རྒྱུགས།

གཡུ་རྔོག་ལུང་རྟོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-02-02

            ༡
  ཁོ་མོའི་འཆི་རྐྱེན་ཡང་མཐར་གཏུགས་ན"རྒྱུགས"ཞེས་པའི་ཐ་སྙད་འདིའི་སྟེང་དུ་བབས་འདུག
          ༢
  "དོན་དངོས་སུ་རྒྱུགས་ནི་ཅི་ཞིག་རེད། སྐར་གྲངས་ཀྱིས་ང་ཚོར་ཡོད་ཚད་ནས་ཐམས་ཅད་སྟེར་ནུས་སམ། སྐར་གྲངས་ཁོ་ནའི་མི་བུ་ཞིག་གི་རིག་གནས་དང་རྒྱུན་ཤེས་ཀྱི་བྱང་ཚད་འཇལ་ཐུབ་བམ། གལ་ཏེ་མི་ཐུབ་ན་ང་ཚོར་ཤ་ཚ་ཞིང་སྙིང་ཉེ་བའི་མི་དག་གིས་ཅིའི་ཕྱིར་ང་ཚོ་འཆི་ལམ་དུ་བསྐྱལ་དགོས་པ་རེད། "འདི་ནི་དོན་རྐྱེན་དེ་གྲོགས་པོའི་ཁ་པར་ལས་ཐོས་རྗེས་ངས་རང་གིས་རང་ལ་ཚ་འདྲི་བྱས་པ་ཡིན། ང་ནི་སྐར་གྲངས་ཁོ་ནའི་མི་བུ་ཞིག་གི་མདུན་ལམ་ཐག་ཆོད་པར་འདོད་པའི་སློབ་གསོའི་ཁོར་ཡུག་འདི་ནས་འཚར་ལོངས་བྱུང་བ་ཞིག་ཡིན།
  ཆུང་དུས་སློབ་ཆུང་འདོན་དུས་ནས་དགེ་རྒན་དང་ཕ་མ། སློབ་གྲོགས་དང་ཕུ་ནུ་ཡོད་ཚ་ནས་ཐམས་ཅད་ཀྱི་མིག་ཟུང་སྐར་མའི་སྟེང་ཅེར་ཏེ་ཡོད། དེ་བས་ང་དང་ང་འདྲ་བའི་བྱིས་དུས་ཀྱི་བསམ་བློ་ནར་མ་སོན་པའི་སློབ་གྲོགས་མང་ཤོས་ཤིག་གིས་སྐར་གྲངས་ཀྱི་ཆེད་དུ་རང་ནུས་ཡོད་ཚད་ཀྱིས་རྒྱུགས་པ་ཡིན་ཏེ། སྐར་གྲངས་ལོན་ན་ཕ་མའི་གཅེས་སྐྱོང་ཡོད་ལ། དགེ་རྒན་གྱི་བྱམས་བརྩེ་ཡོད། ད་དུང་ཕུ་ནུ་ཚོའི་བརྩེ་འདང་ཡོད་ལ། སློབ་གྲོགས་ཚོའི་གུས་བཀུར་ཐོབ་པས་སོ།།
  འོན་ཏེ། མི་ནི་ཡུལ་དུས་རང་བཞིན་མི་འདྲ་བའི་བརྒྱུད་རིམ་ཞིག་གི་ཁྲོད་འགྱུར་ལྡོག་ངེས་ཅན་ཞིག་འགྲོ་བཞིན་པ་སྨོས་མེད་རེད། དེ་བས་ང་དང་ང་འདྲ་བའི་གཞོན་ནུ་མང་པོ་ཞིག་གི་བསམ་བློ་ལའང་འགྱུར་ལྡོག་ཐེབས་ཀྱིན་ཡོད། རྒྱུགས་ཞེས་པའི་ཐ་སྙད་འདི་ལ་དོགས་པ་དང་རེ་ཆད་མང་པོ་སྐྱེ་བཞིན་ཡོད།
  དེའང་ང་རང་སློབ་འབྲིང་དུ་ཞུགས་པའི་ལོ་དེ་ཡིན་ཚོད་འདྲ། རྒན་ཁྱུང་བཟང་ལགས་ཀྱིས་བྲིས་པའི<<རྒྱུགས>>ཞེས་པའི་དཔྱད་རྩོམ་ཞིག་ལ་བལྟས་མྱོང་། དེས་ང་ཡི་སེམས་པའི་སྒོ་གླེགས་ཕྱེས་བྱུང་། དེས་ངའི་མི་ཚེའི་ལ་གསལ་ལ་མི་གསལ་བའི་ཁ་ཕྱོགས་ཤིག་བསྟན་བྱུང་། དེས་ང་ཡི་དཔེ་ཀློག་ལ་བསམ་ཡུལ་ལས་འདས་པའི་བློ་སྐྱེད་ཅིག་རེག་བྱུང་།
             
