ནེའུ་ཡོག་གི་རྡོ་རྗེ།༡

འཇིགས་མེད་ནུབ་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-28

           "འཕྲལ་སེལ་གྱི་ལས་ཀ་ཞིག་བཙལ་ན་ཡག"
  
ང་མཐོ་སློབ་མཐར་ཕྱིན་རྗེས་ནེའུ་ཡོག་ལ་སོང་། ནེའུ་ཡོག་ཏུ་ང་ལ་ཨ་མདོའི་ངོ་ཤེས་གྲོགས་པོ་ཞིག་ཡོད་ཅིང་ཁོང་གི་མིང་ལ་འབུམ་སྐྱབས་ཟེར།  ངེད་གཉིས་ཕན་ཚུན་ལ་ཆ་རྒྱུས་ཆེན་པོ་མེད་ན་ཡང་། ཁོང་དང་པེ་ཅིང་དུ་ཡོད་པའི་ངའི་ཨ་ཁུ་གཉིས་གྲོགས་པོ་བློས་ཐུབ་ཡིན། ཁོང་གིས་པེ་ཅིང་དུ་ཞིབ་འཇུག་སློབ་སྦྱོང་བྱེད་དུས་ངའི་ཨ་ཁུའི་རྩར་ལོ་གཉིས་ལྷག་བསྡད་འདུག དེར་བརྟེན། ཁོང་གིས་ཟླ་གཅིག་གི་ནང་ཚུན་དུ་ང་ལ་ཉུང་མཐར་ཡང་ཁ་པར་རེ་གཏོང་བ་མ་ཟད། སློབ་གྲྭའི་གུང་གསེང་སོགས་ཀྱི་སྐབས་སུ་ཁོང་གི་རྩར་ཤོག་ཟེར་ནས་ཨུ་ཚུགས་ཀྱང་བྱེད།  ད་དུང་། ཁོང་ཨ་རིར་སླེབས་པའི་ཕྱི་ལོ་དེར་ཁོང་ཆེད་དུ་ངའི་སློབ་གྲྭར་ང་ལ་བལྟ་རུ་ཡོང་། ངའི་སློབ་གྲྭ་ནི་ནེའུ་ཡོག་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ན་དུས་ཚོད་བརྒྱད་དགུ་ཙམ་གྱི་མཚམས་ན་ཡོད། ངའི་སློབ་ཐོན་མཛད་སྒོའི་གོང་དུ་ཡང། ཁོང་གིས་ཁ་པར་སླེབས་ནས། "ཨ་རོ། ཁྱོད་སྤོ་ལངས་མི་ཉན། ང་ཁྱོའི་མཐར་ཕྱིན་མཛད་སྒོར་ཡོང་མི་ཐུབ་གི ང་ལ་ལས་ཀ་ནས་གནང་བ་སྤྲད་མ་སོང་། མཐར་ཕྱིན་མཛད་སྒོ་ཚར་བའི་རྗེས་སུ་སློབ་གྲྭར་འདུག་མི་དགོས་ན། ཐད་ཀར་ངའི་རྩ་ལ་ཤོག"ཟེར། "སྐྱོན་ནི་མ་རེད། ང་ཡང་གཅིག་བྱས་ན་མཐར་ཕྱིན་མཛད་སྒོ་ལ་འགྲོ་རྩིས་མེད། མཐར་ཕྱིན་ལག་འཁྱེར་རག་པ་དང་སློབ་གྲྭ་ནས་ཐོན་གི་ཡིན།"ངས་ལན་སྟབས་བདེ་ཞིག་སྤྲད།
