མི་རྒོད་དམར་པོ།

གཉལ་བཀྲ་ཤིས་བསྟན་པ།༼གཞིས་ཀརྩེ་ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-09

  ལྗོན་ཤིང་གི་ཡལ་འདབ་ལྡེམ་ལྡེམ་དུ་གཡོ་ཞིང་བྱ་རིགས་ཀྱི་གསུང་སྐད་རྣ་བར་འཇེབས། གྲོང་ཚོའི་ཤར་ངོས་ཀྱི་རྒྱུག་ཆུ་དེ་ཧར་སྒྲ་དང་བཅས་ཏེ་དྭངས་ཁྲོམ་ཁྲོམ་ངང་རྒྱུག་ལ།  རྒྱུག་ཆུའི་གཡས་གཡོན་གྱི་ན་ཁའི་སྟེང་དུ་རྩ་ཆུང་རྣམས་སྔོ་ཤང་ཤང་དུ་སྐྱེས་པ་དང༌། ཁྲ་ཆིལ་གྱི་མེ་ཏོག་སྣ་ཚོགས་ཀྱང་བཞད་འགོ་ཚུགས། ལོ་གཅིག་དུས་གཅིག་གི་དཔྱིད་ལས་རྣམས་སྔ་ས་ནས་གྲུབ་ཟིན་པས་ཡུལ་སྨད་གྲོང་ཚོའི་མི་རྣམས་ཅང་ལས་རྒྱུ་མེད་པར་འགྱུར་ཏེ་གོམས་སྲོལ་བཞིན་ཉི་ཁུག་ཏུ་འདུས་ཏེ་རྐུབ་ལབ་འདྲ་བརྗོད་པའམ་སྒྲུང་འདྲ་བཤད་ནས་ཉི་མ་འཁྱོལ་བར་བྱེད།  ངོ་མ་རི་བོའི་ཕར་རྒྱབ་ཀྱི་འཇིག་རྟེན་རྣམས་བྱ་འཕུར་བ་ལྟར་མདུན་དུ་སྐྱོད་ཀྱང་ཕྱི་རོལ་དང་འབྲེལ་བ་ཆེས་ཉུང་བའི་རི་ཁུག་གི་གྲོང་ཚོ་འདིའི་མི་རྣམས་ཀྱི་འདུ་ཤེས་ལ་ཤུགས་རྐྱེན་ཅི་ཡང་མ་ཐེབས་ལ། གྲོང་ཚོ་འདིའི་དབུལ་ཞིང་ཕོངས་པའི་འཚོ་བར་ཡང་འགྱུར་བ་གང་ཡང་མ་བྱུང༌།  འོན་ཀྱང་ཉེ་ལམ་གྲོང་ཁྱེར་དུ་གྲོང་གསེབ་ནས་ཐོན་པའི་ཤ་མོར་རིན་ཐང་མཐོ་པོ་སྤྲོད་ཀྱི་འདུག་ཅེས་པའི་འཕྲིན་གསར་ཞིག་གྲོང་ཚོའི་ནང་ཁྱབ་པས་ཡུལ་སྨད་གྲོང་ཚོའི་གཞོན་ནུ་ཞིག་གི་སེམས་ནང་ཙཱ་རི་རོང་གི་ནགས་གསེབ་ཏུ་སྐྱེས་པའི་ཤ་མོ་རྣམས་དྲན་བཞིན་ཡོད།   གཞོན་ནུ་དེ་ནི་བཀྲ་བསྟན་རེད།   ཁོའི་སེམས་ལ་དེ་འདྲ་ཡིན་ན་དངུལ་གསོག་རྒྱུར་དཀའ་ལས་དེ་ཙམ་རྒྱག་དགོས་པ་མི་འདུག་སྙམ་སྟེ་རང་གི་གྲོགས་པོ་བློ་བཟང་བཙལ་ནས་ཙཱ་རི་རོང་གི་ཤ་མོ་འཐུ་བར་འགྲོ་རྒྱུའི་གྲོས་བྱས།
  དེ་ཡང་ཙཱ་རི་རོང་ནི་ཡུལ་སྨད་གྲོང་ཚོ་དང་བར་ཐག་རིང་པོ་དེ་ཙམ་མེད་ཅིང༌།  གནས་དེ་ནི་བོད་ཁུལ་ན་སྐད་གྲགས་ཡོད་པའི་གནས་བཟང་ཙཱ་རི་ཞེས་པ་དེ་རེད།  བཅིངས་འགྲོལ་མ་བཏང་བའི་སྔོན་ལ་ནང་བསྟན་གྱི་དད་ལྡན་པ་ཚོས་གནས་དེ་སྐོར་བར་འགྲོ་ཞིང༌།  དེ་བས་སྤྲེལ་ལོར་སྐྱེ་བོ་མང་པོ་ཞིག་ཙཱ་རི་རོང་སྐོར་ ཞེས་གནས་དེ་ཧྲིལ་པོ་བསྐོར་བར་འགྲོ་གིན་ཡོད།   འོན་ཀྱང་གནས་དེར་གདོད་མའི་ནགས་ཚལ་གྱིས་ཁེངས་པའི་ཐོག་གཅན་གཟན་དང་དུག་སྦྲུལ་གྱི་རིགས་མང་ཞིང༌།  འགྲོ་ལམ་སྟབས་བདེ་མེད་པས་ཉེན་ཁ་ཤིན་ཏུ་ཆེ།  ད་ལྟ་གནས་དེ་ནི་ཀྲུང་གོའི་མཐའ་སྲུང་ས་ཐིགས་གལ་ཆེན་ཞིག་ཡིན་ལ།  གནས་ལམ་དེའི་ཆ་ཤས་ཤིག་རྒྱ་གར་གྱིས་ཟིན་ཡོད་པས་འགྲོ་མི་མང་པོ་དེ་ཙམ་མེད།
