རྨི་ལམ།

  མཚན་མོ་དེར། ཁོས་ད་གཟོད་རང་གི་རྨི་ལམ་དེ་ནི། མ་གཞི་ནས་རྨི་ལམ་ལྟར་དུ་འཛིན་མེད་རེག་མེད་ཅིག་ཡིན་པར་ངེས་ཤེས་རྙེད་སོང་།
  སློབ་ཆེན་དུ་ཞུགས་པའི་ལོ་དང་པོ་ནས་བཟུང་། ཁོས་དགོས་ངེས་ཀྱི་ཡིག་ཆ་མཐའ་དག་ཚགས་སུ་ཆུད་པ་བྱས་ཏེ། ལོ་གཉིས་རེའི་ནང་དུ་ཐེངས་རེར་སྟེར་བཞིན་པའི་སློབ་སྒྲུབ་རོགས་དངུལ་སྟོང་གསུམ་པོ་ཐེངས་ཤིག་ལ་རེག་རྒྱུར་རེ་ཞིང་སྒུག རྨི་ལམ་དུ་ཐེངས་མང་པོར་རང་ལ་ཐོབ་པ་རྨིས་པར་གྱུར་ཀྱང་། ཁོའི་དངོས་ཡོད་ཀྱི་རྨི་ལམ་གང་དེ་མངོན་འགྱུར་བྱ་བར་རྔོ་ཕྲན་ཙམ་ཡང་ཐོགས་མ་བྱུང་།
  ད་ཐེངས་ནི་སློབ་སྒྲུབ་རོགས་དངུལ་དེ་སྟེར་ཐེངས་གཉིས་པ་ཡིན་པས། གལ་ཏེ་ད་ཐེངས་སློབ་སྒྲུབ་རོགས་དངུལ་དེ་མ་ཐོབ་ཚེ། རྨི་ལམ་དེ་ནི་གཏན་དུ་མངོན་འགྱུར་བྱེད་མི་ཐུབ་པའི་རྨི་ལམ་ཞིག་ཏུ་འགྱུར་བར་གདོན་མི་ཟ།
 ཐེངས་དང་པོར་འདེམ་ཤོག་གཅིག་གི་མང་ཉུང་གིས་རྨི་ལམ་དེ་རྨི་ལམ་ཞིག་ཏུ་གྱུར་བས། ཁོས་ཐེངས་རྗེས་མར་མི་སྒུག་ཐུ་མེད་བྱུང་ལ།ཐེངས་རྗེས་མར་ཅིས་ཀྱང་རྨི་ལམ་དེ་མངོན་འགྱུར་བྱ་དགོས་སྙམ།
  རྣམ་ཀུན་སློབ་གྲོགས་ཚོས་དགེ་རྒན་དང་འཛིན་དཔོན་གྱི་ཉམས་ལ་བརྟག་གིན་སྒྲིག་ལམ་དང་འགལ་བའི་བྱ་བ་ཇི་སྙེད་ཅིག་རྩོམ་པར་བྱེད་མོད། ཁོས་ནི་དངུལ་དེ་ཐོབ་པར་སློབ་གྲྭའི་སྒྲིག་ལམ་ཆེ་མ་ཆུང་གསུམ་མཐའ་དག་ལ། ཐེངས་གཅིག་ཀྱང་འགལ་མི་རུང་བའི་བསླབ་བྱ་ཡིད་ལ་དམ་པོར་བཟུང་སྟེ། སློབ་གྲོགས་ཚོ་གཟའ་འཁོར་རེར་ཐེངས་དུ་མར་ཡོང་བཞིན་མེད་པའི་ཞོགས་རྩལ་ལའང་ཐེངས་གཅིག་ཆད་མ་མྱོང་། ཐ་ན་གྲང་ལྷགས་ཀྱི་ངར་ཁ་ཤིན་ཏུ་རྒོད་པོའི་དགུན་དུས་ཀྱི་ཞོགས་པ་རེ་རེར་ཡང་། ཁོ་ནི་ཆེས་ཐོག་མར་རྩལ་སྦྱང་ར་བར་སླེབས་མཁན་དེ་ཡིན།
 ཁོས་སྨུག་ནག་གི་གདོང་པར་གཟར་བའི་ཤེལ་མིག་དེ་གཡས་ལག་གི་དཀྱིལ་མཛུབ་ཀྱིས་ཡར་ལ་འདེད་ཙམ་འདེད་ཙམ་བྱེད་བཞིན་སྒོར་མོ་དེ་བྱིན་ཚེ། ངས་ཅིས་ཀྱང་གློག་ཀླད་ཉོ་དགོས། གློག་ཀླད་ཉོས་རྗེས་སྒྲུང་གཏམ་བྲི་དགོས་ཟེར་བཞིན་དུང་ལྟར་དཀར་བའི་མདུན་སོ་དག་ཕྱི་རུ་མངོན་གྱིན་ཉི་ཟེར་ལྟ་བུའི་འཛུམ་ཞིག་སྟོན་པར་བྱེད།
