B.Lཡི་ལས་དབང་།༣

          ༣   དྭ་ཕྲུག་གི་འཚོ་བ།
   “ངའི་ཕ་ཡུལ་ནི་སྔོན་ཆད་འདི་འདྲའི་སྐྱ་ཐིང་ཐིང་དང་སྐྱོ་ལྷང་ལྷང་ཞིག་ག་ལ་ཡིན། སྟོད་ན་རྟ་ནོར་ལུག་གསུམ་འཚོ་སའི་སྤང་རི་དང་། སྨད་ན་གྲོ་ནས་སྲན་གསུམ་སྐྱེས་སའི་ཞིང་ས། བར་དུ་ཙོང་སྒོག་ཀེའུ་གསུམ་སྐྱེས་སའི་ཚོད་གྲྭ་དང་སིལ་སྡོང་སྣ་ཚོགས་ཀྱིས་བརྒྱན་པའི་སིལ་ར་ཡོད། སྟོན་དུས་སུ་རྒྱང་ནས་བལྟས་ན། གཡུ་ཡི་གཞོང་པ་ཞིག་དང་འདྲ་བས་གནའ་མི་རྒན་པོས་སྡེ་པའི་མིང་ལ་གཡུ་གཞོང་ཞེས་བཏགས་པ་རེད། སྔོན་ཆད་ངེད་སྡེ་པའི་གསར་རྒོད་ཚོས་ཉག་ཕྲན་མདའ་ཡིས་དགྲ་ཚོགས་ཆམ་ལ་ཕབ་མྱོང་། ལྷག་པར། མ་ཇག་གི་དམག་དཔུང་ལ་འདེད་ལུང་འདེད་བྱས་པའི་ལོ་རྒྱུས་ཡོད་མོད། ད་མང་པོ་མང་པོ་མི་བཤད། བཤད་ཀྱང་ཁྱོད་ཚོའི་རྣ་ལ་མི་འགྲོ  ཨ་ཁུ་རྟ་མགྲིན། ཁྱོད་ཀྱི་ཕལ་ཆེར་ངའི་ཕ་དྲིན་ཆེན་པོ་ཤེས་རྒྱུ་རེད།   ང་ཚོའི་ཡུལ་འདིར་ཁོ་མ་གཏོགས་སྟོད་རྒྱ་གར་གྱི་ཚོང་ཟོང་སྨད་ལ་འདྲེན་མཁན། སྨད་རྒྱ་ནག་གི་དར་གོས་སྟོད་ལ་བསྐྱལ་མཁན་མེད་ཟེར་བ་བདེན་ནམ”ཞེས་ཨ་ཁུ་རྟ་མགྲིན་ལ་འཁོར་ནས་དྲིས།
  ཨ་ཁུ་རྟ་མགྲིན་གྱིས“ཨོ། ལོས་བདེན། ཁོ་ནི་སྐབས་དེར་མིང་དུ་གྲགས་པའི་ཨ་མདོ་ཚོང་དཔོན་ཟེར་བ་དེ་རེད། ཡིན་ཡང་། ཁྱོད་རང་ཉིད་ལ་ལྟོས་དང” ཟེར་བཞིན་མགོ་བོ་འཕྲེད་དུ་གཡུག་གཡུག་ བྱས།
  ཨ་ཁུ་B.Lཡིས་མཛུབ་བར་གྱི་དུ་ཐལ་སྤུག་སྤུག་འགའ་བྱས་རྗེས“ང་རང་ལོ་དྲུག་ལ་འབུད་རེག་བར་དུ། ངེད་ཚང་ལ་འབྲུ་རིགས་སྣ་ལྔའི་ལོ་ལེགས་བྱུང་ཞིང་། ཕྱུགས་ཀྱི་འཕེལ་ཁ་དང་རྒྱུ་ནོར་ལོངས་སྤྱོད་རྒྱས་ཏེ་ནང་བཀྲ་ཤིས་ཤིང་ཕྱི་དོན་འགྲུབ་པ་ཞིག་མོད། མི་རྣམས་ཀྱི་བསོད་ནམས་ཟད་དེ་སྙིགས་མ་ལྔ་བདོ་ཞེས་པ་ཐོན་པ་ལོས་ཡིན། ང་བརྒྱད་ཅེས་པ་ཁྱོད་ཚོའི་གོ་མྱོང་ཡོད་རྒྱུ་རེད།  ང་རང་ལོ་དྲུག་ལ་ལོན་པའི་༡༩༥༨ལོ་ནས་ལས་འགུལ་སྣ་ཚོགས་བསླངས། ཕྱུག་པོ་ལ་ཞིང་བདག་དང་ཕྱུགས་བདག ཡོན་ཏན་ཅན་དང་ཆོས་པ་ལ་ལྷ་འདྲེ་རྨོངས་དད་དང་གསར་བརྗེ་ངོ་ལོག་པ། མི་དམངས་ཀྱི་བཤུ་གཞོག་པ་ཞེས་མ་ཉེས་ཁ་གཡོགས་བྱས་ཏེ་སྐྱེས་བུ་ཆེ་ཆེ་དྲག་དྲག་ཐམས་ཅད་ལྔ་ལམ་དུ་བརྫངས། དེ་མ་ཟད་ད་དུང་ཆོས་དཔེ་དང་ཐང་ག  ལྷ་སྐུ་དང་ཆོས་ཁང་སོགས་ང་ཚོ་སྡེ་པར་ཡོད་པ་ཐམས་ཅད་བསྲེག་བཅོམ་འཕྲོག་གསུམ་བྱས། སྐབས་དེར། ང་ཚོའི་མགོ་ཐོག་ཏུ་ཉི་མ་དམར་པོ་ཞིག་ཤར། ངོ་མ་གློག་བརྙན་ནང་གི་དགྲ་དམག་གི་ལས་སྲོལ་དང་ཨ་ན་མ་ན་རེད། ད་ལྟ་བཤད་ན་རྣ་བར་འགྲོ་མཁན་གཅིག་ཀྱང་མེད”ཟེར་བཞིན་ཆང་ཉུང་ཙམ་འཐུང་།
