ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༣

                                          བཅུ་གསུམ།
  དགོན་པའི་ནང་གི་དགེ་འདུན་རྒྱ་མཚོའི་གནས་ཚུལ་དེ་དག་ཚེ་སྐྱིད་ཀྱིས་ག་ལ་ཤེས། ཁོ་མོ་ཡུན་རིང་བོ་ཞིག་ལ་དགོན་པའི་ནང་དུ་འགྲོ་ཁོམ་མ་བྱུང་།
  སྐབས་འདིར་ལྷ་མོ་སྒྲོལ་མ་ལོ་ལྔར་སོན་ཟིན་པས་མོ་དང་ལོ་ཚོད་མཉམ་པའི་བྱིས་པ་གཞན་དང་འདྲ་བར་མཁར་གྲོང་དཀྱིལ་དབུས་སུ་ཡོད་པའི་བྱིས་པ་ཁང་དུ་(གྲྭ་སྒྲིག་སློབ་གྲྭ)འགྲོ་བཞིན་ཡོད། བྱིས་པ་ཁང་དང་ཁྱིམ་ཚང་གི་བར་ཐག་ཅུང་རིང་བོ་ཡོད་པས་ཚེ་སྐྱིད་ཀྱིས་ནམ་རྒྱུན་ནངས་མོ་དང་ཕྱི་དྲོའི་དུས་སུ་ཀླུ་མོ་སྒྲོལ་མ་རྒྱབ་ཏུ་ཁུར་ཅིང་ལྷ་མོ་སྒྲོལ་མ་ལག་པས་ཁྲིད་ནས་ཕར་བསྐྱལ་བ་དང་ཉིན་གུང་དང་དགོང་མོའི་དུས་སུ་དུས་ལྟར་སོང་ནས་ཕྱིར་ཁྱིམ་དུ་ལེན་བཞིན་ཡོད། ཡིན་ན་ཡང་ལྷ་མོ་སྒྲོལ་མ་བྱིས་པ་ཁང་དུ་བསྐྱལ་བ་ནས་བཟུང་བསླབ་འབྲས་ཧ་ཅང་ཞན་པས་ནམ་རྒྱུན་རྒྱུགས་ཤོག་ཡུལ་དུ་ཁྱེར་ཡོང་དུས་སྐར་གྲངས་ལྔ་བཅུའི་ཡན་དུ་སླེབས་མི་འདུག་པས་ཁྱོ་ཤུག་གཉིས་ཀ་ཡིད་ཧ་ཅང་ཕམ་པར་གྱུར་འགྲོ
  ཚེ་སྐྱིད་ཀྱིས་བསམ་བློ་ཇི་ལྟར་བཏང་ཡང་སྔོན་ཆད་ཚང་མས་རྒྱ་བྷོ་རིག་ལྡིབ་རེད་ཟེར་མོད་དེ་ནི་ནད་ཀྱི་རྐྱེན་རེད། ད་ནི་ལྷ་མོ་སྒྲོལ་མ་ཡང་འདི་འདྲའི་བློ་རིག་རྟུལ་བོ་ཞིག་ཡིན་དགོས་པའི་རྒྱུ་རྐྱེན་གསལ་བོ་ཞིག་ཤོད་རྒྱུ་མི་འདུག་པས། ཁོ་མོའི་མིང་ནི་བླ་མ་སུ་ཞིག་ལ་ལུང་བསྟན་ཞུས་ནས་བཏགས་པ་མ་ཡིན་པར་དོན་གྲུབ་རང་ཉིད་ཀྱིས་འདོད་མོས་ལྟར་བཏགས་པ་དེ་ལན་པ་ཡིན་པར་སྙམ། གུང་ཚིགས་འཐུང་རྗེས་ལྷ་མོ་སྒྲོལ་མ་ཕྱི་རོལ་ཏུ་རྩེ་རུ་ཕྱིན་པའི་གོ་སྐབས་དང་བསྟུན་ཏེ་ཐིག་ལྭ་ཞིག་སླེ་བཞིན་དུ་དོན་གྲུབ་ལ། “ཁྱོད་ཀྱིས་བུ་མོ་གཉིས་ཀའི་མིང་ལ་ལྷ་མོ་དང་ཀླུ་མོ་ཞེས་འདོགས་དོན་ཅི་ཡིན་”ཞེས་དྲིས།
  དོན་གྲུབ་དགོད་བཞིན་དུ་“བུ་མོ་གཉིས་ཀ་ལྷ་མོ་དང་ཀླུ་མོ་ལྟ་བུའི་ཡག་པ་ཞིག་ཏུ་ཨེ་འགྱུར་ལ་རེ་བ་ཡིན། ཡག་མོ་སྒོ་ཡོད་ན་རྗེས་ནས་གནས་བདག་མང་པ་རེད། ད་དུང་བླ་མ་དང་དཔོན་པོ་ཚང་གི་མནའ་མར་འགྱུར་ཡང་སྲིད་”ཞེས་ཟེར།
  ཚེ་སྐྱིད་ཅུང་སྐྱེངས་པའི་བཟོ་ལྟ་ཞིག་བསྟན་ནས། “འོ་ན་ཁོ་མོ་གཉིས་ཀའི་མིང་ལ་སྒྲོལ་མ་ཟེར་དོན་ཅི་ཡིན་”ཞེས་དྲིས།
  དོན་གྲུབ་ཀྱིས་སྔར་བཞིན། “རྗེ་བཙུན་སྒྲོལ་མས་ཐུགས་རྗེས་བསྐྱངས་ཏེ་ཚེ་རིང་ནད་མེད་ཡོང་བར་སྨོན་ལམ་བཏབ་པ་ཡིན་”ཟེར།