 ཐེངས་དང་པོར་རྨི་ལམ་དེ་མངོན་དུ་མ་གྱུར་ཡང་། ཐེངས་གཉིས་པར་ཁོ་ལ་ག་ནས་འོང་བ་མི་ཤེས་པའི་ཡིད་ཆེས་དང་སྤོབས་སེམས་ཤིག་གིས་ཁེངས་འདུག ཁོས་སློབ་གྲོགས་ཚོར་སློབ་སྒྲུབ་རོགས་དངུལ་དེ་ཅིས་ཀྱང་ཁོ་ལ་ཐོབ་སྲིད་པས། ཁྱེད་ཅག་གིས་དེ་ལ་སྟོང་བསམ་མི་བཅངས་རོགས་ཟེར་བཞིན་མདོང་གི་ཤེལ་མིག་ཡར་ལ་འདེད་ཙམ་འདེད་ཙམ་བྱེད།
  ཁོས་རྣམ་ཀུན་དོན་བྱ་ཅི་ཞིག་སྒྲུབ་དུས་ཀྱང་། དོན་དེ་འགྲུབ་མིན་དང་། དོན་དེའི་ཕྱིས་འབྱུང་གི་ལེགས་ཉེས་རྨི་ལམ་ལ་བརྟག་ནས་འབྱེད་བཞིན་ཡོད།
  ཁོས་དང་ཐོག་རྨི་ལམ་ལ་བརྟག་པ་ནི་རྨོངས་དད་ཀྱི་བྱ་སྤྱོད་ཅིག་ཡིན་པས། དེར་ཡིད་ཆེས་དང་དོ་སྣང་བྱེད་དོན་མེད་པར་འདོད་མོད། རྨི་ལམ་དུ་བསྟན་པའི་ལྟས་གང་མང་ཞིག་དངོས་གནས་དོན་ཐོག་ཏུ་སོང་བས། ཁོས་ཀྱང་དེར་དོ་སྣང་མི་བྱེད་ཐུ་མེད་བྱུང་། ཡིན་ཡང་། སྐབས་འགར་རྨི་ལམ་ལ་ཡང་ཡིད་རྟོན་མི་འདུག ཕྱིས་སུ་ཁོས་རང་གི་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ། ཐོ་རེངས་ཀྱི་སྐབས་སུ་རྨིས་པའི་རྨི་ལམ་ལ་ཏན་ཏན་ཡིད་ཆེས་བྱེད་བཞིན་ཡོད།
  ཁོས་རེ་ལྟོས་ཀྱི་མིག་ཟུང་ཆེས་ཆེར་བགྲད་དེ་སྒུག་སྒུག་པས། རུས་སྦལ་གྱི་གོམ་འགྲོས་ལྟར་ཤིན་ཏུ་དལ་བའི་དུས་ཚོད་ཀྱི་མདའ་ཁབ་དེ་འཁོར་འཁོར་མཐར། སློབ་སྒྲུབ་རོགས་དངུལ་སྟེར་ཐེངས་གཉིས་པ་དེ་སླེབས་བྱུང་།
 རྨི་ལམ་གང་དེ་མངོན་འགྱུར་བྱ་བར་ད་ནི་ཧ་ཅང་གིས་ཉེ་བར་གྱུར་བས། ཁོས་རྨི་ལྟས་ལེགས་པོ་རེ་ཨེ་རྨིས་ལ་འབད་བཞིན་ཡོད།
  དེ་ནི་མི་ལོ་ལྔའི་ཡར་སྔོན་ཞིག་སྟེ། སློབ་གྲོགས་ཚང་མས་མཐོ་རྒྱུགས་ཞེས་པའི་རྨི་ལམ་དེ་མངོན་འགྱུར་བྱ་ཆེད། ཉིན་མཚན་ཁ་སྤྲོད་ཀྱིས་གཉིད་ཆགས་ཟས་བརྗེད་ངང་བསླབ་དེབ་ཁོ་ནར་ཤི་འཐམ་རོ་འཐམ་བྱེད་གྱིན་ཡོད། འོན་ཀྱང་། ཁོས་ནི་རྣམ་ཀུན་གཉིད་འདོད་དུས་ཇི་དགར་གཉིད་པ་དང་། སྒྲུང་གཏམ་ཡིན་ཟེར་བའི་ཅི་ཞིག་འབྲི་བཞིན་དུས་འདའ་བར་བྱེད། དེ་ལྟར་ཁོ་རང་འཛིན་གྲྭའི་ནང་གི་སྦྱངས་འབྲས་ཆེས་ཞན་པའི