  “ལོ་དེའི་དབྱར་ཁའི་དགོང་མོ་ཞིག་ལ། སྔོན་མཆོངས་མི་སྣ་ཚོ་ངེད་ཚང་ལ་ཤོར་ཡོང་སྟེ་ཅི་ཡིན་འདི་ཡིན་མ་ཤེས་པར་ངའི་ཕ་མ་གཉིས་བཙན་གྱིས་འཁྲིད། ཨོ། སྔོན་མཆོངས་མི་སྣ་ཟེར་བ་ནི་འབྱོར་མེད་གྲལ་རིམ་གྱི་ཁ་སྔ་ལག་སྔ་དག་ལ་གོ སྐབས་དེར་ཁོ་ཚོར་གཅར་རྡུང་སྐོར་གསུམ་དང་བསྲེག་བཅོམ་འཕྲོག་གསུམ་གྱི་དབང་ཆ་ཡོད་པ་མ་ཟད། ཁོ་ཚོས་འབྱོར་ལྡན་གྲལ་རིམ་གྱི་མི་ཞིག་བསད་ཀྱང་དེར་ཁ་ཡ་བྱེད་མཁན་ཞིག་མེད། ངོ་མ་དགོད་སྤྱད་རེད”ཅེས་བཙན་གྱིས་འཛུམ་ཙམ་བྱས།  
  “ཕྱི་ཉིན་སྔོན་མཆོངས་མི་སྣ་ཚོས་ངའི་ཕ་མ་གཉིས་ང་ཚོའི་སྡེ་འདབས་སུ་སྐྱེས་ཡོད་པའི་གསོམ་སྡོང་དེར་བཀྱིགས་རྗེས་དགག་རྒྱག་ཚོགས་འདུ་བསྡུས། ད་ལྟ་སྡེ་མི་ཚོས་གསོམ་སྡོང་དེར་གཅར་སྡོང་ཞེས་འབོད་ལ།  སྡོང་རྒན་དེ་ནི་ལོ་རྒྱུས་ཀྱི་དཔང་པོ་ཞིག་དང་འདྲ་བར་ད་ལྟ་ཡང་ང་ཚོ་སྡེ་པའི་འདབས་སུ་ཀྲོང་ངེར་འགྱིང་ཡོད། སྔོན་མཆོངས་མི་སྣའི་གཏེ་བོ་ནི་མིག་ཡ་གཅིག་ཞར་བའི་མི་ཞིག་ཡིན་ལ། ཁོ་ནི་སྐབས་དེའི་དོན་དག་ཆེ་མ་ཆུང་གསུམ་ཐག་གཅོད་བྱེད་མཁན་ཡིན། ཁོས་ལག་གཡས་པའི་གོང་མཛུབ་ཀྱིས་ངའི་ཕ་མ་གཉིས་ཀྱི་ཐོད་པར་རྔ་ཆུང་རྡུང་བ་ལྟར་བྱས་ཏེ། ཁྱི་ཁྱི་མོ་འདི་གཉིས་ཀྱི་ཚུགས་ཀར་ལྟོས་དང་། ཁྱི་རྒན་འདིས་དངུལ་སྒོར་དང་འབྲུ་རིགས་ཀྱིས་ལོག་བཏང་སྟེ་ང་ཚོ་འབྱོར་མེད་གྲལ་རིམ་ལ་་བཤུ་གཞོག་བྱས། ཁྱི་མོ་འདིས་ང་ཚོ་མི་ལའང་ཟ་རྒྱུ་མེད་པའི་རྩམ་པ་མེར་བསྲེགས། ད་དུང་མཚོན་ཆ་ཡོད་ཀྱང་འདི་གཉིས་ཀྱིས་ནག་ཉེས་ངོས་ལེན་མི་བྱེད་པར་རྩ་བ་ནས་མེད་ཟེར། དེ་ན། ཁྱི་རྒན་ཁྱོད་ཀྱིས་རྒྱ་གར་པུ་རྭ་དེ་དང་རི་པུན་སན་པ་དེ་གཉིས་གང་ལ་འཁྱེར་སོང་བ་ཡིན། ཁྱི་མོ་ཁྱོད་ཀྱིས་རྒྱ་གར་ནས་བླུས་ཡོང་བའི་བཀའ་བསྟན་དང་ལི་སྐུ། ད་དུང་གཟི་དང་བྱུ་རུ། གསེར་དངུལ་གྱི་རྒྱན་ཆ་དེ་དག་གང་ལ་འཁྱེར་སོང་བ་ཡིན་ཟེར་བཞིན།  ཕ་མ་གཉིས་ཀྱི་ཁོག་སྟོད་དམར་རྗེན་དུ་ཕུད་དེ་འབྲེང་གྱོང་གིས་གྲངས་མེད་གཞུས།  མི་ཤ་རློན་པའི་གསེབ་ནས་ཆུ་རྡུལ་ལྟ་བུ་ཞིག་འཕྱུར་རྒྱུ་ཡོད་པ་ངའི་དེའི་དུས་གསལ་པོར་རིག་མྱོང་། རྔུལ་ཁྲག་ཁྲོམ་ཁྲོམ་དུ་བཞུར་བའི་ངའི་དྲིན་ཆེན་ཕ་མ་གཉིས་ལ་ཉིན་གང་པོར་འདྲི་གཅོད་དང་གཅར་རྡུང་ཅི་འདྲ་བྱས་ཀྱང་། ཁོ་ཚོས་བཤད་པའི་དངོས་པོ་དེ་དག་ང་བརྒྱད་མ་ཐོན་པའི་ཡར་སྔོན་ལ་རྩིས་སྤྲད་ཟིན་པས་ངོས་ལེན་ཅི་ཞིག་བྱེད། ཉིན་དེའི་མེ་ལྟར་འབར་བའི་ཉི་འོད་དང་རླུང་ལྟར་གཡོ་བའི་མང་ཚོགས་ཀྱི་ཁ་རླངས་བར་དུ་ངའི་ཕ་མ་གཉིས་ནི་རྔུལ་ཁྲག་གིས་བཀྲུས་པ་དང་ཡོངས་སུ་མཚུངས། ཁོ་ཚོས་འཐབ་རྩོད་ཡིད་ཚིམ་པ་ཞིག་བྱས་རྗེས་ཕྱིར་མ་ཎི་ཁང་དུ་འཁྲིད། དགོང་མོ་དེར་ངས་ཕ་མ་གཉིས་ཕྱིར་ཡོང་བར་བསྒུགས་ཏེ་ནམ་ལངས་པ་ན། ཁོ་ཚོས་ངའི་ཕ་མ་གཉིས་ཀྱི་བེམ་པོ་ངེད་ཚང་ལ་བསྐྱལ་ཡོང་། ཚ་ཐབ་སྟེང་བསྙལ་བའི་བེམ་པོ་གཉིས་ནི་ངའི་ནམ་ཡང་བརྗེད་ཐབས་བྲལ”ཨ་ཁུ་B.Lཡི་མགོ་ལ་ན་ཟུག་བཟོད་གླགས་མེད་པ་ཞིག་བྱུང་བ་ཇི་བཞིན་གཡུག་གཡུག་འགའ་བྱས།