    ཉི་བཞོན་ཤར་རིའི་རྩེ་མོ་ནས་འཆར་ལ་ཉེ་བའི་ཞོགས་པ་ཞིག་བཀྲ་བསྟན་དང་བློ་བཟང་གཉིས་ཙཱ་རིའི་གདོད་མའི་ནགས་ཚལ་དུ་ཤ་མོ་འཐུ་བར་སོང༌།  ཧ་ལམ་ཆུ་ཚོད་གསུམ་ཙམ་བསྐྱོད་མཐར་ཁོ་གཉིས་ནགས་ཁྲོད་དུ་འབྱོར་ཞིང༌།   ནག་ལ་སྟུག་པའི་གདོད་མའི་ནགས་ཚལ་དང་ལྷུང་ལྷུང་དུ་བབས་པའི་དྭངས་གཙང་གནས་ཆུ།  རྩེ་གྲི་མཁའ་ལ་གཏད་པ་ལྟ་བུའི་གནས་རི།  ནགས་གསེབ་གང་སར་སྐྱེས་པའི་ཤ་མོ་སྣ་ཚོགས་སོགས་ཀྱིས་ཁོ་གཉིས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག   ཕྱི་དྲོའི་ཆུ་ཚོད་གསུམ་པའི་ཐོག་ཁོ་གཉིས་“ཡུལ་སྐོར་བ་དང་གནས་སྐོར་བ་ས་འདི་ནས་འགྲོ་མི་ཆོག་”ཞེས་འཁོད་པའི་ཤིང་བྱང་ཞིག་གིས་ཁོང་གཉིས་ཀྱི་མདུན་སྐྱོད་ཀྱི་འགྲོ་ལམ་བཀག་ ཚུལ་དེར་བལྟས་ན་ཤིང་བྱང་དེའི་ཕར་ཕྱོགས་ནི་ཉེན་ཁ་ཤིན་ཏུ་ཆེ་བའི་ས་ཆ་ཞིག་ཡིན་པ་འདྲ་ལ།  ཤོད་སྲོལ་ལ་དེ་སྔོན་གང་འདོད་ཅན་གྱི་སྐྱེ་བོ་མང་པོ་ཞིག་གནས་དེ་གྲོལ་རྗེས་ཚུར་ལོག་ཐུབ་མེད་ཟེར།  
   བཀྲ་བསྟན་གྱིས་“འགྲོ  ང་གཉིས་ཕ་གིའི་ནགས་ཚལ་དཀྱིལ་དུ་བལྟ་ཙམ་བྱེད་པར་འགྲོ  ད་ལྟ་ས་རུབ་མི་འདུག་པས་སྐྲག་དགོས་དོན་ཅི་ཡོད་”ཅེས་རང་ཉིད་ཀྱི་གྲོགས་པོ་བློ་བཟང་ལ་འགྲོ་དགོས་པའི་བརྡ་བཏང༌།  འོན་ཀྱང་ཁོའི་གྲོགས་པོ་བློ་བཟང་ནི་བུད་མེད་སྙིང་ཆུང་ཞིག་དང་འདྲ་བར་བླ་རྩ་སྔར་ནས་འདར་སྟབས་ད་གཟོད་འགྲོ་མི་ནུས་པའི་བཟོ་ཞིག་བསྟན།  དེས་ན་བཀྲ་བསྟན་གྱིས་“འོ་ན་ཁྱེད་རང་འཁྱུག་ཙམ་འདི་གར་སྒུག་སྡོད་ཨ།  ངས་སྐོར་བ་ཞིག་བརྒྱབ་ནས་ལམ་སེང་འདི་གར་སླེབས་ཡོང་”ཞེས་བརྗོད་བཞིན་རང་ཉིད་ཁེར་བུ་ཤིང་བྱང་དེ་ལས་གྲོལ་ཏེ་ནགས་ཚལ་དཀྱིལ་དུ་བསྐྱོད།  སྦྲུལ་གཟུགས་ལྟ་བུའི་ལམ་ཆུང་དང༌། སྔར་ཐོས་མ་མྱོང་བའི་སེམས་ཅན་གྱི་སྐད་རིགས་སྣ་ཚོགས།  ས་སྟེང་དུ་གསེར་ནག་བཤོས་པ་ལྟ་བུའི་ནགས་གསེབ་ཀྱི་ཉི་ཐིགས།   སྦྲུལ་རིགས་སྣ་ཚོགས་ཀྱི་འཁྱུག་འགྲོས་སོགས་ཀྱིས་བཀྲ་བསྟན་གྱི་ལུས་ཧྲིལ་པོར་གྲང་ཤུར་ཞིག་ཁྱབ་འགོ་ཚུགས།  ཧ་ལམ་ཁོས་སྐར་མ་ཉི་ཤུ་ཙམ་བསྐྱོད་ནས་ཕྱིར་ལོག་སྐབས་སྔར་གྱི་བགྲོད་ལམ་དེ་མི་རྙེད་པར་གྱུར།  ཁོས་སྔར་གྱི་ལམ་བུ་དེ་ཇི་ལྟར་བཙལ་ཀྱང་མི་རྙེད་ཅིང༌།  