་སློབ་མ་དེར་གྱུར་ཞིང་། དགེ་རྒན་གྱིས་ཁོས་རྨི་ལམ་གང་དེ་མངོན་འགྱུར་བྱ་མི་ཐུབ་སྙམ་སྟེ། སེམས་ཚེགས་དང་བྲེད་ཤ་ལངས་བཞིན་ཡོད། དེ་ལྟ་ནའང་།ཁོས་སློབ་གྲོགས་ཚོ་ལྟར་ཤ་ཐང་རུས་ཆད་ཀྱིས་འབད་པ་བྱེད་འདོད་མེད་ལ།རང་གིས་རྨི་ལམ་དེ་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཤིག་གིས་ཁེངས་ནས་ཡོད།
  རྨི་ལམ་དེ་མངོན་འགྱུར་བྱེད་པའི་དུས་ཚོད་ཁད་ཁད་ཀྱིས་སླེབས་བྱུང་།
  ནམ་རྒྱུན་ཐོ་རངས་སླེབས་མ་ཐག་གི་དུས་སུ། ཁོས་རང་ཉིད་སྐྱག་དོང་ཆེན་པོ་ཞིག་གི་ཁ་ན་ནང་དུ་ལྷུང་ལ་ཁད་བྱེད་བཞིན་པ་ཞིག་རྨིས་པར་འགྱུར།
  རྨི་ལམ་དེ་ལྟ་བུ་ཞིག་རྨིས་པར་གྱུར་བ་ནས་བཟུང་། ཁོས་དབང་མེད་དུ་རྣམ་རྟོག་ཟ་དགོས་བྱུང་ལ། ཕྱི་ཉིན་ཉིན་གང་བོར་བློ་སེམས་མི་བདེ་ཞིང་། ཉོབ་མདངས་ཤིག་གིས་རང་གི་ཕྱི་ནང་གསང་གསུམ་མ་ལུས་སྒྲིབ་འོང་བཞིན་པའི་ཉམས་སྣང་བྱུང་།
  འདི་ལྟའི་བཀྲ་མི་ཤིས་ཤིང་། འདི་ལྟར་བཙོག་པའི་རྨི་ལམ་རྨི་ཐེངས་རེ་རེས་། ཁོའི་སོས་དལ་གྱི་འཚོ་བའི་གོ་རིམ་རྨང་ནས་དཀྲུགས་བྱུང་། ཁོས་རང་གིས་རྨི་ལམ་གང་དེ་མངོན་འགྱུར་བྱེད་ཐུབ་མིན་ལ།གཞི་ནས་སེམས་ཚེགས་དང་བྲེད་ཤ་ལངས་དགོས་བྱུང་།
  རང་ཉིད་རང་ལ་ཡིད་ཆེས་དང་སྤོབས་པས་ཕྱུག་ཡོད་དུས་ཤིག་ལ། འདི་ལྟ་བུའི་རྨི་ལམ་ཞིག་རྨིས་པར་གྱུར་བ་ནི། ཆིལ་ཆིལ་དགུང་དུ་མཆེད་ཀྱིན་པའི་མེ་ལྕེའི་ཐོག་ཏུ། ཆུ་འཁྱག་ཟོ་བ་གང་ཡང་དང་བསྐྱར་གྱིས་བྱོ་སྟེ། མེ་སོན་དེ་རྩ་བ་ནས་བཅིལ་བར་འདོད་པ་དང་ཅི་འདྲའི་འདྲ་ཨང་།
  ཕྱིས་སུ། ཁོ་རང་འུ་ཐུག་པར་གྱུར་ཏེ། རྨི་ལམ་དེར་གཡོལ་ཆེད། ཐོ་རེངས་སླེབས་མ་ཐག སློབ་གྲོགས་ཚོ་དང་འདྲ་བར་མལ་ལས་ལངས་ནས་དཔེ་འཛིན་སྐྱོར་སྦྱོང་བྱས། མཚམས་ལན་རེར། གཉིད་ལྕོག་རེ་རྒྱག་དུས་ཀྱང་། རྨི་ལམ་ཞིག་རྨི་མགོ་རྩོམ་ཞིང་། རྨི་ལམ་ཡང་སྐྱག་པ་དང་འབྲེལ་ཡོད།