   ཁོས་ཡང་བསྐྱར་དུ་རྐང་གཅིག་ལ་མེ་བསྒྲོན་རྗེས“ཁོ་ཚོའི་ཁ་ཤས་ཀྱིས་བཤད་ན། ནད་བྱུང་སྟེ་ཤི་སོང་ཟེར། ལ་ལས་བཤད་ན། བཙོན་ཁང་དུ་འཁྲིད་རྒྱུ་ཡིན་པ་ཚོར་ཏེ་མཉམ་དུ་རང་སྲོག་བཅད་པ་རེད་ཟེར། དོན་དངོས་སུ་གཅར་རྡུང་བྱས་ཏེ་བསད་པ་ཁོང་གཉིས་ཀྱི་ལུས་སྟེང་གི་རྨ་ཁ་ལས་ཤེས་ཐུབ། གང་ལྟར་ངའི་དྲིན་ཆེན་ཕ་མ་གཉིས་ཁོ་ཚོའི་མནར་གཅོད་འོག་སྙིང་གི་བུ་ཆུང་ང་བསྐྱུར་ཏེ་བུད་སོང་། སྐབས་དེར། ང་རང་ལོ་དྲུག་རེད། ལོ་དྲུག་ཅན་གྱི་བྱིས་པ་ཞིག་ལ། ཕ་མ་གཉིས་ཤི་སོང་ཟེར་ན་རྣ་བར་ག་ལ་འགྲོ ངའི་སེམས་སུ།  ནམ་ཞིག་གི་ཚེ་ཕ་མ་གཉིས་གཉིད་ལས་སད་ཡོང་འདོད་དེ”ཟེར་གྱིན་མ་མཁལ་ལ་སོ་བཏབ་ཏེ་གསང་སྟབས་ཀྱིས་བཞུར་ལ་ཉེ་བའི་མིག་ཆུ་ཕྱིས།  
  ཨ་ཁུ་རྟ་མགྲིན་གྱིས་མྱུར་དུ“སེམས་མ་སྡུག སྐབས་དེར་དགུང་ཉི་མ་འདྲ་བའི་བླ་མ་དང་ཟླ་བ་འདྲ་བའི་དཔོན་པོ་གང་མཐོ་གང་ལེགས་ཀྱང་མི་དེ་དག་གིས་རྐང་བརྫིས་ལག་བརྫིས་བྱས་པ་རེད།   ཁོ་ཚོ་རང་ཡུལ་ནས་འཆི་ན། མ་མཐའ་ཡང་རང་ལུས་འདོམ་གང་པོར་བདག་གཉེར་བྱེད་མཁན་ཡོད་པ་རེད། ངའི་ཕ་དྲིན་ཆེན་པོ་ལ་མཚོན་ན།  ཚྭ་འདམ་གཞུང་གི་བཙོན་ཁང་ནས་མེད་སོང་ཟེར་བ་ལས་བེམ་པོ་གང་དུ་ཡོད་མེད་ཀྱང་མ་ཤེས་པ་རེད། ༡༩༨༠ལོར་གོང་རིམ་པས་ནག་ཉེས་བཀར་འདོན་བྱས་ཏེ་ངེད་ཚང་ལ་སྒོར་ཉིས་བརྒྱ་བྱིན། མི་ཞིག་གི་རིན་གོང་སྒོར་ཉིས་བརྒྱ་རེད། ད་ལྟ་ལུག་གཅིག་ལའང་སྒོར་ཅི་ཙམ་རེད།  ངོ་མ་སྙིང་ན་བ་ཞིག་ཡིན་མོད།  སྐབས་དེའི་དོན་དག་རེད”ཅེས་སྔོན་ཆད་ང་ཚོ་ལ་བཤད་མ་མྱོང་བའི་གནས་ཚུལ་ཡིད་སྐྱོ་བ་དེ་བཤད།   
  ཨ་ཁུ་རྟ་མགྲིན་གྱིས་ལག་གཡས་པས་ཐོད་པར་བྱིལ་བྱིལ་འགའ་བྱས་ལ། ལག་གཡོན་པས་ཕྲེང་བ་མྱུར་འདྲེན་བྱེད་པར་བརྟགས་ན། ཁོའི་སེམས་སུའང་བཟོད་གླགས་མེད་པའི་སྡུག་བསྔལ་ཞིག་ཡོད་པ་རྟོགས་ཐུབ།   
  ཨ་ཁུ་B.Lཡིས་ཆང་དཀར་དུ་ཆང་ཕྱེད་ཙམ་བླུགས་ཏེ“དྲིན་ཆེན་ཕ་མ་གཉིས་ཕྱི་མར་གཤེགས་ཏེ་ལོ་གཉིས་འགོར་རྗེས་ངེད་ཚང་གི་རྒྱུ་ནོར་ཡོངས་གཞུང་བཞེས་བྱས་ལ། ལས་ངན་ངའི་ད་ཕྲུག་གི་འཚོ་བ་ཡང་རོལ་འགོ་ཚུགས། ང་རང་ལོ་དྲུག་ནས་བཅུ་དགུ་བར། ཁ་སང་བུ་བཅོལ་ཁང་དང་སློབ་གྲྭར་སོང་ན། དེ་རིང་ཕྱུགས་རྫིར་འགྲོ་བ་དང་སང་ཉིན་ངལ་རྩོལ་ལ་ཞུགས་དགོས།  ཁ་སང་དགེ་རྒན་དང་སློབ་གྲོགས་ཀྱིས་སྡིགས་དམོད། དེ་རིང་སྡེ་མི་དང་ན་ཟླ་ཡིས་གཅར་རྡུང་།  སང་ཉིན་སྡེ་དཔོན་དང་ལས་རོགས་ཀྱིས་བརྙས་བཅོས་རྐྱང་རྐྱང་ཉོས་ཏེ་ལྟོགས་གྲང་ངལ་གསུམ་གྱི་སྡུག་བསྔལ་ནི་ལུས་དང་གྲིབ་མ་བཞིན་དུ་ང་དང་འབྲལ་མེད་ཡིན། དེ་འདྲའི་ཡ་ང་བའི་ཁོར་ཡུག་ནས་ང་རང་
རིམ་བཞིན་ནར་སོན” ཞེས་ཆང་ཉུང་ཙམ་འཐུང་།