རིམ་བཞིན་ས་རུབ་པར་ཉེ་བའི་དུས་ལ་སླེབས་པས་གནས་འདི་དེ་སྔོན་ཡུལ་སྐོར་བ་མང་པོའི་དུར་སར་འགྱུར་བའི་གནས་ཚུལ་ཡིད་ཀྱི་ཡོལ་བའི་ངོས་སུ་འཆར་ནས་སེམས་ནང་བརྗོད་མི་ཤེས་པའི་དངངས་སྐྲག་ཅིག་དབང་མེད་དུ་སྐྱེས།  རྫ་རི་དང༌།  མཚེའུ།  ནགས་ཚལ།  གཡང་རོང་བཅས་ཀྱིས་བདག་ཏུ་བཟུང་བའི་ས་དེ་ན་ཁོས་ཡང་སྙིང་རང་ཉིད་རི་ཆུ་གང་དུ་སླེབས་པ་ཚོད་དཔག་བྱེད་དཀའ་བར་འགྱུར།  སྐབས་དེར་གློ་བུར་དུ་རྒྱབ་ཕྱོགས་ནས་ལྕང་ལོ་སྔོན་མོ་གཉིས་ས་ལ་ཟགས་པ་ཁོའི་ཡིད་ཀྱིས་ཟིན་སྟབས་ཁ་ནས་རང་དབང་མེད་པར་“སྟག་ཐོན་བྱུང་”ཞེས་ཤོར་ཞིང༌། འཚབ་འཚུབ་དང་ཞེད་སྣང་གིས་བྲོས་དགོས་བྱུང༌། འོན་ཀྱང་སྟབས་མི་ལེགས་པར་བཀག་རྡོ་ཞིག་ལ་འདྲེད་བརྡར་ཤོར་ཏེ་གཏིང་ཚད་རྨིད་བརྒྱ་ཙམ་ཡོད་པའི་གཡང་རོང་ཞིག་ཏུ་ཟགས། དུས་ཡུན་ཇི་ཙམ་བསྒུགས་ཀྱང་བཀྲ་བསྟན་ལོག་ཡོང་མཁན་མེད་པ་དང༌།  སྐད་ཇི་ལྟར་བཏང་ཡང་མིས་ཨ་ལན་སློག་མཁན་མེད་པས་བློ་བཟང་སྔར་བས་སྐྲག་སྟེ་བཏུས་ཟིན་པའི་ཤ་མི་རྣམས་ཀྱང་དོར་ནས་བྱིས་པ་ཆུང་ངུ་ཞིག་ལྟར་ངུ་བཞིན་ས་མཆོངས་གནམ་མཆོངས་ངང་རང་ཡུལ་ཕྱོགས་སུ་བསྐྱོད།
  དུས་ཡུན་ཇི་ཙམ་འདས་པ་མི་ཤེས།   བཀྲ་བསྟན་དྲན་པ་གསོས་དུས་རང་ཉིད་བྲག་ཕུག་ཅིག་གི་ནང་དུ་སླེབས་ཡོད་པ་དང༌། བྲག་ཕུག་གི་སྒོ་དེ་རྡོ་ལེབ་ཆེན་པོ་ཞིག་གིས་བཀག་འདུག  ཁོའི་ངོ་གདོང་ལ་རྨས་སྐྱོན་ཆེན་པོ་བྱུང་ཡོད་ནའང་རྨ་ཁ་རྣམས་རང་ཉིད་ཀྱི་སྟོད་ཐུང་གིས་བཏུམས་ཡོད་པ་ཤེས།  ཁྲག་དམར་སྔར་བཞིན་སྟོད་ཐུང་བརྒྱུད་འཛད་མེད་ཐོན་པ་དང༌།  ངོ་གདོང་ལ་བཟོད་མི་ཐུབ་པའི་ན་ཟུག་དྲག་པོ་ཞིག་ལྡང༌།  དེ་ལྟར་ཧ་ལམ་ཆུ་ཚོད་གཉིས་ཙམ་འདས་རྗེསབྲག་ཕུག་གི་སྒོ་དལ་བུར་འགུལ་བྱུང༌།  ཨ་ཙི།  ལུས་ཡོངས་སྤུ་དམར་གྱིས་ཁེངས་ཤིང༌།  མི་མ་ཡིན་ལ་སྤྲ་ཡང་མ་ཡིན་པའི་སྲོག་ཆགས་སྟོབས་ཆེན་ཞིག་འཛུལ་སླེབས་བྱུང༌།  སྲོག་ཆགས་དེའི་གཟུགས་པོའི་རིང་ཚད་ལ་རྨིད་གཉིས་ཡན་དང༌།  ལྗིད་ཚད་ལ་ཧ་ལམ་སྤྱི་རྒྱ་བརྒྱ་དང་ལྔ་བཅུ་ཙམ་ཡོད་པས་སྐྱེ་བོ་གཞན་ཞིག་གིས་མཐོང་ཚེ་སྐྲག་ནས་དོར་མ་མཆི་མས་བཀང་སྲིད།  བཀྲ་བསྟན་ཡང་སྐྲག་ནས་གཅིན་པ་ཤོར།  ཁོས་གཅིན་ཆུ་འཛར་འཛར་ངང་སེམས་ཅན་དེར་ཞིབ་པར་བལྟས་པས་ད་གཟོད་མི་རྒོད་དམར་པོ་ཞིག་ཡིན་པ་ཤེས།  ཁོས་དེ་སྔོན་གྲོང་ཁྱེར་དུ་བརྙན་འཕྲིན་ནས་སྤྲ་ནག་པོ་མཐོང་མྱོང་ལ།  མི་རྒོད་ཅེས་པའི་སྲོག་ཆགས་ཤིག་ཡོད་པ་ཡང་ཐོས་མྱོང༌།  ངོ་མ།  