   ནེའུ་ཡོག་ཏུ་མ་སླེབས་སྔོན་ལ། ངེད་གཉིས་ཀྱི་བར་དུ་གླེང་མོལ་འདི་ལས་གཞན་མ་བྱུང་། ངས་ཀྱང་སེམས་སུ་སོ་སོར་འགྲོ་ས་ཞིག་ཡོད་དྲན་ནས། མཐར་ཕྱིན་མཛད་སྒོའི་དགོང་ཚོགས་དེ་ལ་ཡང་མ་བསྡད་པར་ནེའུ་ཡོག་ལ་ཐོན། ངའི་སློབ་གྲྭའི་འཁྲིས་ནས་ནེའུ་ཡོག་བར་དུ་རྒྱུག་བཞིན་པའི་རླངས་འཁོར་དེའི་བདག་པོ་རྒྱ་རིགས་ཡིན། ཁ་ལོ་བ་ཡང་རྒྱ་རིགས་ཡིན། རླངས་འཁོར་གྱི་རིན་གོང་ཡང་ཨ་རིའི་ནང་གི་སྤྱི་སྤྱོད་རླངས་འཁོར་གཞན་དང་བསྡུར་ན་ཆུང་། དུས་ཚོད་བརྒྱད་ཀྱི་ལམ་ཐག་ལ་ཡང་ཨ་སྒོར་སུམ་ཅུ་ཙམ་ཡིན། ཨ་རིའི་ནང་དུ་རྒྱའི་རླངས་འཁོར་འདི་ལ་བསྡད་ནས་འགྲུལ་བཞུད་བྱེད་མཁན་ཇེ་མང་ལ་འགྲོ་གིན་ཡོད་པ་མ་ཟད། ནེའུ་ཡོག་གཙོས་བའི་ཨ་རིའི་གྲོང་ཁྱེར་མང་པོའི་ནང་དུ་རྒྱའི་སྤྱི་སྤྱོད་རླངས་འཁོར་གྱི་གྲངས་ཀ་ཡང་འཕེལ་བཞིན་ཡོད།  ནེའུ་ཡོག་ཏུ་འགྲོ་མཁན་ཞིག་ཡིན་ཚེ། རླངས་འཁོར་འདིའི་མཐའ་མའི་འབབ་ཚིགས་དེ་ནེའུ་ཡོག་གྲོང་ཁྱེར་གྱི་རྒྱ་ནག་གྲོང་རྡལ་(China town)ཟེར་བ་དེ་ཡིན། སྔོན་ཆད་འདི་ལ་(Little Italy)"ཨེས་ཁྲ་ལིས་ཆུང་ངུ་"ཟེར་གི་ཡོད་མོད། རྗེས་སུ་རྒྱ་རིགས་སྐྱབས་བཅོལ་བ་ཇེ་མང་དུ་སོང་བར་བརྟེན་དེང་སང་འདི་ལ་རྒྱ་ནག་གྲོང་རྡལ་འབོད་གི་ཡོད། དེ་ཡང་། ནེའུ་ཡོག་ཏུ་རྒྱ་རིགས་འདུས་སྡོད་ཀྱི་ལྟེ་གནས་གཉིས་ཡོད་ཅིང་། གཅིག་ནི་"རྒྱ་ནག་གྲོང་རྡལ"་དང་གཞན་དེ་ལ་"ཧྥི་ལ་ཞིན" (Flushing)ཟེར།  རྒྱ་ནག་གྲོལ་རྡལ་དེ་དེང་སང་ཡུལ་སྐོར་སྤྲོ་འཆམ་པ་ཚོ་འགྲོ་ས་ཆགས་ནས་ཡོད།
   ང་སློབ་གྲྭ་ནས་དགོང་མོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་དུ་རླངས་འཁོར་ལ་བསྡད་ཅིང་། ནེའུ་ཡོག་གི་རྒྱ་ནག་གྲོང་བརྡལ་དུ་ཞོགས་པའི་དུས་ཚོད་བརྒྱད་པའི་སྟེང་འབྱོར་སོང་། ནེའུ་ཡོག་ཏུ་འབྱོར་མཚམས། ངས་འབུམ་སྐྱབས་ལ་ཁ་པར་བཏང་ནས་ཁོང་གི་སྡོད་སའི་ཁ་བྱང་ང་ལ་ཁ་པར་སྟེང་བསྐུར་རོགས་ལབ་པ་ཡིན། ཁོང་གིས་ཁ་པར་ལས་ "ཁང་པའི་ལྡེ་མིག་ཁང་པའི་སྒེའུ་ཁུང་འགྲམ་གྱི་མེ་ཏོག་གི་རྫ་བུམ་དེའི་འོག་ཏུ་བཞག་ཡོད། ཞོགས་ཟས་སྟབས་བདེ་ཞིག་བཟོས་ནས་འཁྱག་སྒམ་དུ་བཅུག་ཡོད། དྲ་འབྲེལ་གྱི་མིང་དེ་ཁ་བ་ཅན་(Khawachen)དང་དེའི་གསང་གྲངས་དེ(earlytibet2013)ཡིན། ཁྱོད་ལྷོད་ལྷོད་བྱས་ནས་སྡོད་དང་ང་དགོང་ཁ་སྔ་ཙམ་ནང་ལ་ལོག་ཡོང།"ལབ་སོང་། "མི་སྐྱོན། ང་ལ་སེམས་ཁྲལ་མ་བྱེད།"ངས་དེ་ལྟར་ལན་སྤྲད།   
   ངས་རྒྱ་ནག་གྲོལ་རྡལ་ནས་གླ་གཏོང་རླངས་འཁོར་སེར་བོ་ཞིག་གླས་ནས་འབུམ་སྐྱབས་ཀྱི་ནང་ལ་སོང་། གླ་གཏོང་རླངས་འཁོར་སེར་པོ་དེ་གླ་གཏོང་རླངས་འཁོར་ནག་པོ་ལས་རིན་གོང་ཅུང་ཙམ་ཆུང་། ནེའུ་ཡོག་ལ་གླ་གཏོང་རླངས་འཁོར་སེར་པོ་དང་ནག་པོ་གཉིས་མ་གཏོགས་མེད། རྒྱ་ནག་གྲོལ་རྡལ་དེ་ནེའུ་ཡོག་གི་གྲོང་ཁྱེར་ལྟེ་བ་"མན་ཧ་ཁྲིན་"(Manhattan)ན་ཡོད་ཅིང་ངའི་གྲོགས་པོ་སྡོད་ས་དེ་(Queens)"ཁོན་སུ་"ཟེར་བ་དེ་ཡིན། ལམ་བར་དུ་སྐར་མ་ཉི་ཤུ་རྩ་ལྔ་ཙམ་འགོར་ཅིང་ཨ་སྒོར་སུམ་ཅུ་སོ་གཉིས་ཙམ་སྤྲོད་དགོས་བྱུང་སོང་། འབུམ་སྐྱབས་ཀྱི་ནང་ལ་འབྱོར་རྗེས་ངས་ཁོང་གི་ལག་འཁྱེར་ཁ་པར་སྟེང་དུ་"་ང་སླེབས་སོང"་ཟེར་ནས་འཕྲིན་ཐུང་ཞིག་བསྐུར། འཁྱག་སྒམ་ནང་གི་ཞོགས་ཟས་དེ་མར་བླངས། ཐབ་ལ་ཇ་ཞིག་སྐོལ། ཞོགས་ཟས་ཟ་ཞོར་དུ་འབུམ་སྐྱབས་ཀྱི་ནང་ལ་ཡང་ཞིབ་ལྟ་ཞིག་བྱས།  
   འབུམ་སྐྱབས་སྡོད་ས་ནི་ཆེ་རྒྱུ་མེད་ལ་ཆུང་རྒྱུ་ཡང་མི་འདུག ཁང་མིག་གཉིས་དང་ཁང་མིག་རེ་ལ་སྒེའུ་ཁུང་ཆུང་བ་རེ། ཁང་མིག་གཉིས་ཀྱི་དབར་ན་མགྲོན་པོ་འདུག་སའམ་ཟ་མ་ཟ་སའི་བར་སྟོང་ཞིག དེ་རུ་བརྙན་འཕྲིན་གཅིག་དང་བརྙན་འཕྲིན་རྒྱབ་ཀྱི་རྩིག་གྱང་གི་ངོས་སུ་པོ་ཏ་ལའི་འདྲ་པར་ཞིག   ད་དུང་། ཅོག་ཙེ་ནར་མོ་ཚོས་གཞི་དམར་པོ་ཅན་ཞིག་དང་དེའི་མཐའ་འཁོར་དུ་མི་གསུམ་རེ་ཤོང་སའི་སོ་ཧྥ་(sofa)ནར་མོ་གཉིས། ཁང་པའི་ནང་ལ་འཛུལ་བ་དང་ལག་པའི་གཡོན་ཕྱོགས་དེ་ཐབ་ཚང་དང་གཡས་ཕྱོགས་དེར་འཁྲུས་ཁང་འདུག