  ཨ་ཁུ་རྟ་མགྲིན་དང་ཨ་ཁུ་B.Lགཉིས་ཀྱི་བཤད་ཚུལ་ལ་བརྟགས་ན། ལོ་ལོན་ཚོས་རྒྱུན་དུ་ཁོ་ཚོ་ནི་བསྐལ་བ་གསར་རྙིང་གཉིས་ཀྱི་མི་རེད། ད་སྐབས་སྲིད་ཇུས་བཟང་ནི་རེད། ང་ཚོའི་ཡུལ་ཁམས་ཆུང་ཆུང་ལག་མཐིལ་ལྟ་བུ་འདི་ནས་ཀྱང་༡༩༥༨ལོ་ནས་༡༩༧༧ལོའི་བར་ལྟོགས་སྐོམ་དང་གཅར་རྡུང་། མནར་གཅོད། རང་སྲོག་བཅད་པ་སོགས་བགྲང་གིས་མི་ལངས་ཞེས་བཤད་པ་དེ་དག ལྷད་མེད་ཀྱི་བདེན་གཏམ་ཡིན་པ་ལས་སྐྲག་བསླང་བྱེད་ཀྱི་གཏམ་རྒྱུད་ཅིག་མིན་པ་ཤེས་ཐུབ།
  “ང་རང་ལོ་ཉི་ཤུ་ལ་ཐོན་པའི་༡༩༨༠ལོའི་ལོ་སྟོད་ལ། ངའི་ཨ་ཞང་གིས་ང་རང་ཐོས་བསམ་དགོན་པར་བསྐྱལ། ཡིན་ཡང་། ངའི་ཕ་མ་གཉིས་གཞན་གྱིས་བསད་པ་ནས། ངའི་སྒོ་ཞིང་དང་སྒོ་ཟོག རྒྱུ་ནོར་ཡོད་ཚད་བཙན་གྱིས་འཕྲོག་པ་ནས། ངའི་མི་གཞན་གྱི་བརྙོས་བཅོས་ཉོ་ཐེངས་རེར། ངའི་ལྟོགས་གྲང་ངལ་གསུམ་གྱི་སྡུག་བསྔལ་མྱོང་ཐེངས་རེར།  ངས་དམག་རྩལ་འགྲན་ཟླ་མེད་པ་ཞིག་སྦྱངས་དགོས་སྙམ་པ་ལས། དགེ་བའི་ལས་ཤིག་སྒྲུབ་རྒྱུ་སེམས་ལ་ཡང་དྲན་མ་མྱོང། ངས་དམག་རྩལ་བཟང་པོ་ཞིག་མེད་ན་རང་ལུས་ཀྱང་རང་ལ་མི་དབང་བའི་བསམ་ཚུལ་ཨ་ཞང་ལ་ཡང་ཡང་བཤད་ཀྱང་། ཨ་ཞང་གིས་མར་ལོག་བསྟན་པའི་དགྲ་བོ་རེད། ཁྱོད་མར་ལོག་ཅིག་བྱ་ན། ངེད་ཚང་ལ་གོམ་གང་སྤོ་ས་དང་ངེད་ཚང་ནས་ཆུ་ཧུབ་གང་འཐུང་ས་ཡང་མེད། ཡོད་ན་དཀོན་མཆོག་གསུམ་པོ་ཞེས་ཚིག་སྟེང་མནའ་ཡིས་མནན། དེའི་ཕྱིར། ངའི་རེ་འདོད་དེ་ཆུ་རླབས་འཇགས་པ་བཞིན་དལ་ཅག་གེར་དགོན་པ་ནས་འདུག་དགོས་བྱུང་།”
  ཁོས་དུ་བ་རྔམ་འཐེན་འགའ་བྱས་རྗེས་དངན་པ་རིང་བོ་ཞིག་ཤོར། དུ་ཆང་གི་དྲི་མས་སྦགས་པའི་དངན་པ་རིང་མོ་འདི་ཡི་ནང་དུ། དྭ་ཕྲུག་དང་གཡོག་ཕྲུག  གླེན་ཕྲུག་དང་གདོན་ཕྲུག ཁྱི་ཕྲུག་དང་མུག་ཕྲུག འདྲེ་ཕྲུག་དང་སྤྲང་ཕྲུག་སོགས་ཁོའི་ལུས་ཀྱིས་ཀྱང་ཐེག་དཀའ་བའི་མཚང་མིང་འདི་དག་འདུས་ཡོད་པ་སུ་ཞིག་གི་ཤེས་སམ།  
   
        ༤  གྲྭ་པ་ཡི་ཁེ་ཚོང་།
   “སྤྱིར་དགོན་པ་ནི་ཁ་བཏོན་དགེ་སྦྱོར་དང་རིག་གནས་ཤེས་བྱ་སོགས་སྦྱངས་ཏེ་རང་སེམས་གྱོང་བོ་འདུལ་བའི་གནས་ཁྱད་པར་བ་ཞིག་ཡིན་མོད། ང་ལ་མཚོན་ན། མདོ་གདུགས་སྒྲོལ་གསུམ་གཙོ་བྱས་པའི་གྲོང་ཆོག་གི་འདོན་པ་སྣ་ཚོགས་བློར་བཟུང་ཞོར་དུ་སྡོང་དུམ་དང་། རྡོ་ཕ་བོང་སོགས་ཡར་འགྱོག་མར་ལེན་བྱས་ཏེ་ཤེད་ཤུགས་དང་ལུས་རྩལ་སྦྱངས་པ་ཡིན། དེ་ལྟར་དགོན་པ་ནས་ད་ལྟའི་བར་དུ་བསྡད་ཡོད་ཀྱི་ནའང་ང་རང་ཚད་འདི་འདྲ་ཞིག་ཏུ་ལྷུང་མེད། ཕྱིར་འདང་ཞིག་བརྒྱབ་ན། མི་ཚེ་ནི་རྨི་ལམ་ལྟ་བུ་ཞིག་རེད། མི་ཞིག་ལ་མཚོན་ན། གཙོ་བོ་མི་ཚེ་ཡི་དཀྱོག་མཚམས་རེ་རེ་ནས་འཁྲུལ་མེད་ཀྱི་གདམ་ག་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད”ཟེར་བཞིན་ཆང་ཉུང་ཙམ་འཐུང་།