ལྟས་ངན་དེ་རིང་མི་རྒོད་དངོས་སུ་འཕྲད་སོང་སྙམ་སྟེ་སྙིང་ཁའི་འཕར་ཤུགས་ཀྱང་ཇེ་མགྱོགས་སུ་འགྱུར།  འོན་ཀྱང་ཁོས་བསམས་པ་དང་དོན་དངོས་མི་འདྲ་བ་སྟེ།  མི་རྒོད་དེས་ཁོ་ལ་གནོད་འཚེ་བྱེད་རྒྱུ་ཕར་བཞག  ད་དུང་ཤིང་འབྲས་མང་པོ་ཞིག་ཁོའི་མདུན་དུ་སྤུངས་པ་དང༌།  སྐབས་རེ་རང་ཉིད་ཀྱི་སྤུ་མང་ལག་རིང་དེ་ཚུར་བརྐྱངས་ཏེ་བཀྲ་བསྟན་ལ་ཤིང་འབྲས་སྤྲོད་པ།   ལྷག་པར་དུ་བཀྲ་བསྟན་ལ་རང་ཉིད་ཀྱི་བུ་ཕྲུག་ལྟར་བྱམས་བརྩེའི་མིག་ཟུང་གཡོ་བ་མེད་པར་བལྟ་གིན་འདུག
  དེ་ལྟར་ཉིན་མང་པོ་ཞིག་མི་རྒོད་དེས་ཤིང་འབྲས་ཀྱིས་བཀྲ་བསྟན་གསོས་པ་དང༌།  ཁོའི་རྨ་ཁ་ཡང་རིམ་བཞིན་དྲག་སྐྱེད་བྱུང་སྟེ་ཁོ་འགུལ་སྐྱོད་བྱེད་ཐུབ་པར་འགྱུར།  མ་གཞི་བཀྲ་བསྟན་སེམས་ཅན་དེའི་སེམས་བཟང་བྱ་སྤྱོད་ལ་སེམས་འགུལ་ཚད་མེད་ཐེབས་མོད།  འོན་ཀྱང་ཁོའི་སྙིང་ཁའི་འཕར་ཤུགས་ད་དུང་འཇགས་མེད་ལ།  དེ་བས་བྲག་ཕུག་དེ་ནས་བྲལ་འདོད་ཀྱི་རེ་བ་ཞིག་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར།  ཉིན་ཞིག་ཁོས་མི་རྒོད་བྲག་ཕུག་ཕྱི་རུ་ཟས་འཚོལ་བར་ཕྱིན་པའི་སྐབས་དང་བསྟུན་ཏེ་ཤུགས་ཡོད་རྒུ་རྩལ་སྤྲུགས་བྱས་ནས་བྲག་ཕུག་སྒོའི་རྡོ་ལེབ་དེ་འབུད་རྒྱག་བརྒྱབ་ནས་ཕྱི་རུ་བྲོས་ལམ་འཚོལ་བར་བསྐྱོད།  འོན་ཀྱང་བྲོས་ལམ་འཚོལ་ཐུབ་རྒྱུ་ནི་རྒྱ་མཚོའི་གཏིང་དུ་ནོར་བུ་ལེན་པ་ལས་དཀའ་སྟེ།  ས་དེར་མི་ཟེར་བ་རྩ་བའི་ཆ་ནས་བསྐྱོད་མ་མྱོང་ལ།  དེ་བས་མིའི་རྐང་རྗེས་ཤིག་འཚོལ་ཐུབ་རྒྱུ་ནི་ཧ་ཅང་དཀའ་བ་སྨོས་མེད་རེད།  དེས་ན་ཁོ་སྔར་བཞིན་ཤར་ལྷོ་ནུབ་བྱང་དབྱེ་བ་འབྱེད་མ་ཐུབ་པར་ལུས་ཤིང་ཉི་མ་ནུབ་རིར་བཞུད་ལ་ཉེ་བས་ཁོ་དངངས་སྐྲག་གིས་ལུས་ཡོངས་ནས་རྔུལ་ནག་ཆར་པ་འབབ་པ་ལྟར་ཐོན་བྱུང༌།   ཁོས་གང་འཚམ་ཞིག་བསྐྱོད་རྗེས་གློ་བུར་དུ་མདུན་ཕྱོགས་ནས་སྟག་ཆེན་པོ་ཞིག་རང་ཉིད་ཀྱི་ཕྱོགས་སུ་ཡོང་བ་རིག  ཁོ་རབ་ཏུ་སྐྲག་སྟེ་ལམ་སེང་ཁ་ཕྱོགས་སྒྱུར་ནས་བྲོས་འགོ་བརྩམས་ཤིང་སྐབས་དེར་དེ་ཙམ་དྲག་སྐྱེད་བྱུང་མེད་པའི་རྨ་ཁའི་ན་ཟུག་དེ་ཡང་ཡོངས་སུ་བརྗེད་པར་འགྱུར།  ཚུལ་དེ་མིག་རྩ་རྣོ་བའི་སྟག་རྒོད་དེས་མཐོང་སྟེ་ཁོའི་ར་མདར་རྒྱུག་འོང་བྱུང༌།  རྒྱུག་བཞིན་འདེད་བཞིན་རྗེས་ཟིན་ལ་ཉེ་བའི་སྐབས་སུ་ཁོས་བདེ་ལྕག་འཁྱུག་པོས་ཐང་ཤིང་ཞིག་གི་རྩེ་ལ་འཁྱུད།  འོན་ཀྱང་སྟག་རྒོད་ཀྱིས་ཤ་རྔམ་གྱི་ངར་སྒྲ་དང་བཅས་སོག་ལེ་ལྟ་བུའི་སོ་རིང་དེས་ཐང་ཤིང་དེ་འཁྱུག་ཙམ་ཞིག་ལ་རྩ་བཀོག་བཏང་ཞིང༌།  