  མཐོ་རྒྱུགས་ལ་ཞུགས་ཚར་བའི་དགོང་མོ་དེར། ཁོས་ད་ནི་རྨི་ལམ་ཇི་ལྟ་བུ་ཞིག་རྨིས་པར་གྱུར་ཡང་། དེར་གཏན་ནས་སྣང་དོགས་མི་བྱེད་སྙམ་མོད་། ཐོ་རངས་སླེབས་མ་ཐག་གི་དུས་སུ། རང་ཉིད་ད་ནི་གཞི་ནས་སྐྱག་དོང་གི་ནང་དུ་ལྷུང་ཚར་ཞིང་། སྐྱག་དོང་དེའི་ནང་ནས་ཇི་ལྟར་འཕག་འཚག་དང་། ཇི་ལྟར་རེ་འབོད་བྱས་ཀྱང་། སྐྱག་པའི་ནང་དུ་མར་འབྱིང་བ་ལས་ཡར་འབུད་པའི་སྐལ་བ་ཞིག་ཡེ་ནས་ལྡན་མ་བྱུང་བ་རྨིས་པར་གྱུར།
 རྨི་ལམ་རྨི་ཐེངས་འདིས། ཁོ་ལ་སྔར་ལས་ཀྱང་བརྡབ་གསིག་ཐེབས་ཤིང་། ཁོས་ད་ནི་རང་གི་རྨི་ལམ་དེ་མངོན་འགྱུར་བྱ་ཐབས་མི་འདུག་སྙམ་པས། རེ་ཆད་དང་སྨྲེང་སྐྱོ་ཞིག་དབང་མེད་དུ་སྐྱེས་དགོས་བྱུང་།
  མཐར་མཐོ་རྒྱུགས་ཀྱི་སྐར་གྲངས་སླེབས་དུས། དགེ་རྒན་གྱིས་རེ་ལྟོས་ཆེན་པོ་བྱས་ཡོད་པའི་སློབ་གྲོགས་རེ་འགས་རྨི་ལམ་དེ་མངོན་འགྱུར་བྱ་མ་ཐུབ་ཅིང་། དགེ་རྒན་དང་སློབ་གྲོགས་ཚོ་ཕར་ཞོག ཐ་ན་རང་ཉིད་ཀྱང་རེ་ཐག་ཆད་ཟིན་པའི་རང་གིས་མ་བསམ་ས་ནས་རྨི་ལམ་དེ་མངོན་འགྱུར་བྱ་ཐུབ་སོང་།
  དུས་དེ་ནས་བཟུང་། ཁོས་རྨི་ལམ་དུ་སྐྱག་པ་རྨིས་པར་གྱུར་བ་ནི། རྨི་ལྟས་བཟང་པོ་ཞིག་ཡིན་པས།རྟག་ཏུ་སྐྱག་པ་ཁོ་ན་རྨི་ལམ་དུ་ཨེ་རྨིས་ལ་རེ་ཡང་། ཤིན་ཏུ་ནས་ཤིན་ཏུ་དཀའ་བར་གྱུར།
  ད་ཐེངས་གཞི་ནས་བདེ་བླག་ངང་།ཁོ་རང་སློབ་སྒྲུབ་རོགས་དངུལ་སྟོང་གསུམ་པོ་སྟེར་ཡུལ་གྱི་གྲས་སུ་བདམས་ཐུབ་པ་བྱུང་སོང་།
  ད་ནི་ཉིན་འགར་སྒུག་ན། སྒོར་སྟོང་གསུམ་པོ་ཁོའི་ཨམ་ཕྲག་ཏུ་གཞུག་ཐུབ་ཅིང་།དེ་ནས་ཁོས་གློག་ཀླད་ཅིག་ཉོས་ཏེ།སྒྲུང་གཏམ་བྲི་ཆོག་ཆོག་རེད།
  ཐེངས་དང་པོར།རྨི་ལམ་དེ་དེ་ལྟར་རྨི་ལམ་ལྟ་བུ་ཞིག་ཏུ་གྱུར་བས།གྲོགས་པོ་རེ་འགས།ད་ནི་ཐེངས་རྗེས་མའི་བར་དུ་མི་སྒུག་པར་སྔ་མོ་ནས་གསར་རྩོམ་གྱི་ལས་སུ་ཞུགས་ན་བཟང་རབས་ལབ་མོད།ཁོས་གདོང་གི་ཤེལ་མིག་ཡར་ལ་འདེད་ཙམ་བྱས་རྗེས།སྒྲུང་གཏམ་འབྲི་བ་ནི་དཀའ་ཚེགས་ཆེ་ཞིང་།བློ་ཞིབ་མོས་ཡུན་རིང་བློས་བསླངས་བྱ་དགོས་པ་ཞིག་ཡིན།ཁོས་སྔ་མོ་ནས་བྲི་བྱའི་གཏམ་རྒྱུད་རྙེད་ཡོད་མོད། དེ་ཐབས་རྩལ་ཇི་ལྟ་བུ་ཞིག་གི་སྒོ་ནས་བྲི་བཞེངས་བྱེད་པར་གྲ་སྒིག་བྱེད་བཞིན་པའི་སྒང་ཡིན་པས།ཕྱིས་སུ་གློག་ཀླད་ཉོས་མ་ཐག་ཤར་མར་བྲིས་ཆོག་ཟེར།