  “ལོ་གཅིག་ལྷག་འགོར་རྗེས་ཀྱི་༡༩༨༡ལོའི་ཉིན་ཞིག རྒྱ་མི་རྫོང་དཔོན་ཞིག་གི་བཀའ་ལྟར། ང་རང་རྫོང་ཐོག་ཏུ་ཁོ་བསུ་བར་འགྲོ་དགོས་བྱུང་། ཉིན་དེར། ང་རྫོང་ཐོག་ཏུ་ཐོན་དུས། མི་མང་པོས་ གྱང་ངོས་སུ་སྦྱར་བའི་བརྡ་སྦྱོར་ཞིག་ལ་ལྟ་བཞིན་འདུག ང་སོང་ནས་བལྟས་པ་ན་དམག་བསྡུ་བརྡ་སྦྱོར་ཡིན་པས། ངའི་བསམ་ཐོག་ཏུ་ཆར་དང་འདོད་ཐོག་ཏུ་རྟ་རྒྱུགས་པ་མ་ཡིན་ནམ། སྐབས་དེར། དྲང་མོར་བཤད་ན། ཨ་ཞང་དྲིན་ཆེན་ཡིན་རུང་ཚ་བོ་ངས་མ་བརྩིས་པ་རེད། ང་མྱུར་དུ་རྫོང་དཔོན
་ཚང་ལ་སྒོར་མོ་བསྐྱི་རུ་སོང་མོད། རྫོང་དཔོན་གྱིས་སྒོར་མོ་བསྐྱིས་རྒྱུ་ཕར་ཞོག  ཁྱོད་གྲྭ་པ་ཞིག་ལ་སྒོར་མོས་ཅི་བྱེད།  ཁྱོད་ཚོར་དགོས་པ་ནི་ཚེ་ཕྱི་མ་ཡིན་པ་ལས་ཚེ་འདིའི་རྒྱུ་འབྱོར་བ་མ་རེད། ཁྱོད་སོང་སྟེ་ངའི་རྟ་ལ་རྩྭ་ཁ་ཆུ་ཁ་བཟང་བོ་བྱོས། སང་ཉིན་དགོན་པར་འགྲོ་དགོས་ཟེར་བཞིན་སྡིགས་མོ་ཡང་ཡང་བྱས། ངའི་གསར་དུ་འབུས་པའི་དགའ་སྤྲོའི་མེ་ཏོག་དེ་སྐད་ཅིག་ཉིད་ལ་བཅོམས་པས།   བདག་གི་སེམས་པ་སྔར་བཞིན་སྨུག་གིས་ཁེངས་ཏེ་རྟ་ལ་རྩྭ་ཁ་བྱེད་དུ་སོང་།  ངས་རྒྱ་སྲང་ནས་རྫོང་དཔོན་གྱི་ཞོན་རྟ་དཀར་པོ་རྐྱང་འདྲ་བ་དེ་འཁྲིད་ནས་འགྲོ་སྐབས། སྟབས་འགྲིག་ན་སྟག་ལ་ཞོན་ཐུབ་ཅེས་པའི་དཔེ་ལྟར། རྒྱ་ཧྭས་ཤིག་གིས་ཨ་ཁ་བན་དེ། ཁྱོད་ཀྱི་རྟ་བཙོང་རྒྱུ་ཨེ་ཡིན་ཅེས་དྲིས། ངས་གོང་ཆེན་གྱི་རྟ་རེད། ཁྱོད་ཀྱིས་ཉོ་ཐུབ་བམ་ཞེས་བཤད་མོད་རྟ་དེ་བཙོང་འདོད་ཅིག་སེམས་ལའང་མ་དྲན། ཁོས་རྫོང་དཔོན་ཞིག་ལ་ཉོ་བ་ཡིན། རྗོང་དཔོན་དེས་རྟ་དཀར་པོ་ཡིན་ན། གོང་ཆེན་ཡིན་ཡང་སྐྱོན་མེད་ཟེར་བས་སྒོར་མོ་ཅི་ཙམ་དགོས་ཞེས་ཡང་ཡང་དྲིས། སྐབས་དེར་ང་ལ་མཚོན་ན། དམག་ལ་ཞུགས་པར་ཧ་ཅང་བྲེལ་བས་སེམས་གདོན་གྱིས་བསླུས་ཏེ། རྫོང་དཔོན་གྱི་རྟ་ལ་ཉོ་བདག་ཡོད་པ་ནི་ཁོའི་སྐྱེ་བ་སྔོན་མར་ང་ལ་རྟ་ཞིག་གི་དོམ་ཆད་ཡོད་པ་ལོས་ཡིན་སྙམ་སྟེ། སྤོབས་པ་དང་བཅས་ཁྱོད་ཀྱིས་ངའི་རྟ་དཀར་དུང་འདྲ་བ་འདི་བློར་འབབ་ན། ངས་ཀྱང་དཔོན་ཆེན་ཞིག་གི་ལག་ནས་སྒོར་བཞི་བརྒྱ་བྱིན་ཏེ་ཉོས་པ་ཡིན། སྒོར་ཅི་ཙམ་ཁ་སྣོན་རྒྱུ་ཡིན་ནམ་ཞེས་དྲིས། ཁོས་ཡུད་ཙམ་ལ་ཁོག་རྩིས་ཤིག་བརྒྱབ་རྗེས་ཅི་བྱུང་ན་བྱུང་། སྒོར་ལྔ་བཅུ་ཐམ་པ་བསྣན་ཆོག  སྒོར་བཞི་བརྒྱ་དང་ལྔ་བཅུ་ལ་བཙོང་མི་ཐུབ་ན། ད་ངས་ཉོ་མི་ཐུབ་ཟེར། ངས་ཁོ་ལ་ཆོག་གི སྒོར་མོ་ད་སྟེར་དགོས་ཞེས་བཤད་པ་ན། ཁོས་ཀོ་ཁུག་ནས་སྒོར་མོ་ལྔ་ཤོག་ཅན་དགུ་བཅུ་བརྩིས་ཏེ་ང་ལ་སྤྲད། སྒོར་ཅི་ཙམ་ལ་བཙོངས་པ་སུ་ལ་ཡང་མ་བཤད་ཟེར་གྱིན་འཚབ་འཚུབ་ངང་རྟ་འཁྲིད་དེ་བུད་སོང་། དཀོན་མཆོག་གསུམ་པོ། ང་མི་མ་རེད། ངས་སྟོན་པའི་ན་བཟའ་གྱོན་ཏེ་རྫོང་དཔོན་གྱི་རྟ་བཙོངས་པ་རེད”ཅེས་ ཨ་ཁུ་B.Lཡི་གདོང་ལ་འཛུམ་ཞིག་ལངས་ཏེ་མགོ་ལ་འཕྲུག་འཕྲུག་འགའ་བྱས།