ཅ་ལག་གཞན་དག་ལ་རེ་རེ་བཞིན་ངས་ཞིབ་ལྟ་མ་བྱས། བལྟ་འདོད་ཀྱང་མ་བྱུང་། དེ་ནས་དྲ་རྒྱའི་སྒང་གི་བོད་དང་འབྲེལ་བའི་གསར་འགྱུར་འགའ་བཀླགས། དྲ་རྒྱའི་སྒང་ན། ཨ་དཀོན་རིན་པོ་ཆེ་རྒྱ་ནག་གི་ཁྲིན་ཏུ་རུ་ཡོད་པའི་"བོད་མིའི་ཁྲོམ་"ཟེར་བ་དེར་གཞན་གྱིས་བཀྲོངས་པའི་གསར་འགྱུར་སྤེལ་འདུག གསར་འགྱུར་དེ་མཐོང་བ་དང་ངའི་སེམས་པ་གློང་གློང་དུ་གྱུར།  བླ་མ་ཁོང་ཁ་སྔོན་ངེད་ཀྱིས་བལྟས་བའི་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་སྐོར་གྱི་དངོས་བྱུང་གློག་བརྙན་ "ཡེ་ཤེས་འཆོལ་བ" ཟེར་བ་དེའི་ནང་གི་ཨ་དཀོན་རིན་པོ་ཆེ་དེ་ཡིན་པ་སེམས་ལ་དྲན།
   "ཏིར་ཏིར།  ཨ་རོ། ཁྱོད་ལྷོད་ལྷོད་བྱས་ནས་སྡོད་ཨ། ཟ་རྒྱུ་འཐུང་རྒྱུ་ཅི་ཡོད་ན་མ་འཛེམས། གཅིག་བྱས་ན་ང་ནམ་རྒྱུན་ལས་སྔ་ཙམ་ནང་ལ་ལོག་ཡོང་ཐུབ་ན་ཐང་།" འབུམ་སྐྱབས་ཀྱིས་ཁ་པར་སླེབས། "ང་ལ་སེམས་ཁྲལ་མེད། ང་ལྷོད་ལྷོད་བྱས་ནས་བསྡད་ཡོད།" ངས་ཀྱང་ལན་སྟབས་བདེ་ཞིག་བཏབ། ང་ཡང་ཅུང་ཙམ་ཐང་ཆད་པ་འདྲ། ངལ་གསོ་ཅུང་ཙམ་རག་པའི་སླད་དུ་སོ་ཧྥའི་སྒང་ལ་ལོག ཕལ་ཆེར་ང་གཉིད་ཤོར་ཡུན་རིང་དྲགས་པ་འདྲ། ང་གཉིད་ལས་སད་དུས་འབུམ་སྐྱབས་ནང་ལ་འབྱོར་ཚར་བས་མ་ཟད་ཐབ་ཚང་དུ་ཇ་ཞིག་སྐོལ་བཞིན་འདུག "ཨ་རོ། ཁྱོད་མདང་དགོང་རླངས་འཁོར་ནང་ནས་ཐང་ཆད་སོང་ངམ། ཁྱོད་ད་རུང་གཉིད་ན་འདོད་ན། ངའི་ཉལ་ཁང་ནང་ལ་སོང་ནས་གཉིད་ན་འགྲིག་གི་རེད།" འབུམ་སྐྱབས་ཀྱིས་དེ་ལྟར་ལབ། "མིན། ད་གཉིད་མི་དགོས་གི"ངས་ལན་བཏབ། "ཁྱོའི་ལས་ཀ་ག་འདྲ་འདུག