བཀྲ་བསྟན་འཁྱུད་པའི་ཐང་ཤིང་དེ་ངང་གིས་ས་སྟེང་དུ་འགྱེལ།  སྐབས་དེར་བཀྲ་བསྟན་ནི་རླུང་གིས་འགུལ་བའི་ཤིང་ལོ་ལྟར་འདར་བཞིན་སྲོག་སྐྱོབ་རོགས་ཞེས་སྐད་ངན་བར་མེད་དུ་འོན་འགོ་ཚུགས།  ཉེན་ཁ་ཧ་ཅང་ཆེ་བའི་སྐབས་དེར་ཁོའི་རྒྱབ་ཕྱོགས་སུ་ཧར་སྒྲ་དང་བཅས་མི་རྒོད་དམར་པོ་དེ་ཐོན་བྱུང༌།   མི་རྒོད་དེས་མཆེ་བ་གཙིགས་བཞིན་ལག་ཟུང་ཤུགས་ཀྱིས་བསྒྲེངས་ནས་ཤར་རེར་སྟག་དེའི་ཕྱོགས་སུ་བསྐྱོད།  མི་རྒོད་ཀྱི་སྟོབས་ཆེ་བའི་གཟུགས་པོ་དང་འཇིགས་སྣང་ཆེ་བའི་ཧར་སྒྲར་སྟག་རྒོད་སྐྲག་སྟེ་ཡིད་མ་ཚིམས་པའི་རྣམ་པ་ཞིག་སྟོན་གིན་བྲོས་རྒྱུ་ལས་ཐབས་གཞན་མེད་པར་འགྱུར།   དོན་དངོས་ཐོག་བཀྲ་བསྟན་བྲོས་ལམ་འཚོལ་བར་ས་  ཐག་རིང་པོ་དེ་ཙམ་དུ་སླེབས་མེད་པ་འདྲ་སྟེ།   མི་རྒོད་བྲག་ཕུག་ཏུ་འབྱོར་དུས་ཁོ་བྲོས་པ་ཤེས་ཏེ་འཚོལ་བར་ཡོང་ཞིང༌།  ལམ་བར་དུ་ཁོའི་སྲོག་སྐྱོབ་ཀྱི་སྐད་ཐོས་ཏེ་ད་གཟོད་ཁོ་སྐྱོབ་པར་ཡོང་བ་རེད།   
མི་རྒོད་དང་བཀྲ་བསྟན་སྔར་བཞིན་བྲག་ཕུག་ཏུ་ལོག   ད་ལྟ་མི་རྒོད་དེས་ཁོ་ལ་སྔོན་ལྟར་རྣམ་འགྱུར་བཟང་པོ་ཞིག་མི་སྟོན་པ་མ་ཟད།  ད་དུང་སྨྱོ་བ་ལྟར་ཁོའི་སྟོད་ཐུང་དེ་ལག་གཉིས་ཀྱིས་ཤུགས་ཀྱིས་དབྲལ་བ་དང༌། བཀྲ་བསྟན་རང་ཉིད་ཀྱི་པང་ཁ་ར་ཤུགས་ཀྱིས་འཐེན།  ཁོས་ད་ནི་མི་རྒོད་འདིས་རང་ཉིད་གསོད་པར་འགོ་བརྩམས་པ་འདྲ་སྙམ་ཏེ་ཤུགས་ཀྱིས་ཁོའི་པང་ནས་ཐར་ཐབས་བྱས།  མི་རྒོད་དམར་པོ་དེས་གདོང་ནས་སྐྱོ་མདངས་ཀྱི་རྣམ་པ་ཞིག་སྟོན།  ཉིན་གཉིས་པར་མི་རྒོད་དེས་བཀྲ་བསྟན་གྱི་ལག་ནས་བཟང་སྟེ་ནགས་ཚལ་དཀྱིལ་དུ་ཁྲིད། ཧ་ལམ་དུས་ཡུན་ཆུ་ཚོད་གཉིས་ཙམ་བསྐྱོད་རྗེས་ད་གཟོད་ཁོ་གཉིས་མིའི་རྐང་རྗེས་ཡོད་པའི་ལམ་ཆུང་ཞིག་ཏུ་སླེབས་ཤིང༌།  མི་རྒོད་དེས་སྤུ་མང་ལག་རིང་མདུན་ཕྱོགས་སུ་བརྐྱངས།  ཚུལ་དེར་བལྟས་ན་ཁྱེད་རང་མདུན་ཕྱོགས་སུ་བསྐྱོད་དང་མིས་དབང་སྒྱུར་བའི་གནས་སུ་སླེབས་ཐུབ་ཟེར་བ་དང་ཧ་ཅང་འདྲ།  མི་རྒོད་དམར་པོ་ཁ་ཕྱིར་སྐོར་ནས་རང་གནས་སུ་ལོག་སོང༌།  ཁོས་འགྲོ་སྐབས་གོམ་པ་རེར་ཕྱི་ལྟས་རེ་སློག་སྟེ་བྱམས་བརྩེའི་མིག་ཟུང་བཀྲ་བསྟན་ལ་ཡང་ཡང་བལྟ།  བཀྲ་བསྟན་གྱིས་ད་གཟོད་མི་རྒོད་དེའི་མིག་ཟུང་གི་ལོ་ཆུ་བརྡོལ་བ་མངོན་སུམ་དུ་མཐོང༌།