  ཁོས་ཡང་བསྐྱར་དུ་རྐང་གཅིག་ལ་མེ་བསྒྲོན་རྗེས“གཞན་གྱི་རྟ་མཆོག་བཙོངས་པའི་རྐྱེན་ཡིན་ནམ། ཤོག་སྒོར་མང་པོ་ལག་ལེན་བྱས་མ་མྱོང་བའི་རྐྱེན་ཡིན་ནམ། གང་ལྟར་ཤོག་སྒོར་དེ་དག་རུམ་ལ་བཅུག་ནའང་ལྗིད་ལྟིག་ལྟིག་གིས་གོམ་པ་གང་ཡང་སྤོ་མི་ཐུབ་པའི་སྣང་བ་ཞིག་སྐྱེས་འོང་། སྐབས་དེར། མི་གཞན་དང་འཕྲད་ན། ཁྱོད་ཀྱིས་རྟ་དེ་གང་ལ་འཁྲིད་སོང་ཞེས་དྲིས་ལོས་ཡོང་འདོད་དེ།  མགོ་བོ་སྒུར་སྒུར་དང་ཉྭ་ལྷེམ་ལྷེམ་གྱིས་རྫོང་དྲག་ཆས་པུའུ་ལ་མིང་ཐོ་འགོད་དུ་སོང་། རྫོང་དྲག་ཆས་པུའུ་ཡི་སྒོ་ཁ་ནས་གསར་རྒོད་ཅིག་ལ་ཐུག ངས་རང་ཉིད་ཀྱི་གྲྭ་ལྭ་གྱོན་ཡོད་པའང་བརྗེད་དེ་ཁོ་ལ་དམག་ལ་ཞུགས་ན་མིང་ཐོ་གང་ནས་འགོད་དགོས་ཞེས་དྲིས་པར། ཁོས་ཁྱོད་གྲྭ་པ་ཞིག་དམག་ལ་ཞུགས་ཏེ་སྨྱོས་པ་ཨེ་རེད། སྟོན་པའི་ན་བཟའ་རྩེད་སྤྱད་བྱས་པ་མ་རེད་དམ་ཟེར་བཞིན་ང་ལ་སྡང་མིག་བགྲད།   ང་ཚོ་བོད་མི་ཞིག་ལ་མཚོན་ན། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ནི་དཀོན་པའི་ནང་གི་མཆོག་ཏུ་གྱུར་པ་དང་ཡང་དག་པའི་ཚད་གཞི་ཡིན་པས། དགེ་འདུན་པ་ཞིག་དམག་ལ་ཞུགས་པ་ནི་བློ་ཡིད་ལས་འགོངས་པ་ཞིག་ཡིན་པས། ཁོས་དེ་ལྟར་བཤད་པར་ཁག་ཅི་ཡོད། ངས་གཉོམ་ཆུང་མི་ལ་རང་ལུས་ཀྱང་མི་དབང་བས་རང་ལུས་སྲུང་ཐུབ་པའི་དམག་རྩལ་ཞིག་མ་སྦྱངས་ན། ཚེ་ཕྱི་མའི་དོན་དག་ཕར་ཞོག ཚེ་འདིའི་འཚོ་བ་ཡང་རོལ་དཀའ་བའི་རྒྱུ་རྐྱེན་སོགས་ཞིབ་ཏུ་བཤད་པ་ན། ཁོ་ཡང་ང་ལྟ་བུའི་དྭ་ཕྲུག་ཅིག་ཡིན་ཅིང་། དམག་ལ་ཞུགས་པར་བྲོས་ཏེ་ཡོང་བ་ཞིག་རེད། ཁོའི་ལྭ་བ་ཡང་ཧྲལ་ཧྲུལ་ཡིན་པས་ངེད་གཉིས་མཉམ་དུ་གྲོང་ལྭ་ཉོ་རུ་སོང་། སྐབས་དེར། དར་ཆེ་བའི་རས་ནི་པ་ན་མ་རེད། ངེད་གཉིས་ཀྱིས་རས་པ་ན་མ་སྔོན་པོའི་གྲོང་ལྭ་ཆ་ཚང་རེ་ཉོས་ཏེ་མགྲོན་ཁང་ཆུང་ཆུང་ཞིག་ཏུ་སོང་།  ངས་དཀོན་མཆོག་གསུམ་པོ། སྟོན་པའི་ན་བཟའ་འདི་ང་ལྟ་བུ་སྡུག་ཅན་ཞིག་གི་གོན་རྒྱུ་མ་རེད་ཅེས་གསོལ་བ་ཡང་ཡང་བཏབ་རྗེས་གྲྭ་ལྭ་ཕུད་དེ་གྲོང་ལྭ་གྱོན།  གྲྭ་ལྭ་ཕུད་མ་ཐག ངའི་སྣང་བར་ཁུར་བོ་ལྕི་མོ་ཞིག་ཕུད་པ་དང་ཨ་ན་མ་ན་རེད། འདི་ལྟར་བཤད་མི་འོས་མོད། གྲྭ་པའི་བསྲུང་བྱའི་ཚུལ་ཁྲིམས་དང་ཆོས་ཁྲིམས་སོགས་མང་པས་ཡིན་རྒྱུ་རེད།”
   ཨ་ཁུ་རྟ་མགྲིན་གྱི་ངོ་མདངས་ལ་ཡུད་ཙམ་བལྟས་རྗེས་མུ་མཐུད་དུ་ཡང་བསྐྱར་ཚིག་རྔ་བརྐྱངས།
  “ཕྱིར་རྫོང་དྲག་ཆས་པུའུ་ལ་སོང་ནས་མིང་ཐོ་འགོད་པ་དང་། ལུས་པོར་བརྟག་དཔྱད་བྱེད་པ་སོགས་ལ་བར་ཆད་ཅི་ཡང་མ་བྱུང་བར་དམག་ལ་ཞུགས་ཐུབ་སོང་། རྒྱུ་མཚན་ནི་གསར་རྒོད་དེའི་ལག་ཏུ་ཀུང་ཧྲེ་ཡི་ཐེབ་རྒྱབ་པའི་ཤོག་སྟོང་ཡོད་ལ། དེའི་སྟེང་དུ་ངེད་གཉིས་ཀྱི་མཚམས་སྦྱོར་ཞུ་ཡིག་བྲིས་ཏེ་སྤྲད་པས་རེད། དེ་མ་གཏོགས་མི་རང་ག་བ་ཞིག་དམག་ལ་ཞུགས་དཀའ། དོན་ཐ་དག་གྲུབ་རྗེས་དམག་དཔོན་ཞིག་གིས་སང་ཉིན་རླངས་འཁོར་ལ་བསྡད་དེ་དམག་ཁུལ་དུ་འགྲོ་དགོས་ཟེར།  སྐབས་དེར། ངེད་གཉིས་ཁྲོམ་སྲང་དུ་སོང་ན། ང་རྒྱ་མི་དང་ཁོ་ཡུལ་མིས་བཟུང་འགྲོ་བས་མགྲོན་ཁང་ནང་དུ་འཛུལ་ཏེ་ཆུང་དུས་ཀྱི་ལོ་རྒྱུས་ཐ་དག་ཞིབ་ཏུ་གླེང་མོལ་བྱས། གླེང་མོལ་གྱི་གོ་རིམ་ཁྲོད་ནས་ཁོ་ནི་བློ་གཏད་ཆོག་པའི་མི་ཞིག་ཡིན་པ་རྟོགས་ཐུབ་པས། ངས་རྗོང་དཔོན་གྱི་རྟ་བཙོངས་པའི་གསང་བ་དེ་ཁོ་ལ་གསལ་པོར་བཤད། ཁོས་དབང་ཅན་དང་རྒྱུ་ཅན་གྱི་དཔོན་ངན་ཚོས་ངེད་གཉིས་ལྟ་བུ་ཁྱི་སར་ཡང་མི་འཇོག་པས། མགོ་བསྐོར་གཏོང་ཐུབ་ན་རེད་ཅེས་སེམས་གཏིང་གི་སྐད་ཆ་ཡོད་ཚད་སྨྲས། གནའ་མི་རྒན་པོས་སྨན་ཁང་གི་ནད་གྲོགས་དང་བཙོན་ཁང་གི་བཙོན་གྲོགས་སོགས་ནི་སྡུག་གྲོགས་ཡིན་པས་ཚེ་གང་གི་གྲོགས་པོར་གྱུར་འགྲོ་ཞེས་པ་ཅི་མ་བདེན། དུས་དེ་ནས་བཟུང་ངེད་གཉིས་ནི་ཚེ་གང་གི་གྲོགས་པོར་གྱུར་པ་རེད། ཕྱི་དྲོ་ཐོན་པ་ན། རྒྱ་སྲང་ལ་ནུབ་འཚལ་འཐུང་དུ་སོང་། ད་ལྟའི་གློག་བརྙན་ཁང་གི་སྔོན་དེར་ཐོན་དུས། རྫོང་དཔོན་དེ་དང་ཉོ་མཁན་རྒྱ་ཧྭས་དེ་གཉིས་འགྲོགས་ནས་ངེད་གཉིས་དང་ཁ་གཏད་དེ་ཡོང་བཞིན་འདུག ངས་མྱུར་དུ་གྲོགས་པོ་ལ་ངས་མགོ་བསྐོར་བཏང་བའི་མི་དེ་གཉིས་ཀན་རེད། ང་ཕྱིར་འབྲོ་ཞེས་འཚབ་འཚུབ་ཀྱིས་སྨྲས་པར། ཁོས་ངོས་ཟིན་དཀའ་ནི་རེད་ཟེར་བཞིན་ངའི་སྔོན་དུ་བུད་དེ་ཟ་ཁང་ཆུང་ཆུང་ཞིག་གི་ནང་དུ་འཛུལ། ང་ལ་མཚོན་ན། ཁོ་གཉིས་ཀྱི་ཤེས་ལོས་འགྲོ་འདོད་དེ་རྐང་ལག་རང་ལ་ཐོགས་མེད་པ་ལྟར་ཟ་ཁང་ནང་དུ་ཇི་ལྟར་ཐོན་པའང་མ་ཤེས། ངེད་གཉིས་ཀྱིས་ཟ་ཁང་གི་སྒེའུ་ཁུང་ལས་ཕྱིར་བལྟས་པར་ཁོ་གཉིས་ཀྱིས་གྲྭ་ལྭ་གྱོན་པའི་ང་བཙལ་བ་ལས། གྲོང་ལྭ་གྱོན་པའི་ང་བཙལ་བ་མིན་པ་ལྟར་གྲྭ་པ་འགའ་ཡོད་སར་བསྙེགས་ཏེ་བུད་སོང་། ངའི་གྲོགས་པོས་ཁྱོད་ཀྱིས་མྱུར་དུ་འཐུང་རྗེས་ཕྱིར་མགྲོན་ཁང་དུ་སོང་། ང་ཁོ་གཉིས་ཀྱི་རྗེས་འདེད་ཟེར་གྱིན་བུད་སོང་། ངས་འཐེན་ཐུག་དཀར་ཡོལ་གང་སྐྲག་ཞོར་དུ་འཐུང་བས་ཅི་བྲོ་འདི་བྲོ་ཡང་མ་ཤེས། ཕྱིར་མགྲོན་ཁང་དུ་སོང་ནས་ཡུད་ཙམ་འགོར་རྗེས་ཁོ་སླེབས་བྱུང་། ཁོས་སྐྱོན་མེད།  སྐྱོན་མེད། དགོད་བྲོ་བ་ཞིག་ལ། རྒྱ་ཧྭས་ཀྱིས་རྟ་དེ་རྫོང་དཔོན་དེར་ཉོས་པ་རེད། རྫོང་དཔོན་གྱི་རང་གི་རྟ་ཕྱིར་ཉོས་ཏེ་འཁྲིད་ཡོང་བ་ཤེས་ནས་ཁྱོད་བཙལ་དུ་ཡོང་བ་རེད། ཁོ་གཉིས་ཀྱིས་གྲྭ་ལྭ་གྱོན་མཁན་བཙལ་བཞིན་འདུག་པ་ལས། གྲོང་ལྭ་གྱོན་མཁན་ལ་མིག་ཟུར་གྱིས་ཀྱང་ལྟ་གིན་མེད།  སང་ཉིན།  