དཀའ་ལས་ཁག་སོང་ངམ།ངས་དྲིས། "ལས་ཀ་ནམ་རྒྱུན་དང་གཅིག་པ་རེད། ཟ་ཁང་ནང་གི་ཟ་མ་ཡར་སྐྱེལ་མར་སྐྱེལ་བྱེད་རྒྱུ་དེ་རེད། ལུང་པ་འདི་ནས་ལས་ན་མི་འདོད་ན་ཡང་ལས་དགོས་ནི་རེད། མ་ལས་ན་ལས་མེད་ཆགས་འགྲོ་གི་རེད། ལས་མེད་ཆགས་སོང་ན་ཟླ་རེའི་ཁང་གླ་སྤྲོད་ཐུབ་ནི་མ་རེད། ཧི་ཧི། ད་ངའི་ལས་ཀའི་སྐོར་བཤད་པ་ལས་ཇ་འདི་འཐུང་དང་། ངའི་རོགས་པ་ཡང་སླེབས་གྲབས་ཡོད། དོ་དགོང་ངས་འཐེན་ཐུག་ཞིག་སྐོལ།"ཁོང་གིས་དེ་སྐད་ཟེར་བཞིན་ངའི་མདུན་ལ་ཇ་ཕོར་བ་གཅིག་བཞག ངས་ཇ་ལ་ཧུབ་ཙམ་བྱེད་པ་ལས་ཁོང་ལ་ལན་མ་བསློགས། "ཁྱོད་ལ་འདུག་རོགས་ཤིག་ཀྱང་ཡོད་དམ"ངས་ཁ་སྡོད་མ་ཚུགས་ནས་བསྐྱར་དུ་དྲིས། "ཡོད་ནི་རེད། ཁོང་གི་མིང་ལ་འཇིགས་མེད་ཟེར། ཁོང་རྒྱ་གར་བྷེལ་ཀོབ་གཞིས་ཆགས་ནས་རེད། འདུག་རོགས་ཤིག་མེད་ན། ང་གཅིག་པོས་ཁང་གླ་སྤྲོད་དཀའ་གི ཁང་གླར་ཟླ་གཅིག་ལ་ཨ་སྒོར་ཆིག་སྟོང་ལྔ་བརྒྱ་རེད།"འབུམ་སྐྱབས་ཀྱིས་དེ་ལྟར་ལབ་བཞིན་འཐེན་ཐུག་གི་གྲོ་ཕྱེ་བརྫུ་འགོ་བརྩམས། ངས་བསྐྱར་དུ་ཇ་ལ་ཧུབ་ཙམ་བྱས།
   ཅུང་ཙམ་ནས་འབུམ་སྐྱབས་ཀྱི་གྲོགས་པོ་ནང་ལ་འབྱོར། "བཀྲ་ཤིས་བདེ་ལེགས། ངའི་མིང་ལ་རྡོ་རྗེ་ཡིན།"ངས་རང་ཉིད་ངོ་སྤྲོད་སྟབས་བདེ་ཞིག་བྱས། "བཀྲ་ཤིས་བདེ་ལེགས། ང་འཇིགས་མེད་ཡིན།"ཁོང་གིས་དེ་ལྟར་ལབ་བཞིན་ང་ལ་ལག་འཇུག་ཞིག་བྱས། "ད། ཁྱོད་གཉིས་ལྷོད་ལྷོད་བྱས་ནས་སྡོད་ཨ། ངས་འཐེན་ཐུག་ཞིམ་པོ་ཞིག་སྐོལ་ཡོང་།"འབུམ་སྐྱབས་ཀྱིས་ཐབ་ཚང་ནས་ངེད་གཉིས་ཀྱི་ཕྱོགས་ལ་སྐེ་བསྲིངས་བཞིན་དེ་ལྟར་ལབ།  འཇིགས་མེད་འཁྲུས་ཁང་ནང་ལ་འཛུལ་སོང་། ངས་གློག་ཀླད་དེ་ཡར་སྣོག་མར་སྣོག་བྱས་ནས་བསྡད་། ངོ་དེབ་སྟེང་ནས་ཇི་ཙམ་འགོར་བ་ཡང་མ་ཤེས། ང་ལ་མཚོན་ན། མཚམས་ལན་རེར་ངོ་དེབ་སྟེང་དུ་འགྲོ་བ་ནི་མི་ངོ་ཤེས་ཞིག་ལ་སྐད་ཆ་འདྲ་མིན་གླེང་བ་དང་མཚུངས། དེ་ཡང་ཐོག་མར་གྲོགས་པོ་གཅིག་གི་ངོ་དེབ་སྟེང་ལ་སོང་ནས་གནས་ཚུལ་གསར་བ་དང་འདྲ་པར་གསར་བ་སོགས་ཡོད་མེད་བལྟས། ཡོད་ན་དེར