ད་ཐེངས་གཞི་ནས་སློབ་སྒྲུབ་རོགས་དངུལ་སྟེར་ཡུལ་གྱི་གྲས་སུ་བདམས་ཐུབ་སོང་བས།ཁོས་རྨི་ལྟས་ཡག་པོ་རེ་ཨེ་རྨི་ལ་རེ་བཞིན་ཡོད་ཅིང་།ཉིན་འདི་གར་ཁོས་རྟག་ཏུ་ཤ་ཟ་བཞིན་པ་ཁོ་ན་རྨིས་པར་བྱེད།
  ཐེངས་སྔོན་མར། སློབ་སྒྲུབ་རོགས་དངུལ་སྟེར་ཡུལ་མ་བདམས་པའི་སྔོན་དུ།ཁོས་རྒྱུན་དུ་རང་གིས་ཤ་ཟ་བཞིན་པ་རྨིས་པར་བྱེད།དེ་ལྟར་མཐའ་མར་འདེམ་ཤོག་གཅིག་གི་མང་ཉུང་གིས་ཁོ་རང་ཕམ་པར་གྱུར།དེ་བས།ཁོས་ཤ་ཟ་བ་རྨིས་པར་གྱུར་བ་ནི།རྨི་ལྟས་ངན་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད་ཅིང་།དེ་འདྲའི་རྨི་ལམ་ཞིག་ནམ་ཡང་མི་རྨི་པའི་སྨོན་ལམ་རྒྱག་བཞིན་ཡོད།
ད་ཐེངས་ཡང་བསྐྱར་རྨི་ལམ་དེ་ལྟ་བུ་ཞིག་རྨིས་པར་གྱུར་བས། ཐོག་མར་སེམས་ཁམས་གཏན་ནས་འཇགས་ཐབས་འདྲ་མ་བྱུང་།ཞིབ་དུ་བསམ་དུས།ད་ཐེངས་རང་ཉིད་སྔ་མོ་ནས་བདམས་ཚར་ཡོད་མོད།ད་དུང་དེ་ལ་བར་ཆད་བྱེད་པའི་རྒྱུ་འགའ་སྟེ།ཁོས་ཆང་ནི་མི་འཐུང་།ཞོགས་རྩལ་དང་སློབ་ཁྲིད་ལ་དུས་ལྟར་ཞུགས་ཀྱིན་ཡོད།མལ་ཁང་དུ་ཆུ་ཁོལ་སྐོལ་མཁན་མེད།སྐབས་རེར།མལ་ཤག་གཙང་སྦྲ་མི་བྱེད་མཁན་འགའ་རེ་ཡོད་ཀྱང་། ཁོས་དུས་ངེས་མེད་དུ་ཁོ་ཚོའི་ཚབ་ལ་གཙང་སྦྲ་བྱེད་བཞིན་ཡོད། དེ་ལྟར་བསམ་བཞིན་རྨི་ལྟོས་འདི་བཀྲ་མི་ཤིས་པ་ཞིག་ཡིན་ཀྱང་།སློབ་སྒྲུབ་རོགས་དངུལ་ལ་འབྲེལ་བ་ཡོད་མི་སྲིད་སྙམ་པས།སེམས་པའི་མཚོ་ངོགས་སུ་དྲག་ཏུ་འཕྱོ་བཞིན་པའི་སེམས་ཁུར་གྱི་རྦ་རླབས་དེ་དག་གཞི་ནས་ཞི་འཇགས་སུ་གྱུར་སོང་།
  ཉིན་དེ་ནི་རེས་གཟའ་ཉི་མ་ཡིན་ཞིང་།སང་ཉིན་སྟེ།རེས་གཟའ་ཟླ་བའི་ཉིན་གུང་གི་དུས་སུ།སློབ་སྒྲུབ་རོགས་དངུལ་དེ་སྟེར་རྒྱུའི་བརྡ་སྦྱོར་སློབ་གླིང་གི་གྲུ་ཟུར་སོ་སོར་སྦྱར་འདུག ཁོས་སྦྱར་བྱང་སྟེང་གི་རང་མིང་ལ་ལྟ་བཞིན།མིག་མཐར་དབང་མེད་དུ་མཆི་མ་ཞིག་འཁོར་བྱུང་ལ།རྨི་ལམ་གང་དེ་གཞི་ནས་མངོན་འགྱུར་བྱ་ཐུབ་སོང་སྙམ་བཞིན་སྤྲོ་དགའ་དང་སྐྱིད་ཚོར་གྱི་དབུགས་དབྱུང་ཐེངས་ཤིག་བྱ་དགོས་སོང་།