  ཚེ་སྐྱིད་ཀྱིས་ཅུང་ཙམ་ལ་འདང་ཞིག་བརྒྱབ་རྗེས། ཡང་བསྐྱར་ཅུང་འཁང་ར་བྱེད་ཀྱིན་པའི་ཉམས་ཤིག་བསྟན་ནས། “འོ་ན་ཁྱོད་ཀྱིས་ཁོ་མོ་གཉིས་ཀས་ཡི་གེ་ཤེས་པའི་མིང་ཞིག་བཏགས་ན་མི་ཆོག་གམ། མི་ཚང་མས་ད་ལྟའི་དུས་འདིར་ཡི་གེ་མ་ཤེས་ན་མི་ཤི་བོ་ཞིག་དང་ཁྱད་པར་མི་འདུག་ཟེར་གྱིན་པ་མ་རེད་དམ་”ཞེས་བཤད།
དོན་གྲུབ་ཀྱིས་ངུ་དགོད་ཅིག་བྱས་ནས་“དེ་ནི་རེ་བ་ཞིག་ཡིན་པ་ལས་ཚང་མ་ཁ་ཐོག་ལ་འགྲོ་བའི་ངེས་པ་ག་ལ་ཡོད། ང་ནི་བླ་མ་མ་རེད་”ཟེར།
  ཚེ་སྐྱིད་ཀྱིས་མུ་མཐུད་དུ་“ཡི་གེ་ཨེ་ཤེས་ལ་ཡང་རེ་བ་བྱས་ཆོག་པ་རེད། ངས་བལྟས་ན་ལྷ་མོ་སྒྲོལ་མས་འདི་འདྲའི་ཡི་གེ་མི་ཤེས་པ་ནི་ཁྱོད་ཀྱིས་བཏགས་པའི་མིང་མ་འགྲིག་པའི་རྐྱེན་གྱིས་ཡིན་རྒྱུ་རེད་”ཟེར།
  ཁོ་མོའི་སྐད་ཆ་དེ་ཐོས་པས་དོན་གྲུབ་ཧ་ཅང་མི་དགའ་བར་གྱུར་སོང་། “རེ་བ་ལྟར་མིང་འདོགས་ཚེ་ངས་སྔོན་ནས་ཁོ་མོ་གཉིས་ཀར་བུ་མིང་ཞིག་བཏགས་ཟིན་པ་ཡིན་”ཟེར།
ཚིག་དེས་ཚེ་སྐྱིད་ཀྱང་གནམ་ལ་ལྡིང་དུ་བཅུག་སོང་། ལག་ནང་གི་ཐིག་ལྭ་དེ་ཕར་གཡུགས་ནས་ཡར་ལ་ལངས་བྱུང་། “རྒྱུ་འབྲས་མེད་པ་ཁྱོད། ཁྱོད་ཀྱིས་ད་དུང་ཡང་ང་ལ་བུ་ཞིག་མ་སྐྱེས་པར་འཁང་གིན་ཡོད་དམ། བུ་མོ་ཡིན་ཡང་ངའི་ཤ་ལས་ཆད་པ་མ་རེད་དམ། ངས་མངལ་དུ་ཁུར་བའི་ངལ་དུབ་དང་བཙའ་དུས་ཀྱི་ན་ཟུག་ཀྱང་གཅིག་འདྲ་མ་རེད་དམ། ཁྱོད་ལ་རྒྱུ་འབྲས་མི་འདུགངས་བཙའ་དུས་སྡུག་ཅི་འདྲ་མྱངས་པ་ཁྱོད་ཀྱིས་མི་ཤེས་སམ་་་་་་་”ཟེར་ནས་ངོ་ལ་ལག་པ་བཀབ་ནས་ངུས་བྱུང་།
ཚེ་སྐྱིད་དེ་ལྟར་ངུས་བྱུང་བས་དོན་གྲུབ་ཀྱི་སེམས་ཧ་ཅང་མི་སྐྱིད་པར་གྱུར་སོང་། ཁོ་ཅུང་ཚིག་པ་ཟོས་ཏེ་“ཁྱོད་ཀྱིས་དེ་ལྟར་སྡུག་སྐད་འདོན་དུ་མ་འདུག་དང་། ངོ་མ་སུན་སྣང་སྐྱེས་པ་ཞིག་རེད་”ཟེར།
  དོན་གྲུབ་ཀྱིས་དེ་ལྟར་བཤད་བ་ཁོ་མོའི་ཡིད་དུའང་དྲན་མེད་པ་འདྲ། རེ་ཞིག་ལ་ཁ་གདངས་ནས་བསྡད་རྗེས་གློ་བུར་དུ་དྲན་པ་སོས་པ་ལྟར། “ཁྱོད་རང་སུན་སྣང་སྐྱེས་ཀྱིན་འདུག་གམ། ཁྱོད་རང་ང་ལ་སུན་སྣང་སྐྱེས་ཀྱིན་འདུག་གམ། སྐད་ཆ་འདི་ཁྱོད་ཀྱིས་བཤད་པ་ཡིན་ཨང་། ཆོག་གིཁྱོད་རང་སུན་ན་ཁག་མི་འདུག དེ་རིང་ནས་བཟུང་ཁྱོད་རང་ཁྱོད་ཀྱི་སར་སྡོད། ང་རང་ངའི་སར་འདུག སུས་ཀྱང་སུ་ལ་ཐེ་གཏོགས་མི་བྱེད་པར་བྱ་”ཟེར་ནས་སྨྱོས་པ་ལྟར་གྱུར་སོང་།
  དོན་གྲུབ་ཀྱང་འུ་ཐུག་པར་གྱུར་སོང་། “ཁྱོད་ཀྱིས་དེ་ལྟར་འུར་རྒྱག་གིན་མ་འདུག་དང་། ཁྱིམ་མཚེས་ཚང་མས་ཐོས་རྒྱུ་རེད་”ཅེས་ཟེར།