་བསྣུན། དེ་ནས་དེའི་མིང་གི་འབྲེལ་ཐག་ཁོངས་སུ་ཡོད་པའི་གྲོགས་པོ་གཞན་དེའི་ངོ་དེབ་སྒང་ལ་ཕྱིན། འདི་ལྟར་མི་མི་འདྲ་བ་བཅུ་གྲངས་ཤིག་གི་འདྲ་པར་དང་གཏམ་རྒྱུད་ཀྱི་ཞིང་ཁམས་ལ་ཉུལ། འདི་ང་གཅིག་པོ་མིན། ངོ་དེབ་བེད་སྤྱོད་གཏོང་མཁན་མང་པོས་འདི་ལྟར་བྱེད།
   "ཡ་ད་འཐེན་ཐུག་འཐུང་། ཁྱོད་གཉིས་ལྟོགས་གི་ཡོད་སྲིད།" འབུམ་སྐྱབས་ཀྱིས་ཐབ་ཚང་ནས་སྐད་བརྒྱབ།  ང་ཚོས་སྒྲོག་ཙེའི་མཐའ་སྐོར། འཐེན་ཐུག་འཐུང་འགོ་བརྩམས། "ཁྱོད་ད་རུང་སློབ་གྲྭ་ན་ཡོད་དམ།"འཇིགས་མེད་ཀྱིས་དྲིས། "མེད། སློབ་གྲྭ་མཐར་ཕྱིན་ཚར་བ་རེད། ང་ཨ་རིར་༢༠༠༩ལོར་སླེབས་པ་རེད།"ངས་ལག་ཏུ་དཀར་ཡོལ་མགྱོགས་བཞིན་ལན་བཏབ། "ཨ་ལེ། སློབ་གྲྭ་ནས་ག་རེ་སྦྱངས་བ་ཡིན་ནམ།"ཁོང་གིས་བསྐྱར་དུ་དྲིས། "ངས་དངོས་ལུགས་སྦྱངས་བ་ཡིན།"ངས་ལན་སྤྲད། "དཔེ་ཡག་པོ་རེད། ཨ་རིའི་སློབ་གྲྭ་ཆེན་མོའི་ལག་འཁྱེར་ཞིག་ཡོད་ཚར་བའི་རྗེས་ལ། ཨ་རིའི་སྤྱི་ཚོགས་ནང་དུ་མདུན་ལམ་དང་གོ་སྐབས་གཉིས་ཀ་ཡག་པོ་ཡོད་པ་རེད། ང་ལྟ་བུར་མཚོན་ན། རྒྱ་གར་དུ་མཐོ་སློབ་མཐར་ཕྱིན་རུང་། ཨ་རིར་སླེབས་ནས་ད་ལྟ་མགྲོན་ཁང་ཞིག་ཏུ་ལས་ཀ་བྱེད་བཞིན་ཡོད། སོ་སོས་ད་བར་དུ་སློབ་སྦྱོང་བྱས་བ་དེ་ཚོ་དང་འབྲེལ་བ་ཡོད་མ་རེད།"ཁོང་གིས་གདོང་གནག་ནས་ལབ། ངས་གདོང་ལ་འཛུམ་བཅོས་མ་ཞིག་བསྡུས། "ཡ། ད་རུང་དཀར་ཡོལ་གང་འཐུང་།"འབུམ་སྐྱབས་ཀྱིས་ངའི་མདུན་གྱི་དཀར་ཡོལ་ཕར་འཁྱེར། "ཉུང་ཉུང་ཞིག་མ་གཏོགས་མ་བླུགས། ངས་མང་པོ་འཐུང་ཐུབ་གི་མི་འདུག" ངས་རྫི་བྱས། "དེས་ན། རྒྱ་གར་དང་བལ་ཡུལ་གྱི་བོད་པའི་སྤྱི་ཚོགས་ནང་གི་ཤེས་ཡོན་ཡོད་མཁན་དང་འཇོན་ཐང་ཡོད་མཁན། མགོ་གྲུང་བ་དེ་ཚོ་ཨ་རི་ལ་ཡོང་གི་ཡོད་པ་མ་རེད་དམ།"ང་སྡོད་མ་ཚུགས་ནས་ཁོང་གཉིས་ཀྱི་དབར་ལ་དྲི་བ་ཞིག་གཡུགས། འཇིགས་མེད་ཀྱི་ཁ་ཐུག་པའི་ནང་ལ་ཤོར་འདུག "ཕ་གི་ལ་མགོ་གྲུང་པོ་ཡོད་ན་ཡང་། ཨ་རིའི་སྤྱི་ཚོགས་ནང་ལ་ཆེད་ལས་ཀྱི་སློབ་སྦྱོང་དགོས་རྒྱུ་དེ་གལ་ཆེ་ཤོས་རེད། ཨ་རིའི་ནེའུ་ཡོག་གཅིག་པོར་བོད་མི་བརྒྱད་སྟོང་ལྷག་ཡོད་པ་རེད། དེའི་ནང་དུ་ཆེད་ལས་ཀྱི་སློབ་སྦྱོང་དང་ལས་ཀ་ཡོད་མཁན་ཧ་ཅང་ཉུང་ཉུང་རེད། དཔེར་ན། སྐྱེས་པ་བརྒྱ་ཆ་བདུན་ཅུ་ཙམ་གྱིས་མགྲོན་ཁང་དང་ཟ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། བུད་མེད་བརྒྱ་ཆ་དྲུག་ཅུ་ཙམ་གྱིས་བྱིས་གཉོར་གྱི་ལས་ཀ་བྱེད་ཀྱི་ཡོད་པ་རེད། འདི་དངོས་ཡོད་རེད། ཡིན་ན་ཡང་། སོ་སོའི་མི་ཚེ་འགྲིག་འགྲོ་གི་ཡོད་པ་རེད། ད་དུང་། བོད་དང་རྒྱ་གར་སོགས་ན་ཡོད་པའི་སོ་སོའི་སྤུན་མཆེད་དང་ནང་མི་སོགས་ལ་དཔལ་འབྱོར་་གྱི་རོགས་རམ་ཡང་བྱེད་གི་ཡོད་པ་རེད།"འབུམ་སྐྱབས་ཀྱིས་དེ་ལྟར་ལབ་བཞིན་ཕོར་བ་ངའི་མདུན་ལ་བཞག ངས་བསྐྱར་དུ་དྲི་བ་མ་བཏང་། འདྲི་ཡང་མ་ཕོད། ངས་མདུན་གྱི་ཕོར་བ་ལག་ཏུ་བླངས། "ད་ཁྱེད་རང་གིས་ཀྱང་འཕྲལ་སེལ་གྱི་ལས་ཀ་ཞིག་བཙལ་ནས་ཉམས་མྱོང་བསགས་ན་ཡག་གི་རེད།"འབུམ་སྐྱབས་ཀྱིས་ཁ་སྣོན་བྱས། "རེད་རེད ངས་ཀྱང་དེ་འདྲ་བསམ་བཞིན་ཡོད།"ངས་ལན་བཏབ།
   ང་ཚོས་གླེང་མོལ་འདྲ་མིན་བྱས་ནས་མཚན་གྱི་དུས་ཚོད་བཅུ་གཉིས་བར་དུ་བསྡད། འབུམ་སྐྱབས་ཀྱིས་སོ་ཧྥའི་སྒང་དུ་ང་ལ་ཉལ་ས་སྟབས་བདེ་ཞིག་བཟོས། ང་དེ་རུ་ཉལ། ངའི་སེམས་སུ་འབུམ་སྐྱབས་ཀྱི་སྐད་ཆ་དེ་ཡར་སྣོག་མར་སྣོག་བྱས། "ད་ཁྱེད་རང་གིས་ཀྱང་འཕྲལ་སེལ་གྱི་ལས་ཀ་ཞིག་བཙལ་ནས་ཉམས་མྱོང་བསགས་ན་ཡག་གི་རེད།"

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནེའུ་ཡོག་གི་རྡོ་རྗེ།༡

2013-11-28 འཇིགས་མེད་ནུབ་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།