  ཕྱི་དྲོར་གློ་བུར་དུ།ཁོ་ལ་ཚ་བ་རྒྱས་ཤིང་།མགོ་བོ་ན་བ་བྱུང་བས།གྲོགས་པོ་འགས་མལ་ཤག་དོ་དམ་པའི་ས་ནས་ཆུ་ཁོལ་གློག་དེམ་གང་ཁྱེར་འོང་ཞིང་།ཁོ་ལ་སྨན་དང་ཆུ་ཁོལ་བླུད་དེ།མལ་དུ་དྲོན་པོར་ཉལ་ནས་དྲོས་འཕུད་དུ་བཅུག
  ཁོ་དགོང་ཚོགས་ལ་མ་སོང་། དེ་ནི་ཁོ་རང་སློབ་ཆེན་དུ་ཞུགས་ནས་ལོ་གསུམ་ལྷག་འགོར་བའི་རིང་ལ།ཆེས་ཐོག་མར་སློབ་ཁྲིད་ལ་མ་སོང་བ་དེ་ཡིན་མོད།འོན་ཀྱང་།དགེ་རྒན་ལ་གནང་བ་ཞུས་ཟིན།
  ཁོས་མལ་ཐུལ་གྱིས་རང་གི་ལུས་པོ་ཡོངས་སུ་བཏུམས་སྟེ།མལ་དུ་གཟིམ་བསྡད་པར།མགོ་བོ་ན་ནས་འགད་ལ་ཁད་བྱེད་ཅིང་།རྣམ་རིག་ཀྱང་ཉབ་ཉོབ་དུ་གྱུར་ལ།སྣང་བ་བན་བུན་ཞིག་གི་ཀློང་ནས་གཉིད་དུ་ཡུར་སོང་།
  ཚོམས་ཁང་ཆེན་པོ་ཞིག་གི་ནང་དུ།སློབ་སྒྲུབ་རོགས་དངུལ་སྟེར་ཡུལ་དུ་བདམས་པའི་སློབ་མ་ཚང་མར་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་འདུག གཞན་རྣམས་ཀྱིས་ཟ་བཞིན་མི་འདུག་མོད།རང་ཉིད་ཁོ་ནས་ནི་སྤྱང་ལྟོགས་ཤིག་ལྟར་ཤ་ཚོན་པོ་བསལ་ཏེ་རྔམ་ཟ་རྔམ་འཐུང་བྱེད་བཞིན་འདུག ཁོས་ནི་ཤ་ཟ་བཞིན་པའི་རྨི་ལམ་འདི་འདྲ་ཞིག་གཏན་དུ་མི་རྨི་པར་སྨོན་ཡང་།རྨི་ལམ་དུ་ཤ་ཟ་བཞིན་པ་དངོས་ནས་རྨིས་སོང་།ནང་སེམས་ཀྱི་ཟབ་ས་གང་ཞིག་ན་ལུད་ཀྱིན་པའི་འགལ་འདུ་དེ་གཉིས་ལ་གདོང་ཐུག་བྱུང་བས།ཁོ་རང་གཉིད་ལས་སད་བྱུང་།སད་དུས་ཚ་ཡལ་འདུག་ལ།མགོ་བོ་ན་མཚམས་ཀྱང་བཞག་འདུག་མོད།སེམས་ཁམས་མི་དྭངས་ཤིང་།ཤ་དྲན་ན་སྐྱུག་མེར་ལངས་པར་བྱེད།ཡིན་ནའང་།རྨི་ལམ་དེ་ཐོ་རེངས་སྐབས་སུ་རྨིས་པ་མིན་པས། སེམས་གསོ་ཞིག་ངང་གིས་རྙེད་པར་གྱུར།
  ཁོས་དྲ་མ་ལས་བལྟས་པ་ན། མུན་རུབ་འདུག་ལ།མལ་ཤག་ཏུ་ཁོ་མ་གཏོགས་སུ་ཡང་མི་འདུགཁོས་རང་ཉིད་དགོང་ཚོགས་ཀྱི་རྗེས་སུ་ལུས་སོང་བར་འདོད་དེ།འཚུབ་སྣང་ཞིག་སྐྱེས་མོད།དགེ་རྒན་ལ་གནང་བ་ཞུས་ཟིན་པ་དྲན་པས་ལྷོད་ལ་འབབ་ཐུབ་སོང་།
  ཏིང་ལིང་ལིང་དགོང་ཚོགས་ཀྱི་གྲོལ་བརྡ་དེ།ཁྲག་ཁྲིག་གློག་འོད་རྩེན་པའི་སློབ་གྲྭའི་གྲུ་ཟུར་རེ་རེ་ནས་མཆེད་དེ།ཁོའི་སྟོང་འཇགས་ཀྱི་མལ་ཁང་ནང་ལ་འཁྱིལ་བྱུང་།