  ཚེ་སྐྱིད་ཀྱིས་དེ་དག་ལ་ཉམས་སྣང་ཅི་ཡང་མེད་པར། “ཁྱིམ་མཚེས་ཀྱིས་ཐོས་ན་ཅི་རེད། ཁྱོད་རང་སྐྲག་གིན་འདུག་གམ། ཁྱོད་རང་ང་ལ་སུན་ཏེ་ངས་ཅི་ཞིག་བྱས་སོང་། ངའི་ལས་དབང་འདི་ཨང་་་་་་་་”ཟེར་ནས་སླར་ཡང་ཧ་ཅང་སྐྱོ་བའི་ངང་ངུས་བྱུང་།
  དོན་གྲུབ་ཧ་ཅང་འུ་ཐུག་པར་གྱུར་ཏེ་ཞུ་བ་བྱེད་དགོས་བྱུང་། ཁོས་ཧ་ཅང་ནན་ཏན་ངང་ནས། “བུ་མོ་ཡིན་པ་དེ་ནི་ཁྱོད་ཀྱི་སྐྱོན་མ་རེད་ལ་ངའི་སྐྱོན་ཡང་མ་རེད། དེ་ནི་གནམ་རྒན་མས་གནང་བ་རེད་པས་ང་ཚོས་ཕན་ཚུན་ལ་ལེ་བདའ་བྱེད་པ་ནི་བླུན་རྟགས་ཤིག་རེད། ”ཅེས་ཟེར།
དེ་ཐོས་པས་ཚེ་སྐྱིད་ཀྱང་གློ་བུར་དུ་ངུ་མཚམས་བཞག་སྟེ་ཁྱོ་གའི་གདོང་ལ་ལྟ་བཞིན་ཐེ་ཚོམ་ངང་“ཁྱོད་ཀྱིས་ངོ་མ་ཟེར་བ་ཡིན་ནམ། དེ་ནི་ཁྱོད་ཀྱི་སེམས་གཏམ་ཡིན་ནམ་”ཞེས་དྲིས།
  དོན་གྲུབ་ཀྱིས་བདེན་ཅོག་ཅོག་ངང་། “ངོ་མ་བཤད་པ་ཡིན། བྱིས་པ་བུ་བུ་མོ་གང་སྐྱེ་རྒྱུ་དེ་ནི་མིའི་རང་དབང་དུ་ཡོད་པ་ཞིག་མ་ཡིན་པས། ཁྱོད་ཀྱིས་ང་ལ་ལེ་བདའ་བྱས་ཀྱང་ཕན་ཐོགས་ཅི་ཡོད། གང་ལྟར་བུ་མོ་འདི་འདྲ་བདེ་ཐང་གཉིས་ཡོད་པ་ནི་ངེད་གཉིས་ཀྱི་བདེ་སྐྱིད་དུ་བརྩིས་ཆོག་པ་རེད། དེ་མ་རེད་དམ་”ཞེས་ཟེར།
ཁོ་མོ་དེ་མུར་བགད་བྱུང་། དགོད་བཞིན་དུ་མིག་མཐའི་མཆི་མ་འབྱིད་ཙམ་བྱས་ཏེ། “འོ་ན་ཁྱོད་ཀྱིས་སྐད་ཆ་དེ་འདྲ་བཤད་དོན་ཅི་ཡོད་”ཞེས་བཤད།
དོན་གྲུབ་ཀྱིས་ངུ་དགོད་ཅིག་བྱས་ཏེ། “དེ་ནི་ངེད་གཉིས་གོ་ནོར་ཐེབས་པའི་སྐྱོན་ཡིན་པར་བྱོས་”ཟེར།
  གློ་བུར་དུ་ཁོ་མོའི་ཡིད་དུ་ཅི་ཞིག་དྲན་པ་ལྟར། “ཨ་ཙི། ཉིན་འགའ་ཡིས་ཁྱོད་རང་ཟི་ལིང་དུ་ཚོགས་འདུར་འགྲོ་དགོས་ཟེར་བ་མིན་ནམ། དེས་ཕྱི་དྲོ་ངེད་གཉིས་འགྲོ་ལ་གྱོན་གོས་ལེགས་པོ་ཞིག་ཉོ་དགོས། མི་ཚོགས་ཀྱི་ཁྲོད་དུ་འདི་ལྟར་འགྲོ་སྲོལ་མི་འདུག་”ཞེས་བཤད།
  དོན་གྲུབ་ཀྱིས་རང་གི་ལུས་སྟེང་གི་ལྭ་བར་ཞིབ་ལྟ་ཞིག་བྱེད་བཞིན། “ད་དུང་འདིས་ཀྱང་ཆོག་པར་འདུག་པས་ཉོ་མི་དགོས་”ཟེར།
  ཚེ་སྐྱིད་ཀྱིས་ཨུ་ཚུགས་བྱས་བྱུང་། “ཅིས་ཀྱང་ཉོ་དགོས་པར་འདུག ཁྱོད་ཀྱིས་སེམས་ཅན་གྱི་དཔོན་པོས་ཐིག་ལྭ་གོན་མི་འདུག་ཟེར་བ་མིན་ནམ། དེས་ན་ཕྱི་ལྭ་ཡང་ཡག་པོ་ཞིག་ཡིན་དགོས་རྒྱུ་རེད།” ཅེས་བཤད་པ་དང་། སླར་ཡང་ཅུང་ཕྲག་དོག་གི་མིག་མདངས་དང་བཅས་ཀུ་རེའི་ངང་ “ད་དུང་ཁྱོད་ལ་ལྟ་མཁན་གྱི་བུ་མོ་ལོ་ཆུང་ཡང་ཡོད་ན་ཐང་”ཟེར། དོན་གྲུབ་ཀྱིས་ཀྱང་དང་ལེན་བྱས་བྱུང་། “དེས་ན་སང་ཉིན་ཉོ་རུ་སོང་ཆོག ད་ནི་ལས་ཚུགས་ལ་ཉེ་བས་ང་རང་ལས་ཁུངས་སུ་འགྲོ་རྒྱུ་ཡིན་”ཟེར་ནས་ཡར་ལངས་ཏེ་ལྭ་བ་གོན་བྱུང་།