  མི་རྒོད་དམར་པོ་ནགས་ཚལ་དཀྱིལ་དུ་ཡལ་སོང༌།  བཀྲ་བསྟན་གྱིས་མི་རྒོད་དམར་པོ་བསྐྱོད་སའི་གནས་དེར་ཁ་ཕྱོགས་ཏེ་ཕྱག་གསུམ་བཙལ་ཅིང༌།  སེམས་ཅན་དེར་གནོད་པ་མི་ཡོང་བའི་སྨོན་ལམ་བཏབ།  ཁོས་མདུན་ངོས་ཀྱི་ལམ་ཆུང་བརྒྱུད་བྱང་ཕྱོགས་སུ་སྤྱི་ལེ་འགའ་བསྐྱོད་མཐར་ད་གཟོད་ནག་ཅིང་སྟུག་པའི་ནགས་ཚལ་གྱི་བཀག་རྒྱ་ལས་ཡོངས་སུ་ཐར།  བཀྲ་བསྟན་དང་མི་རྒོད་དམར་པོ་འཕྲད་པའི་གནས་ཚུལ་དེ་གཅིག་གིས་བཅུ་ལ་བཤད་བཅུ་ཡིས་བརྒྱ་ལ་བཤད་དེ་མི་ཀུན་གྱི་གླེང་མོལ་བྱ་ཡུལ་གཙོ་བོར་གྱུར་ལ།  བཀྲ་བསྟན་ཡང་གལ་ཆེའི་གསར་འགྱུར་མི་སྣ་ཞིག་ཏུ་གྱུར་ཏེ་སྔ་རྗེས་གྲོང་ཁྱེར་ནས་ཡོང་བའི་གསར་འགོད་པ་དང༌། ཆེད་ལས་མཁས་པ།  རྟོག་ཞིབ་པ་སོགས་མི་མང་པོ་ཞིག་གིས་ཁོའི་ཁྱིམ་དུ་བཅར་ནས་གནས་ཚུལ་གྱི་ཐོག་མའི་འབྱུང་རྐྱེན་དང༌།  བར་གྱི་འཕེལ་རིམ། མཐའ་འབྲས་སོགས་སྐད་ཆ་ཞིབ་ཕྲ་དྲིས།  འོན་ཀྱང་ཁོས་དྲིན་ཆེན་མི་རྒོད་དེའི་གནས་ས་ངོ་མ་སུ་ཞིག་ལའང་མི་ཤོད་པའི་དམ་བཅའ་སྔ་ས་ནས་བཞག་ཟིན་པས་དེའི་སྐོར་སུ་ལའང་བཤད་མེད།  རྒྱུ་མཚན་ནི་མི་རྒོད་དེ་ཁོའི་སྲོག་སྐྱོབ་དྲིན་ཆེན་ཡིན་པས་གནོད་འཚེའི་ལས་ཁོ་ནར་དགའ་བའི་མིས་མི་རྒོད་དེར་གནོད་པར་དོགས་པས་སོ།། 
  ཉིན་ཞིག་གི་མཚན་མོ།  ཁོ་གཉིས་ཁུག་ལ་མ་ཁུག་གི་མཚམས་སུ་གློ་བུར་དུ་རང་ཁྱིམ་གྱི་སྒོ་མོ་དྲག་ཏུ་བརྡུངས་པ་ཐོས།  སྒོ་ཕྱེས་མ་ཐག་ཆ་རྒྱུས་མེད་པའི་སྐྱེས་པ་བཞི་སྤྱང་ཀི་ལུག་ཚང་དུ་འཛུལ་བ་ལྟར་འུར་ཡོང་ཞིང༌།  མི་རེས་རྔོན་རྒྱག་གི་མེ་མདའ་རེ་འཁྱེར་ཡོད་པ་རིག  བཀྲ་བསྟན་གྱི་བཟའ་ཟླ་མིག་དབྱངས་བླ་འདར།མོས་སྐད་ཤུགས་ཆུང་ངུས་“ཁྱེད་རང་ཚོ་ག་རེ་བྱེད་མཁན་ཡིན་ནམ”སྐྱེས་པ་གཟུགས་རིང་ཤ་ནག་ཞིག་གིས“ཞེད་མི་དགོས།  ང་ཚོ་འདི་གར་གནས་ཚུལ་ཞིག་གྲོས་བསྡུར་བྱེད་པར་ཡོང་བ་ཡིན།  དེ་ཡང་ཁྱེད་རང་གི་ཁྱོ་གར་ང་ཚོ་མི་རྒོད་དེ་འཚོལ་བའི་ལམ་སྟོན་བྱེད་རོགས་ཞུ་གི་ཡིན།” “མི་རྒོད་དེ་ནི་ངའི་སྲོལག་སྐྱོབ་དྲིན་ཆེན་ཡིན་པས་ངས་དྲིན་ལན་ལོག་མཇལ་བྱེད་མི་སྲིད”གཟུགས་རིང་ཤ་ནག་དེས་ཐ་མག་རྐང་ཞིག་ལ་མེ་སྤར་ཏེ་“འདིར་མི་དམངས་ཤོག་སྒོར་ཁྲི་༢༠ཡོད་པ་དེས་ཁྱེད་རང་གི་མི་ཚེ་ཧྲིལ་པོའི་འཚོ་བ་སྐྱེལ་ཐུབ། གལ་ཏེ་ད་རེས་ཁྱེད་རང་གི་ང་ཚོའི་ལམ་སྟོན་པ་བྱས་ཚེ་དངུལ་དེ་དག་ཚང་མ་ཁྱེད་རང་ལ་བདག་པ་རེད། གལ་ཏེ་ཁས་མ་བླངས་ཚེ་དངུལ་འདི་དག་བདག་རྒྱུ་ཕར་ཞོག  