ཁོའི་ཤག་གྲོགས་ཚོ།གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་བྱུང་།ཁོས་ཁོ་ཚོར་རང་ཉིད་ཀྱིས་གནང་བ་ཞུས་ཏེ་དགོང་ཚོགས་ལ་མ་འོང་བར།འཛིན་བདག་གིས་བཀའ་བཀྱོན་གནང་གིན་མེད་དམ་ཅེས་དྲིས་པར།རེ་འགས་གོ་ཡང་མ་གོ་བ་ལྟར་བྱེད།རེ་འགས་བཀྱོན་ཀྱིན་མི་འདུག་ཟེར་བཞིན་དོགས་མི་བདེ་བའི་བཟོ་ལྟ་རེ་སྟོན་པར་བྱེད། ཁོས་སློབ་གྲོགས་ཚོས་དོན་ཅི་ཞིག་རང་ལ་གསང་གྱིན་པའི་ཉམས་སྣང་བྱུང་།
  སྐབས་དེར།འཛིན་དཔོན་གྱིས་སློབ་གྲྭའི་ཡིག་ཆ་ཞིག་ཁྱེར་ནས་ཁོ་ཚོའི་མལ་ཤག་ཏུ་སླེབས་བྱུང་།ཡིག་ཆ་དེ་མཐོང་མ་ཐག ཁོས་དབང་མེད་དུ་དངངས་འདར་ཞིག་བྱེད་དགོས་བྱུང་།མ་གཞིར་ཡིག་ཆ་དེ་ནི་ཁོ་ཚོའི་མལ་ཁང་ལ་ཆད་པ་བཅད་ཚུལ་གྱི་བསྒྲགས་ཡིག་ཅིག་སྟེ།གཟའ་ཉི་མའི་ཕྱི་དྲོར།སློབ་གྲྭའི་བདེ་སྲུང་ཉེན་འགོག་རུ་ཁག་གིས་མེ་སྐྱོན་འབྱུང་བར་སྔོན་འགོག་བྱ་སླད།སློབ་མ་ཚོས་མལ་ཁང་དུ་ཟ་མ་སྐོལ་བ་དང་།གློག་ཐབ་འཛུགས་པ་སོགས་བྱེད་ཀྱིན་ཡོད་མེད་ལ་ཞིབ་བཤེར་བྱེད་དུས།མལ་ཤག་དོ་དམ་པའི་ས་ནས་གཡར་བའི་གློག་དེམ་དེ་ཁོ་ཚོའི་མལ་ཁང་དུ་ཡོད་པ་རིག་པས།མལ་གྲོགས་ཚང་མར་དུས་ཡིན་ག་ཚོད་ཅིག་ལ།སློབ་སྒྲུབ་རོགས་དངུལ་སྟེར་མི་ཆོག་པའི་ཆད་པ་བཅད་ཚུལ་བསྒྲགས་འདུག
  བསྒྲགས་ཡིག་དེ་ནི་སྐར་མདའ་ཞིག་དང་འདྲ་བར་ཚོད་མེད་དུ་ལྷུང་བས།ཁོའི་རྣམ་ཤེས་ལ་འཁྱོམ་འགུལ་དང་བརྡབ་གསིག་ཚད་མེད་ཐེབས་སོང་།ཁོས་ད་ནི་ཅི་ཞིག་བྱས་ན་དགའ་འམ་སྙམ་དུས།གློག་དེམ་དེ་ནི་མལ་ཤག་དོ་དམ་པའི་ས་ནས་གཡར་ཞིང་།ཁོ་ཚོས་འཕྲལ་མར་ཕྱིར་སྤྲོད་རྒྱུར་བརྗེད་དེ།བྱས་ཉེས་འདི་འདྲ་ཞིག་ལ་དབུ་ཁྱུད་བྲིས་པ་དྲན་པས།མལ་ཤག་དོ་དམ་པ་བཙལ་ཏེ།བདེན་དཔང་བྱེད་དུ་བཅུག་ན།ནོར་འཁྲུལ་དེ་ནོར་འཁྲུལ་ཞིག་མིན་པའི་གསལ་ཁ་ཕྱེ་ཐུབ་པར་འདོད།