  ཁོ་མོས་ཁྱོ་ག་ཕྱི་སྒོའི་བར་དུ་སྐྱེལ་མ་བྱས་རྗེས་གཡས་ལྟ་གཡོན་ལྟ་བྱེད་བཞིན་དུ་“ལྷ་མོ་སྒྲོལ་མ་”ཞེས་ལན་འགར་བོས་བྱུང་། རེ་ཞིག་ནས་ལྷ་མོ་སྒྲོལ་མས་ནུ་མོ་ཁྲིད་དེ་ཁྱིམ་མཚེས་རྒྱ་མོ་སྐྱིད་ཚང་གི་སྒོ་ཆེན་ཁ་ནས་བུད་བྱུང་། ཁོ་མོས་སྐད་ཇེ་དམར་བཏང་ནས་“མྱུར་མོར་ཡུལ་དུ་ཤོག ཁྱོད་རང་སློབ་གྲྭར་འགྲོ་རན་སོང་”ཞེས་བཤད་རྗེས་ཁོ་མོ་སྔོན་དུ་ཁྱིམ་ནང་དུ་ཕྱིན།
  ཚེ་སྐྱིད་ཀྱིས་ཀླུ་མོ་སྒྲོལ་མ་ལག་མགོར་ཁྲིད་ནས་ལྷ་མོ་སྒྲོལ་མ་བྱིས་པ་ཁང་གི་ནང་དུ་སྐྱེལ་བར་སོང་ན་ཡང་། ཀླུ་མོ་སྒྲོལ་མ་དྲང་བོར་མི་འགྲོ་བར་འདུག་བས་རེ་ཞིག་ནས་ཀླུ་མོ་སྒྲོལ་མ་པང་དུ་བླངས་ཤིང་ལྷ་མོ་སྒྲོལ་མ་ལག་མགོར་ཁྲིད་ནས་མྱུར་མོར་སོང་སྟེ་སློབ་གྲྭའི་སྒོ་ཁར་ཐོན་འཕྲལ་ཁྱིམ་བདག་སྒོའི་ནང་རོལ་ཏུ་སོང་མི་ཆོག་པས་ཁོ་མོ་རང་ཉིད་ནང་དུ་འགྲོ་རུ་བཅུག ཕྱིར་ཡོང་བའི་ལམ་ཁར་ཁོ་མོས་སང་ཉིན་ཁྱོ་གར་ལྭ་བ་ཉོ་ན་གང་བཟང་ངམ་སྙམ་སྟེ་གང་བྱུང་ངང་གྱོན་གོས་ཚོང་ཁང་དག་གི་ནང་དུ་འཛུལ་ནས་འཕྱོར་ལྟ་བྱས། སྲང་ལམ་སྲིབ་ངོས་སུ་དར་མའི་གྱོན་གོས་ཤ་སྟག་བཙོང་སའི་ཚོང་ཁང་ཞིག་ཡོད་པའི་ནང་དུ་སོང་ནས་ལྭ་བ་རེ་རེར་ཞིབ་ལྟ་བྱེད་བཞིན་པའི་སྒང་ལ། གློ་བུར་དུ་འགྲམ་རོལ་ནས་མི་ཞིག་གིས་“ཁྱོད་ཀྱིས་ཅི་ཞིག་ལ་ལྟ་བཞིན་ཡོད་”ཞེས་དྲིས་བྱུང་།
  ཁོ་མོ་མྱུར་དུ་ཚུར་འཁོར་ནས་བལྟས་པ་ན་རང་དང་ལོ་ན་མཉམ་པའི་བུད་མེད་ཅིག་འགྲམ་དུ་ལངས་འདུག བཟོ་ལྟར་བལྟས་ན་ལས་བྱེད་པ་ཞིག་དང་འདྲ་ཞིང་ངོ་བྱད་ནི་མཐོང་མྱོང་མྱོང་འདྲ་བ་ཞིག་ཡིན་འདུག་མོད་སུ་ཡིན་པ་ངོས་མི་ཟིན་པར་འདུག
  བུད་མེད་དེས་ཁོ་མོའི་བཟོ་ལྟ་མཐོང་འཕྲལ་དགོད་བཞིན་དུ་“ངོ་མི་ཤེས་སམ། ང་ནི་སྐྱ་བྷོའི་དགེ་རྒན་ཡིན་ཡ་”ཟེར།
  ཚེ་སྐྱིད་ཀྱིས་ཀྱང་དེ་འཕྲལ་ངོས་ཟིན་བྱུང་ལ་དེ་དང་ལྷན་དུ་ཁ་ཡང་སྐྱེངས་བྱུང་། “ཨ་ཙི་ཙི། ངས་སུ་ཞིག་ཡིན་ནམ་སྙམ་བྱུང་། མིག་གིས་བལྟས་ན་མཐོང་བ་ཞིག་རེད་མོད་སུ་ཡིན་ངོས་མ་ཟིན་པར་འདུགངས་ནི་བུ་མོ་སློབ་གྲྭར་བསྐྱལ་རྗེས་གང་བྱུང་ངང་འདི་གར་ཡོང་བ་ཡིན་”ཞེས་བཤད།
  དགེ་རྒན་དེ་ཡང་དགོད་ཙམ་བྱས་ཤིང་། “སྐྱ་བྷོ་ནི་བན་དེ་བྱས་འདུག་ཨང་། ངའི་ནུ་བོ་ཞིག་ཀྱང་དགོན་པ་ན་ཡོད་པས་སློབ་གྲྭར་གནང་བ་ཞུས་ཏེ་ཉིན་གུང་ཁོ་ལ་བལྟ་རུ་སོང་བ་ཡིན། མ་བསམ་ས་ནས་སྐྱ་བྷོ་ཡང་དེ་གར་འདུག་”ཟེར།
  ཚེ་སྐྱིད་ཀྱིས་དེ་ཐོས་འཕྲལ་ཕལ་ཆེར་ལོ་ཕྱེད་ལྷག་ལ་དགེ་འདུན་རྒྱ་མཚོར་བལྟ་རུ་མ་སོང་བ་དྲན་ནས་སེམས་ལ་སྐྱོ་ཤས་ཤིག་སྐྱེས་ཤིང་། “སྐྱ་བྷོར་ན་བ་འདྲ་བྱུང་མེད་དམ་”ཞེས་དྲིས།