ཁྱིམ་མི་ཚང་མ་མེ་མདའི་ཁ་འོག་འཆི་རྒྱུར་ངེས། ”སྐབས་དེར་དངུལ་ལོར་གྱི་བསླུ་བྲིད་དང་མེ་མདའ་ཁ་འོག་གི་འཇིགས་སྣང་གིས་བཀྲ་བསྟན་ཁས་མི་ལེན་ཀ་མེད་ཐུག  ཁོའི་བསམས་པར་ཁྲོམ་རྭའི་དཔལ་འབྱོར་གྱི་དུས་འདིར་མི་མང་པོ་ཞིག་སྔ་ས་ནས་མེས་པོའི་ཤུལ་བཞག་དང་རྩ་ཆེན་སྲོག་ཆགས་བཙོངས་ཏེ་ཕྱུག་པོ་ཆགས་ཟིན།  འོན་ཀྱང་རང་ཉིད་ནི་ད་དུང་དབུལ་པོའི་ཞྭ་མོ་འབུད་ཐུབ་མེད་པས་སེམས་བཟང་བྱས་ཀྱང་ཁྱིམ་མི་གསོ་མི་ཐུབ།   ལྷག་པར་དུ་མི་རྒོད་གཅིག་གི་ཆེད་དུ་རང་ཉིད་ལ་བརྩེ་བའི་ཆུང་མ་མིག་དབྱངས་དང་བུ་འབྲུག་གྲགས་ལྔ་ལམ་དུ་གཏོང་མི་རུང་སྙམ་ཏེ་མི་དེ་དག་དང་མཉམ་དུ་མི་རྒོད་དེ་འཚོལ་བར་འགྲོ་རྒྱུར་ཐག་བཅད་ཅིང༌།  མི་བཞི་པོའི་ཚ་འདེད་འོག་མཚན་མོ་དེ་རང་ལ་རྡོག་ཐོན་བྱས།  ཁོ་ཚོ་མི་ལྔ་པོས་མཚན་མུན་གྱི་དཀྱིལ་དུ་ཀྱག་ཀྱོག་གི་ལམ་ཆུང་བརྒྱུད་བསྐྱོད་མཐར་རི་ཁུག་ཅིག་ཏུ་འབྱོར་ཏེ་དེ་གར་ངལ་གསོས་པ་དང༌།  ནམ་ལངས་རྗེས་སྔར་བཞིན་མདུན་ཕྱོགས་སུ་བསྐྱོད།  ཁོ་ཚོས་ཡུན་རིང་མི་རྒོད་ཀྱི་གནས་ས་འཚལ།  བཀྲ་བསྟན་གྱི་འདྲེན་བྱེད་ལམ་ན་གློ་བུར་དུ་སྔར་རང་ཉིད་གནས་འཆའ་སའི་བྲག་ཕུག་དེ་མཐོང་ལ་དྲིན་ཆེན་མི་རྒོད་དེའི་རླབས་ཆེ་བའི་གཟུགས་བརྙན་ཝ་ལེར་སེམས་ན་འཆར།  ཁོས་དྲིན་ཆེན་མི་རྒོད་དེ་རྔོན་པའི་མེ་མདའི་ཁ་འོག་ལས་ཐར་ཆེད་སྣང་མེད་ཟོལ་གྱིས་མི་དེ་རྣམས་འགྲོ་ལམ་གཞན་ཞིག་ཏུ་ཁྲིད། “སེམས་བཟང་ཅན་ལ་ཆག་སྒོ་མང་”ཞེས་པའི་དཔེ་ལྟར་སྟབས་མི་ལེགས་པ་ཞིག་ལ་ཁོ་ཚོས་གོམ་པ་འགའ་སྤོས་མཚམས་བར་ཐག་རྨིད་ཉི་ཤུའི་མཚམས་སུ་ལུས་ཡོངས་སྤུ་དམར་གྱིས་ཁེངས་ཤིང༌།  མི་མ་ཡིན་ལ་སྤྲ་ཡང་མིན་པའི་སེམས་ཅན་སྟོབས་ཆེན་དེ་མོངན་བྱུང༌།  ཚང་མ་སྲོག་ཆགས་དེར་དོ་སྣང་བྱུང་ཞིང༌།  ད་གཟོད་ཁོ་ཚོས་འཚོལ་བར་ཡོང་བའི་མི་རྒོད་དམར་པོ་དེ་ཡིན་པ་ཤེས།  མི་བཞི་པོས་མ་གྲོས་གཅིག་མཐུན་གྱིས་སྦྲིད་སྨན་མདེལ་རྫས་སུ་བྱས་པའི་མེ་མདའི་སོ་ཁ་མི་རྒོད་དེར་གཏད། བཀྲ་བསྟན་འཚབ་ཤ་ལངས་ཏེ་སྐད་ཤུགས་ཆེན་པོས་“མགྱོགས་པོ་བྲོས། མགྱོགས་པོ་བྲོས”ཞེས་བརྡ་བཏང་མོད་ཕྱིས་དྲགས་པ་འདྲ་སྟེ་“ཏག་ཏག་ཏག”ཅེས་མི་རྒོད་དེའི་ལུས་སྟེང་དུ་བསྟུད་མར་སྦྲིད་སྨན་མདེལ་རྫས་གསུམ་ཕོག་པས་གོམ་པ་འགའ་སྤོས་རྗེས་ཁོ་པ་ས་སྟེང་དུ་འགྱེལ།  སྤྱང་ཀི་ཤ་ལ་རྔམས་པ་ལྟ་བུའི་མི་དེ་དག་གིས་དེ་མ་ཐག་མི་རྒོད་དེ་ཐག་པས་དམ་པོར་བསྡམས་ཤིང༌།  