  ཁོས་མལ་ཤག་དོ་དམ་པ་ཁྲིད་དེ་བདེ་སྲུང་ཉེན་འགོག་རུ་ཁག་གི་གཞུང་སྒྲུབ་ཁང་གི་ཕྱོགས་སུ་སོང་།གཞུང་སྒྲུབ་ཁང་གི་གློག་གཟིམ་འདུག་ཅིང་།མི་གཅིག་གིས་ཏག་ཏག་སྒོར་ཟྭ་རྒྱག་བཞིན་པའི་སྐབས་དང་ཁེལ་བྱུང་།ཁོ་ཚོས་དོན་དག་དེའི་མགོ་རྔ་མ་དང་བར་སྐེད་པ་མཐའ་དག་ཁོར་བཤད་པར།ཁོས་གཟའ་འཁོར་འདིའི་ལས་རེས་པ་རུ་གཙོ་གྲང་ཡིན་པས།དོན་དེ་ཁོར་བཤད་ཀྱང་ངལ་བ་འབྲས་མེད་ཡིན་ཚུལ་བརྗོད་བྱུང་།དེར་ཁོ་ཚོས་སང་ཉིན་ཞོགས་པར་རུ་གཙོ་བཙལ་དུ་འོང་ཞེས་བཤད་པར།མི་དེས་རུ་གཙོ་གྲང་སང་ཉིན་ནས་བཟུང་ནང་ལོགས་ཀྱི་གྲོང་ཁྱེར་ཞིག་ཏུ་ཉེན་འགོག་ཤེས་བྱའི་སྐོར་གྱི་གསོ་སྦྱོང་དུ་འགྲོ་དགོས་པས།ཟླ་ངོ་གཅིག་ལྷག་ལ་ཕྱིར་མི་ལོག་ཚུལ་བསྙད་བྱུང་།
  མཐར་མལ་ཤག་དོ་དམ་པས་རུ་གཙོ་གྲང་ལགས་ལ་ཁ་པར་བཏང་སྟེ།དོན་དག་དེར་གསལ་ཁ་ཕྱེ་རྒྱུ་བྱས།
  མལ་ཤག་དོ་དམ་པས་རུ་གཙོ་ཀྲང་ལགས་ལ་ཁ་པར་བཏང་སྟེ།གནས་ཚུལ་ཞིབ་མོར་ཀྱང་བཤད་མ་ཚར་གོང་ལ།རུ་གཙོ་གྲང་ཁོང་ཁྲོ་ལངས་བྱུང་།ཁྱོད་ཀྱིས་རྒྱུན་པར་འདི་ལྟར་སློབ་མ་ཚོའི་སྐྱོན་འགེབ་སྲུང་མ་བྱེད། གལ་ཏེ་ཆུ་ཁོལ་འདྲ་བསྐོལ་ནས་མེ་སྐྱོན་རེ་ཤོར་ཚེ།དེ་ནི་ཚེ་སྲོག་དང་འབྲེལ་བའི་གནད་དོན་ཞིག་ཡིན་པས།ཁྱོད་ཀྱིས་འགན་དེ་ཐེག་གམ་ཟེར་བཞིན་གཤེ་གཤེ་ལུང་བ་གང་བཏང་བྱུང་།མལ་ཤག་དོ་དམ་པས་ཀྱང་གཏན་ནས་གཉོམ་མི་འཁུར་བར།དེ་ལ་དེ་བསྟུན་གྱི་འཁོན་ལན་སློག་སྟབས།ཁོ་གཉིས་ཁ་འཛིང་དྲག་པོ་ཞིག་བྱས་སོང་།
  ལོ་ངོ་གསུམ་ལྷག་གི་རིང་ལ།སེམས་སུ་སྒོམ་ཞིང་ཉར་བའི་རྨི་ལམ་དེར།ད་ནི་གཏན་དུ་ཆག་གྲུམ་ཤོར་བས།ཁོའི་སེམས་པ་ལྗིད་ཏིག་ཏིག་གི་ཅི་ཞིག་གིས་ཡོངས་སུ་མནན་བྱུང་ལ།སློབ་གྲྭའི་ར་སྐོར་ནང་གི་གློག་སྒྲོན་ཆེ་མ་ཆུང་གསུམ་མཐའ་དག་དུས་གཅིག་ལ་གཟིམ་པས། སློབ་ར་ཡོངས་ནག་འཐོམ་མེར་འདུག
  ཁོ་རང་མལ་ཤག་ཏུ་སླེབས་པ་ན།ཤག་གྲོགས་རྣམས་སྔ་མོ་ནས་གཉིད་ཀྱི་ཞིང་ཁམས་སུ་སོང་ཚར་འདུག་ལ།ལ་ལས་གཉིད་གཏམ་རེ་གཉིས་འཆད་བཞིན་འདུག
  ཁོ་རང་མལ་སའི་ནང་དུ་འཛུལ་ཞིང་།གཉིད་པར་བརྩམ་པ་ན། རང་གིས་རྨི་ལམ་ཇི་ལྟ་བུ་ཞིག་རྨི་འོང་བར་སེམས་ཁུར་བྱ་དགོས་བྱུང་།
                                  ༢0༡༤.༡༢

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ།

2014-12-15 སྨུག་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།