  དགེ་རྒན་དེས་“ན་བ་ཅི་ཡང་བྱུང་གིན་མི་འདུག”ཟེར་བ་དང་སླར་ཡང་ཁོ་མོའི་གདོང་ལ་ཞིབ་ལྟ་ཞིག་བྱས་ནས་“ཅི་རེད། ཁྱོད་ཁོ་ལ་བལྟ་རུ་མ་སོང་ངམ”ཞེས་དྲིས་བྱུང་།
ཁོ་མོ་ཧ་ཅང་དོགས་མི་བདེ་བའི་ངང་“བུ་མོ་སློབ་གྲྭར་སྐྱེལ་དགོས་པས་ཕལ་ཆེར་ལོ་ཕྱེད་ལྷག་ལ་འགྲོ་མ་ཐུབ་”ཅེས་བུ་མོ་སློབ་གྲྭར་སྐྱེལ་བར་ཁག་འགེལ་བྱས།
དགེ་རྒན་དེས་གོམ་གང་མདུན་སྤོས་སྒོས་“འོ་ན་ཁྱོད་ཀྱིས་ཁོ་རང་ཆུ་ནང་དུ་ལྷུང་བ་ཡང་ཤེས་མེད་དམ་”ཞེས་དྲིས་བྱུང་།
  ཚེ་སྐྱིད་དེ་འཕྲལ་སྨྱོན་པ་ལྟར་གྱུར་སོང་། “ཅི་ཟེར། ཁོ་རང་ཆུ་ནང་དུ་ལྷུང་སོང་བ་རེད་དམ། ནམ་ཞིག་ལ། སྐྱོན་འདུག་གམ་”ཞེས་དྲིས་བྱུང་།
  དགེ་རྒན་གྱིས་ཁོ་མོ་འཚབ་བྱུང་བ་ཤེས་ཏེ་སེམས་ལྷོད་དུ་དབབ་ཏུ་གཞུག་ཆེད་དགོད་ཙམ་བྱས་ནས། “སྐྱོན་མི་འདུག  ངས་ཀྱང་ནུ་བོའི་ཁ་ནས་གོ་བ་ཡིན། ཕལ་ཆེར་ཟླ་འགའི་སྔོན་གྱི་དོན་དག་ཡིན་པ་འདྲ། དེ་རིང་ངས་ཁོ་མཐོང་བ་ན་སྔོན་ཆད་ཀྱི་སྐྱ་བྷོ་རེད་ཟེར་ན་རྣར་ཡང་མི་འགྲོ་བར་འདུག བན་དེ་ཡག་པ་རྣམ་རིག་ཅན་ཞིག་ཏུ་འགྱུར་འདུག་”ཅེས་བཤད།
  ཚེ་སྐྱིད་ཀྱི་སེམས་དེ་འཕྲལ་ཅུང་བདེ་ལ་བབས་བྱུང་། མིག་ཆུ་འགའ་འགྲིལ་བ་ལྐོག་ཏུ་འབྱིད་ཙམ་བྱས་རྗེས་ཨུ་ཚུགས་ཀྱི་འཛུམ་ཞིག་བསྟན་ནས། “ཁྱོད་ལ་བཀའ་དྲིན་ཆེ་”ཞེས་གྱེས་ཕྱག་ཕུལ།
  ཚེ་སྐྱིད་ནི་དགེ་རྒན་དེ་དང་གྱེས་རྗེས་བརྒྱུགས་ནས་ཡུལ་དུ་ཕྱིན། ཁོ་མོས་གང་མྱུར་ངང་དོན་གྲུབ་ལ་ཁ་པར་བཏང་སྟེ་དགོང་མོ་ལྷ་མོ་སྒྲོལ་མ་ལེན་ཁོ་འགྲོ་དགོས་ཚུལ་བཤད་པ་དང་། ཁྱིམ་ནང་དུ་ཡོད་པའི་ཤིང་ཏོག་གི་རིགས་འགའ་ཁུག་མའི་ནང་བཅུག་རྗེས་ཀླུ་མོ་སྒྲོལ་མ་པང་ནས་རྒྱ་སྲང་ལ་ཡོང་སྟེ་གླ་གཏོང་སྦག་སྦག་ཅིག་གླས་ཏེ་དགོན་པའི་ནང་དུ་ཕྱིན།
  ཁོ་མོ་དགོན་པའི་མདུན་སོར་ཐོན་དུས་དུས་ཚོད་གསུམ་དང་ཕྱེད་ཀར་ཐོན་ཙམ་རེད་པས་ད་དུང་ཧ་ཅང་སྔ་བར་འདུག ཁོ་མོས་གླ་གཏོང་བར་རྔན་པ་བྱིན་རྗེས་མྱུར་མོར་དགོན་པའི་ནང་དུ་ཕྱིན་ཏེ་བན་དེ་འགའ་ལ་“དགེ་རྒྱམ་ཨེ་མཐོང་”ཞེས་དྲིས་པ་ན། བན་དེ་ཞིག་གིས་“གྲུབ་ཐོབ་ཚང་ཟེར་རམ། གན་ན་འདུག་”ཅེས་བཤད་ནས་ཕར་ཕྱོགས་སུ་འབོད་དུ་བརྒྱུགས་སོང་།
  ཅུང་མ་འགོར་བར་བན་དེས་དགེ་འདུན་རྒྱ་མཚོ་ཁྲིད་ནས་བརྒྱུགས་ནས་ཐོན་བྱུང་། དགེ་འདུན་རྒྱ་མཚོས་ཁོ་མོ་མཐོང་འཕྲལ་དགོད་བཞིན་དུ་མྱུར་མོར་ཚུར་ཡོང་གིན་ཡོད་ན་ཡང་། ཚེ་སྐྱིད་ཀྱིས་བུ་མོ་ཐང་དུ་བཞག་ནས་ཕར་བརྒྱུགས་ཏེ་དགེ་འདུན་རྒྱ་མཚོར་འཐམས་ཏེ་ངུས་བྱུང་ལ། ངུ་བཞིན་དུ་“ངའི་ཞི་ལིར་སྐྱོན་མ་བྱུང་ངམ། ཨ་མ་ཨེ་དྲན་ཐལ་”ཞེས་དྲིས་བྱུང་།