དམག་ལྭ་གྱོན་མཁན་ལ་ལྷག་ཏུ་མི་བལྟ་བས་ཁོ་གཉིས་ལ་སྐྲག་མི་དགོས་མོད། ངེད་ཚང་གི་ཡུལ་མི་ལ་གཟབ་དགོས་ཟེར། འདི་འདྲའི་དགོད་བྲོ་བའི་དོན་དག་ཅིག་གིས་ངའི་མི་ཚེ་ཡི་གར་ཡོལ་ཕྱེས། འཇིག་རྟེན་ནི་གར་སྟེགས་དང་མི་ཚེ་ནི་ཟློས་གར་རེད་ཅེས་པ་ངོ་མ་རེད། ཉིན་དེའི་ཕྱི་ཉིན། ངེད་གཉིས་སྔ་མོ་ནས་ཡར་ལངས་ཏེ་རྫོང་དྲག་ཆས་པུའུ་ལ་སོང་། ལམ་བར་དུ། རྒྱ་མི་དེ་གཉིས་ལ་ཐེངས་འགར་ཐུག་ཀྱང་མགོ་བསྐོར་གཏོང་མཁན་ཁོ་གཉིས་ཡིན་པ་ལྟར་འཚབ་འཚུབ་ངང་གཡོལ་འགྲོ་བས། ངའི་སེམས་སུ། ཨ་ཞང་དང་ལོ་ལོན་ཚོས་ངའི་ཚེ་འདིར་བརྙས་བཅོས་མྱོང་བ་འདི་སྔོན་བསགས་ཀྱི་ལས་རེད་ཅེས་པ་ལྟར། ཁོ་གཉིས་ཀྱིས་ཀྱང་ང་ལ་རྟ་ཞིག་གི་དོམ་ཆད་འདུག་སྙམ། དེ་ནས་བཟུང་ངའི་མི་ཚེ་འདིའི་དགོད་བྲོ་ལ་ངུ་རྐྱེན་པའི་སྐྱིད་སྡུག་ཐ་དག་སྐྱེ་བ་སྔོན་མར་ལེ་བདའ་དང་ཁག་བཀལ་ཏེ་སྐྱེ་བ་གཞུག་མར་མདང་སྤུ་ཙམ་ཡང་མ་བརྒྱབ། རྫོང་དྲག་ཆས་པུའུ་ལ་ཐོན་ནས་གྲོང་ལྭ་ཕུད་དེ་དམག་ལྭ་གྱོན། དམག་ལྭ་ལྗང་སེར་དེ་གྱོན་མ་ཐག ལུས་ཡོངས་སུ་སྟོབས་ཤུགས་རྒྱས་ཏེ་རང་ཉིད་ལ་རང་དབང་ངོ་མ་ཐོབ་སོང་བའི་འཁྲུལ་སྣང་ཞིག་བཅོས་མིན་དུ་སྐྱེས། རླངས་འཁོར་དུ་བུད་པ་ན། དམག་གྲོགས་གཞན་ཚང་མར་དྲིན་ཆེན་ཕ་མ་དང་། ཕུ་ནུ་མིང་སྲིང་ཀུན་གྱིས་མིག་མཆི་མས་བརླན་ཏེ་སྙིང་གཏམ་ཡང་ཡང་བཤད་པ་དང་ལག་འཇུ་ཡང་ཡང་བྱེད་མོད། ངེད་གཉིས་ལ་དྲིན་ཆེན་ཕ་མ་དང་ནང་མི་སྤུན་ཟླ་ཞིག་གང་ན། ངོ་ཤེས་གྲོགས་པོ་ཞིག་གི་འཛུམ་ཡང་མཐོང་རྒྱུ་ཕར་ཞོག རྒྱ་མི་དེ་གཉིས་དང་ཡུལ་མིའི་ར་མདའ་ལ་གཟབ་དགོས་པ་མ་ཟད། རྗེས་ནས་ཕྱིར་རང་ཡུལ་ཟེར་བ་ཞིག་ལའང་འགྲོ་ས་མེད་པས། ངའི་ཁ་ནས་གནམ་རྒན་མ་ཡ། དཀོན་མཆོག་གསུམ་པོ། ཁྱོད་ལ་ནུས་པ་ཞིག་ལྡན་ན། འཇིག་རྟེན་འདི་འདྲ་མཉམ་ཞིག་མིན་པ་ཅི་ལ་ཐུག་ཅེས་དབང་མེད་དུ་ཤོར་སོང”ཟེར་བཞིན་མཚམས་ཆད།ངའི་དགེ་གྲོགས་ཚོའི་མིག་ཟུང་ལས་ཨ་ཁུ་B.Lཡི་ལས་དབང་ལ་སྙིང་རྗེ་བའི་ཉམས་ཤིག་ཤར་ལ། ཨ་ཁུ་རྟ་མགྲིན་གྱི་རྣམ་འགྱུར་ལས་ཀྱང་གདུང་སེམས་ཚད་མེད་ཅིག་སྐྱེས་འདུག་པ་རྟོགས་ཐུབ།
  ཨ་ཁུ་རྟ་མགྲིན་གྱིས“ངོ་མ་རེད། ཁྱོད་ཀྱི་ཚོར་བ་འདི་འདྲ་ང་ལ་ཡང་བྱུང་མྱོང་། ང་ཚོ་སྡེ་པའི་ལོ་ལོན་རེ་རེ་ཡི་རྣམ་ཤེས་མ་ཎི་ཡིག་དྲུག་གི་དབྱངས་རྟའི་ཁྲོད་ནས་ཕྱི་མར་འགྲོ་ཐེངས་རེར། ངའི་ཕ་དྲིན་ཆེན་པོའི་འདས་དོན་ཡིད་ལ་དྲན་ཏེ་དཀོན་མཆོག་གསུམ་པོར་ལེ་བདའ་ཐེངས་མང་བྱས་མྱོང་། ད་དུང་་་་་་”ཞེས་བཤད་འཕྲོར་ལུས་པའི་སེམས་གཏམ་བཙན་གྱིས་ཕྱིར་མིད། ཨ་ཁུ་རྟ་མགྲིན་གྱི་སྐད་ཆ་འདི་ནི་རྒྱུན་དུ་ཁ་བཏོན་དགེ་སྦྱོར་ལ་བརྩོན་མཁན་ཞིག་གི་སེམས་གཏམ་དང་གཏན་ནས་མི་འདྲ་བས་དེར་འདུས་ཀྱི་ང་ཚོ་ཡུད་ཙམ་ལ་དལ་ཅག་གེར་ལུས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

B.Lཡི་ལས་དབང་།༣

2012-05-15 ཚེ་ལོ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།