ས་རུབ་རྗེས་རི་གཤམ་དུ་སྐྱེལ་རྒྱུར་ཐག་བཅད། དེ་ལྟར་ཁོ་ཚོ་བློ་བདེ་བག་ཕེབས་ངང་ཤ་ཆང་ལ་ཅི་འགར་རོལ་བ་དང༌།  ཉིན་གཅིག་གི་ངལ་དུབ་དང་ཆང་གིས་ཅུང་བཟོ་སྟེ་འཐམ་མེ་འཐོམ་མེར་གྱུར།  ཉི་མ་ཆུ་ལྷའི་ཕང་དུ་དལ་གྱིས་བཞུད་ལ་ཉེ་བའི་ས་སྐབས་སུ་མི་རྒོད་དམར་པོ་དེ་ད་གཟོད་གཞི་ནས་དྲན་པ་གསོས་ཏེ་ལུས་ལ་ཚོར་སྣང་ཡོད་པར་གྱུར།  བཀྲ་བསྟན་གྱིས་མི་རྒོད་དེ་འགུལ་བ་མཐོང་བ་དང༌།  སྦྲིད་སྨན་གྱི་ནུས་པ་ཡལ་བ་ཤེས་རྗེས་མི་དེ་ཚོས་སྣང་བ་མི་གཏོང་བའི་གོ་སྐབས་དང་བསྟུན་ནས་ལྐོག་ཏུ་མི་རྒོད་བཅིངས་པའི་ཐག་པ་དེ་བཀྲོལ།  དུས་ཡུན་འཁྱུག་ཙམ་འདས་རྗེས་མི་རྒོད་དམར་པོ་སྦྲིན་སྨན་གྱི་བཟི་ལས་ཡོངས་སུ་དྭངས།  སྐབས་དེར་རང་ཉིད་ཀྱིས་སྔར་བསྐྱབས་མྱོང་བའི་མི་དེ་ད་ལྟ་རང་ཉིད་གསོད་མཁན་གྱི་ལག་དམར་བ་ཞིག་ཏུ་འགྱུར་ཡོད་པ་ཤེས་ཏེ་རྒྱུ་འབྲས་མེད་པའི་མིའི་རིགས་ཀྱི་བྱ་ལས་ལ་ཞེན་པ་གཏིང་ནས་ལོག་པ་དང༌།  ཁོང་ཁྲོས་སྙིང་རྩ་སྟོདགལ་རྒྱུག་པས་ཐོག་མར་བཀྲ་བསྟན་ལག་གཉིས་ཀྱིས་ཡར་བཀྱག་སྟེ་བྲག་རོང་ཏུ་ཤུགས་ཀྱིས་དབྱུགས་པ་དང༌།  དེ་རྗེས་མི་བཞི་པོ་དེ་དག་སྣང་བ་མེད་པའི་སྐབས་དང་བསྟུན་ཏེ་སྙིང་ཁ་ནས་ཐོན་པའི་འཇིགས་སུན་སྣང་ཞིག་བསྐུལ།
  ཉིན་འགའ་འདས་རྗེས་ཉེན་རྟོགས་པས་རྩད་གཅོད་བྱས་པ་བརྒྱུད་བྲག་ཕུག་དེའི་ནང་མིའི་ཕུང་པོ་བཞི་ཡོད་པ་ལག་རྙེད་བྱུང་བ་དང་བཀྲ་བསྟན་ནི་ཤིང་སྡོང་ཞིག་གི་རྩེར་ཤི་མིན་རོ་མིན་དུ་གྱུར་ཡོད།  དོད་དྲག་སྨན་ཁང་གིས་མྱུར་སྐྱོབ་བྱས་པ་བརྒྱུད་བཀྲ་བསྟན་སྐྱོབ་ཐུབ་ཙམ་བྱུང་མོད། འོན་ཀྱང་སྟབས་མི་ལེགས་པར་ཁོའི་ཀླད་པར་སྐྱོན་བྱུང་སྟེ་རྟག་ཏུ་ཁ་ནས་“མི་རྒོད་དམར་པོ། མི་རྒོད་དམར་པོ”ཞེས་འབོད་ལ།  ཐེངས་མང་པོར་རྡོག་ཆས་གྲ་སྒྲིག་བྱས་ཏེ་མི་རྒོད་དེ་འཚོལ་བར་འགྲོ་རྩིས་བྱས་ཀྱང་ཁྱིམ་མིས་བཀག་འགོག་བྱས།  ཉིན་ཞིག་ཆུང་མ་མིག་དབྱངས་དང་བུ་འབྲུག་གྲགས་རི་ལ་དབྱར་རྩ་དགུན་འབུ་བཀོག་པར་ཕྱིན་ཏེ་བསྡད་མེད་པའི་གོ་སྐབས་དང་བསྟུན་ནས་བཀྲ་བསྟན་སླར་ནགས་ཚལ་དཀྱིལ་དུ་འཛུལ། དུས་དེ་ནས་བཟུང་ཁོ་ནམ་ཡང་གྲོང་ཚོར་ལོག་སླེབས་མ་བྱུང་ངོ༌།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རྒོད་དམར་པོ།

2013-06-09 གཉལ་བཀྲ་ཤིས་བསྟན་པ།༼གཞིས་ཀརྩེ་ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།