  དགེ་འདུན་རྒྱ་མཚོས་ཁོ་མོར་“ཨ་མ་ཁྱོད་མ་ངུ་། ང་རང་འདི་གར་ཧ་ཅང་སྐྱིད་པས་ཡུལ་དྲན་དོན་ཅི་ཡོད། ནུ་མོ་ལག་ཆགས་འདུག་པས་ངས་ཁོ་མོར་བལྟ་འདོད་”ཟེར་ནས་ཁོ་མོའི་པང་ལས་བུད་དེ་ཀླུ་མོ་སྒྲོལ་མའི་གན་དུ་བརྒྱུགས་བྱུང་།
  ཁོས་ཀླུ་མོ་སྒྲོལ་མ་པང་དུ་བཟུང་ནས་མིག་རིག་རིག་གིས་དགོད་བཞིན་དུ་“ཁྱོད་ཀྱིས་ཨ་ཁུ་ངོ་ཤེས་ཀྱིན་ཨེ་འདུག་”ཟེར་ནས་རྣམ་འགྱུར་སྣ་ཚོགས་ཤིག་བསྟན་པས། ཀླུ་མོ་སྒྲོལ་མ་ཡང་ཁོའི་བཟོ་ལྟར་བལྟས་ནས་དགོད་ཀྱིན་འདུག
  ཚེ་སྐྱིད་ཀྱིས་དགེ་འདུན་རྒྱ་མཚོའི་སྐད་ཆ་དེ་དག་དང་མིང་སྲིང་གཉིས་ཀའི་ད་ལྟའི་འཛུམ་མདངས་དེ་མཐོང་ནས་དངོས་གནས་ཁོ་རང་མི་གཞན་ཞིག་ཏུ་འགྱུར་ཟིན་པ་རྟོགས་བྱུང་། ཁོ་མོ་དགའ་དྲགས་ཏེ་དགེ་འདུན་རྒྱ་མཚོའི་གདོང་ལ་ཡང་ཡང་ལྟ་བཞིན་ཨ་ལགས་ཀྱི་བཞུགས་ཤག་ཏུ་ཕྱིན།
  ཨ་ལགས་འཇིགས་རྒྱམ་ཚང་ཡང་ཤག་ན་བཞུགས་འདུག་ཅིང་། ཁོང་གིས་ཚེ་སྐྱིད་ཐོན་པ་མཐོང་ནས་ཐུགས་ཧ་ཅང་མཉེས་པའི་སྒོ་ནས་“ཁྱོད་ཚང་ཚང་མ་བདེ་མོ་ཡིན་ནམ། དེ་རུ་སྡོད་དེ་རུ་སྡོད། དགེ་རྒྱམ་མྱུར་དུ་ཇ་བླུགས་ཤིག་”གསུངས། (ཉིན་འདིར་མདུན་འདུག་པ་མི་འདུག)
  ཚེ་སྐྱིད་ཀྱིས་ཁུག་མའི་ཁ་ཕྱེ་ནས་ཤིང་ཏོག་དག་ཕྱིར་བླངས་ནས་ཨ་ལགས་ཀྱི་མདུན་དུ་ཕུལ་བ་ན་ཁོང་གིས་ཀླུ་མོ་སྒྲོལ་མ་མཐོང་ནས་ཐུགས་ལྷག་པར་དུ་དགྱེས་བྱུང་། “འདི་དགེ་རྒྱམ་གྱི་ནུ་མོ་ཨེ་རེད། ཇི་འདྲའི་སྙིང་རྗེ་བ་ལ་ཨང་། ག་རེ་འདིར་ཤོག་དང་”གསུངས་ནས་ཕྱག་ཚུར་བརྐྱངས་བྱུང་།
  ཚེ་སྐྱིད་ཀྱིས་བུ་མོ་ཁྲིད་ནས་ཨ་ལགས་ཀྱི་དྲུང་དུ་བཅར་བ་ན། ཁོང་གིས་ཀླུ་མོ་སྒྲོལ་མའི་མགོར་བྱིལ་བྱིལ་ལན་འགའ་བྱས་རྗེས་ཞལ་ཕུ་གནང་ནས་“ངོ་མ་བུ་མོ་སྙིང་རྗེ་ཞིག་རེད་”གསུངས་རྗེས་དགེ་འདུན་རྒྱ་མཚོས་ཇ་བླུགས་ཟིན་པ་གཟིགས་ནས་“ད་སོང་སོང་། སོང་ལ་ཇ་ཐུངས་”གསུངས།
  ཚེ་སྐྱིད་ཀྱིས་ཇ་འཐུང་བའི་བར་དེར་ཨ་ལགས་ཀྱིས་ཀྱང་གཞི་ནས་“ཁྱོད་དེ་རིང་ཐོན་བྱུང་བ་ལེགས་བྱུང་། ངས་དེ་སྔོན་ཁྱོད་བལྟ་རུ་ཡོང་མི་དགོས་ཞེས་བཤད་ཡོད་མོད། ཨེན་ཙམ་མིན་ཚེ་ཁེ་ཐག་བྱས་སོང་། ཡིན་ན་ཡང་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས་སྐྱོན་མ་བྱུང་བའི་ཁར་ད་དུང་རྐྱེན་ངན་གྲོགས་སུ་གྱུར་སོང་”ཞེས་གསུངས་ཏེ། དགེ་རྒྱམ་དང་ཐོག་དགོན་པའི་ནང་དུ་ཡོང་དུས་ཅི་འདྲ་ཞིག་ཡིན་ཚུལ་དང་བསྟན་པའི་སྒོར་འཇུག་ན་འཁོར་བའི་ཁྱིམ་དང་འབྲེལ་ཐག་གཅོད་དགོས་པས་དེ་རྗེས་ཁོ་མོ་བལྟ་རུ་ཡོང་དུས་ཁོ་མོར་བལྟ་རུ་ཡོང་མི་དགོས་ཞེས་བཤད་ཚུལ། དེ་ནས་བཟུང་ཡུན་རིང་ཙམ་ལ་བཟང་མོད་རིམ་བཞིན་ནམ་རྒྱུན་ཁོ་མོ་བལྟ་རུ་ཡོང་བར་རེ་ལྟོས་བྱེད་ཀྱིན་ཡོད་ཚུལ། རིམ་བཞིན་དུ་མཚན་མོར་ཡང་དགོན་པའི་ནང་དུ་མི་ཡོང་བར་ཕ་རོལ་གྱི་ཟམ་ཁར་ལངས་ནས་ཡར་ཕྱོགས་ལ་ལྟ་ཚུལ། མཇུག་མཐར་ཡིད་ཆད་དེ་སྟར་ལུང་ཆུ་བོའི་ལྕེབས་ཚུལ། སྟབས་ལེགས་ཏེ་གྲྭ་བ་འགས་མཐོང་སྟེ་བརྒྱུགས་ཏེ་ཁོ་རང་བསྐྱབས་ཚུལ། ཁོ་རང་ཞག་གང་བོར་དབུགས་མ་ཡོང་བས་ཁོ་ཚོར་དངངས་འཚབ་ཅི་འདྲ་སྐྱེས་ཚུལ། དགོན་པའི་གྲྭ་བ་ཡོངས་ཀྱིས་ཞག་གང་བོར་ཚེ་དབང་བསྐུར་ཚུལ། ནམ་གསལ་བ་དང་ཁོ་རང་ཡང་གཉིད་ལས་སད་པ་བཞིན་ཡར་ལངས་བྱུང་ཚུལ། ཁོ་རང་ཕྱིར་སད་པ་ནས་བཟུང་བློ་རིག་དང་འདོན་ཀློག་གང་ཐད་ནས་ཡ་མཚན་པ་ཞིག་ཏུ་གྱུར་བ་སོགས་རེ་རེ་བཞིན་ཞིབ་བརྗོད་བྱས་སོང་།
  ཨ་ལགས་ཀྱིས་དེ་ལྟར་ཞིབ་བརྗོད་རིང་མོ་གནང་བའི་སྐབས་སུ་དགེ་འདུན་རྒྱ་མཚོས་ཀླུ་མོ་སྒྲོལ་མའི་ཁ་རྩེད་པའི་ཕྱོགས་སུ་གཡེང་འདུག་མོད། ཚེ་སྐྱིད་ཀྱིས་སྔ་གཞུག་ཀུན་ཏུ་ངུ་སྔངས་བྱེད་བཞིན་ལན་རེར་མིག་ཆུ་འབྱིད་པ་དང་ལན་རེར་དགེ་འདུན་རྒྱ་མཚོར་ཞིབ་ལྟ་བྱེད་ཀྱིན་འདུག
  ཨ་ལགས་ཀྱིས་མུ་མཐུད་དུ་གསུངས་རྒྱུར། “ཁྱོད་སེམས་མ་སྡུག་དང་ཁོ་ནི་སྐྱེ་བ་བཟང་བོ་ཞིག་ཡིན་འདུག ད་ནི་བག་ཆགས་སད་ཟིན་པ་རེད། བག་ཆགས་སད་ན་ཡང་རྐྱེན་ཞིག་ལ་བརྟེན་དགོས་པས་ཁོ་རང་ཆུར་ལྕེབས་པ་དེ་ཡང་རྐྱེན་ངན་གྲོགས་སུ་གྱུར་བ་རེད། ཁོ་རང་གཉིད་ལས་སད་པ་བཞིན་ཡར་ལངས་པ་ནས་བཟུང་ངོ་མ་རིག་པ་ཡ་མཚན་ཞིག་ཏུ་གྱུར་འདུག ཉིན་རེར་ཤོག་བུ་ཐར་ལྔ་རེ་བློར་ཟིན་གྱིན་འདུག  དེ་བས་དགོན་པའི་གྲྭ་བ་ཚང་མས་ཀྱང་དགེ་རྒྱམ་གྱིས་གྲུབ་རྟགས་སྟོན་གྱིན་འདུག་ཟེར་ནས་ད་ལྟ་ཁོ་ལ་གྲུབ་ཐོབ་ཚང་ཞེས་འབོད་ཀྱིན་འདུག འདི་ནི་དགའ་འོས་པའི་དོན་དག་ཅིག་རེད་”གསུངས་ནས་བཞད་བྱུང་།
  ཚེ་སྐྱིད་ཀྱིས་སྔར་བཞིན་མིག་ཆུ་འབྱིད་ཀྱིན་འདུག་ན་ཡང་དོན་ངོ་མར་ཁོ་མོ་དགའ་ནས་ངུ་བ་ཡིན་ནམ་སྡུག་ནས་ངུ་བ་ཡིན་པ་ཁོ་མོ་རང་ཉིད་ཀྱིས་ཀྱང་མི་རྟོགས་པར་འདུག ཕྱི་དྲོ་འདིར་ཁོ་མོས་ཨ་ལགས་ཀྱི་གསུངས་ལ་ཉན་བཞིན་དགེ་འདུན་རྒྱ་མཚོ་བལྟས་ནས་ཡུན་རིང་ཙམ་ལ་བསྡད་རྗེས་ཉི་མ་ནུབ་ལ་ཉེ་བའི་དུས་སུ་ད་གཟོད་སྒོར་བུད་པ་རེད། དགོན་པའི་འདབས་རོལ་ཏུ་གླ་གཏོང་སྦག་སྦག་འཚངས་ཀ་བརྒྱབ་ནས་བསྒུགས་ཡོད་པས་དགེ་འདུན་རྒྱ་མཚོས་གླ་གཏོང་བོས་ཏེ་ཁོ་མོ་རྫོང་མཁར་དུ་ལོག
ཡུལ་དུ་ཐོན་དུས་དོན་གྲུབ་དང་ལྷ་མོ་སྒྲོལ་མ་གཉིས་ཡུལ་དུ་ཐོན་ཞིང་། དོན་གྲུབ་ཀྱིས་ནུབ་ཟས་བསྐོལ་བཞིན་པའི་སྒང་རེད་ཀྱང་། ཚེ་སྐྱིད་དང་ཀླུ་མོ་སྒྲོལ་མ་གཉིས་ཁྱིམ་དུ་འཛུལ་ཡོང་བ་མཐོང་འཕྲལ་སྔོན་དུ་ལྡིང་ཡོང་སྟེ། “དོན་ངོ་མར་དོན་དག་ཅི་ཞིག་བྱུང་སོང་བ་རེད། ”ཅེས་དྲིས་བྱུང་།
  ཚེ་སྐྱིད་ཀྱིས་“དགེ་འདུན་རྒྱ་མཚོ་ང་ཁོ་ལ་ལྟ་རུ་མ་ཡོང་བས་ཆུ་ནང་ལྕེབས་པ་རེད་”ཅེས་བཤད་བཞིན་མིག་ཆུ་ཤུར་ཤུར་དུ་བཞུར་བྱུང་།
  ཁོ་མོའི་མིག་ཆུ་མཐོང་བས་དོནགྲུབ་ཀྱིས་ཀྱང་ཀུ་རེ་རྩེ་བ་མིན་པ་རྟོགས་ཏེ། “ཅི་བྱས་འདུགསྐྱོན་ཨེ་འདུག་”ཅེས་དྲིས་བྱུང་།
  ཚེ་སྐྱིད་ཅུང་ཙམ་ལ་ངུས་རྗེས་ངུ་མཚམས་བཞག་སྟེ་མིག་ཆུ་འབྱིད་བཞིན་སླར་ཡང་དགོད་ཙམ་བྱས་ཏེ། “དེ་ནི་ཟླ་འགའི་སྔོན་དུ་བྱུང་བའི་དོན་དག་ཡིན་འདུག ད་ལྟ་སྐྱོན་ཅི་ཡང་མི་འདུག་པའི་ཁར་ད་དུང་སློབ་སྦྱོང་ཧ་ཅང་བཟང་བོ་ཞིག་ཏུ་གྱུར་འདུག ཨ་ལགས་ཀྱིས་ཁོ་རང་སྐྱེ་བ་བཟང་བོ་ཞིག་རེད། ད་ལྟ་ཅི་ཞིག་སད་ཟིན་པ་རེད་གསུང་གིན་འདུག་”ཅེས་བཤད།
  དོན་གྲུབ་ཀྱིས་ཁོ་མོས་བཤད་པའི་ནང་དོན་ཅི་ཡང་མ་གོ་བར། “ཁྱོད་ཀྱིས་གསལ་བོར་ཤོད་དང་། དོན་ངོ་མར་དོན་དག་ཅི་ཞིག་བྱུང་སོང་བ་རེད། ”ཞེས་དྲིས་བྱུང་།
  ཚེ་སྐྱིད་ཀྱིས་གཞི་ནས་ཕྱི་དྲོ་དགེ་རྒན་དེ་ལ་འཕྲད་ནས་དགེ་འདུན་རྒྱ་མཚོ་ཆུ་ནང་དུ་ལྷུང་བའི་སྐད་ཆ་གོ་ཚུལ་དང་ཁོ་མོ་དགོན་པར་སོང་ནས་དགེ་འདུན་རྒྱ་མཚོར་ཇི་ལྟར་འཕྲད་ཚུལ། དགེ་འདུན་རྒྱ་མཚོས་ཀླུ་མོ་སྒྲོལ་མ་མཐོང་ནས་ཅི་འདྲ་དགའ་ཚུལ། ཨ་ལགས་ཀྱི་ཤག་ཏུ་སོང་རྗེས་ཁོང་གིས་གནས་ཚུལ་རྒྱས་པ་ཇི་ལྟར་གླེང་ཚུལ་སོགས་ཇི་མ་ཇི་བཞིན་དུ་ཁོ་ལ་ཞིབ་བརྗོད་བྱས་པས། དོན་གྲུབ་ཀྱིས་ཀྱང་གཞི་ནས་ཧ་གོ་ཙམ་བྱུང་སོང་ཡང་དགེ་འདུན་རྒྱ་མཚོ་མི་གཞན་ཞིག་ཏུ་གྱུར་འདུག་ཅེས་པར་གཏན་ནས་ཡིད་མ་ཆེས།
  དགོང་ཟས་འཐུང་དུས་ཀྱང་ཚེ་སྐྱིད་ཀྱིས་ཡིད་ཧ་ཅང་དགའ་བའི་ངང་མུ་མཐུད་དུ་བུ་མོ་གཉིས་ཀར་ཕུ་བོ་དགེ་འདུན་རྒྱ་མཚོའི་གནས་ཚུལ་ཁོ་ན་བཤད་ཀྱིན་འདུག
ཚེ་སྐྱིད་མ་བུ་ཚོ་སྦུག་ཁང་དུ་ཉལ་བར་ཕྱིན་རྗེས། དོན་གྲུབ་ད་དུང་འབོལ་ཁྲིའི་སྟེང་དུ་བསྡད་དེ་ཡུན་རིང་ཙམ་ལ་འདང་བརྒྱབ་ནས་ཆིག་ལབ་ཀྱི་ཚུལ་དུ། “ངོ་མ་དེ་འདྲའི་དཔེ་ཞིག་འཇིག་རྟེན་དུ་ཨེ་སྲིད་དམ”ཟེར།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༣

2012-03-27 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།