  ཁོ་མོ་ནི་ངའི་སློབ་ཆུང་དུས་ཀྱི་སློབ་གྲོགས་ཡིན་ལ། ངའི་ཆུང་དུས་ཀྱི་རྩེད་རོགས་འདང་ཆེན་ཞིག་ཀྱང་ཡིན། དེའི་སྐོར་ངེད་གཉིས་ལ་ཆ་རྒྱུས་ཡོད་པ་ཚང་མས་ཤེས་གསལ་ལྟར་ལགས་པས། འདིར་བརྗོད་འདོད་པ་གཙོ་བོ་མིན། གཙོ་བོ་ནི་མོ་ལོ་བཅོ་བརྒྱད་དུ་བུད་པའི་དཔྱིད་ཀ་དེར་ཁོ་མོས་རང་སྲོག་བཅད་དེ་བདེ་སྐྱིད་ཀྱི་མེ་ཏོག་ཅིག་སད་ཀྱིས་བཅོམ་པ་དེ་ཡིན།
  ང་ནི་རང་ཉིད་ཀྱི་དགའ་མོས་ལ་བརྩོན་ལེན་བྱེད་པར་ཧ་ཅང་སྤྲོ་བའི་དབང་གིས། ལོ་འདི་ཚོར་ཕ་ཡུལ་དང་ཁ་བྲལ་ནས་ནང་ལོགས་ཀྱི་སློབ་ཆེན་ཞིག་ན་དབྱིན་ཡིག་ལ་ཟབ་སྦྱོང་བྱེད་ཁུལ་བྱས་ནས་ཁོམ་གྱིན་མེད། དེ་བས་ཕ་ཡུལ་གྱི་མི་མང་པོ་ཞིག་ལ་འབྲེལ་འདྲིས་བྱེད་མྱོང་མེད། བདེ་སྐྱིད་ཀྱང་དེ་ག་ནང་བཞིན་ཡིན། འོན་ཏེ། རང་ཉིད་ཀྱི་མི་ཚེའི་འདིའི་བློ་སེམས་ཁེལ་སའི་གྲོགས་མཆོག་དམ་པ་པད་ཚེ་དང་རྒྱུན་ཏུ་འབྲེལ་འདྲིས་བྱེད་ཀྱིན་ཡོད། བདེ་སྐྱིད་ཀྱི་འཆི་རྐྱེན་ཡ་ང་བ་དེའང་ཁོས་ཁ་པར་ལས་ང་ལ་བཤད་པ་ཡིན།
  ཉིན་ཞིག་གོང་ཟས་ལ་རོལ་རྗེས། ཉལ་ཁང་ནང་དུ་ངལ་གསོ་ཞོར་ལྷ་བྱམས་རྒྱལ་གྱི་སྒྲུང་རིང<<བོད་ཀྱི་གཅེས་ཕྲུག>>ཅེས་པ་དེ་ཕར་སློག་ཚུར་སློག་བྱེད་ཀྱིན་པའི་དུས། གློ་བུར་ཏུ་ཁ་པར་ལས"མཐུན་སྒྲིལ་གྱིས་ཡ"ཞེས་པའི་གླུ་བ་ཤེར་བསྟན་གྱི་སྙན་དབྱངས་དེ་གྲགས་བྱུང་། ཁ་པར་ཚུར་བླངས་ཏེ་འཆར་ངོས་སུ་བལྟས་པ་ན་ད་གཟོད"པད་ཚེ"ཅེས་པའི་ཡིག་འབྲུ་གསུམ་དང་ཁོའི་པར་བབ་ཆགས་དེ་ཤར་འདུག དེ་བས་མྱུར་ཏུ་ཁ་པར་སྒོ་ཕྱེ་བ་ཡིན།
  "ཝེ། པད་ཚེ་ཡིན་ན། ཉེ་ལམ་བདེ་མོ།"
  "ཡིན་ཡིན། ཁྱེད་བདེ་མོ།"
  "ཕ་ཡུལ་ནས་ཚང་མ་བདེ་མོ་ཡིན་ནམ། ཁྱོད་ཚོའི་ད་ལོར་ནོར་ལུག་ལོ་ཕུད་ཀྱི་ཨེ་ཡོད་གི རྩྭ་སའི་འདང་གི་ཨེ་ཡོད་གི"
  "ཚང་མ་བདེ་མོ་སྐྱིད་པོ་རེད། ད་ཚོད་ཕལ་ཆེར་ནོར་ལུག་ཀྱང་ལོ་ཕུད་ཐུབ་ཐལ། དེ་ནས་ཁྱོད་ལ་འཆམ་པ་འདྲ་མ་བྱུང་ངམ།"
  "མ་བྱུང་ཐལ། དེ་མིན་ཁ་བརྡ་ཅི་བྱེད་ཀྱི་ཡོད།"
  "ད་ཁ་བརྡ་ཤོད་ཟེར་ན་ཅི་བྱེད་དགོས་པའང་མི་ཤེས། གང་ནས་འགོ་འཛིན་དགོས་པའང་མི་ཤེས།"
  "ད་ཅིག་ཤོད་དང་ཆོག ཕ་ཡུལ་གྱི་སྐོར་ནས་ཁ་བརྡ་ཅི་བཤད་ནའང་ཆོག"
  "ཨོ་དེ་ཟེར་ན། ཨ་རོགས། བདེ་སྐྱིད་བུད་སོང་"
  "ཨ་བདེ་སྐྱིད་གང་ལ་བུད་སོང། སུས་ཁྲིད་ཐལ།" ངས་ཕལ་ཆེར་ཁོ་མོ་གནས་ལ་བུད་སོང་ངམ་སྙམ།
  "གཏན་ཏུ་ཕྱིར་ལོག་མེད་པའི་གནས་ལ་བུད་སོང་། ཁ་སང་སྔ་མོ་བུད་སོང་།" ད་གཟོད་ངས་ཀྱང་ཁོའི་སྐད་ཆའི་ཧ་གོ་སོང་།
  "ཨ་ཧ་བོ། ཅི་ཞིག་བྱུང་སོང་ངམ། ཅི་ཡང་ན་གི་མེད། གློ་བུར་ཏུ་ཅི་བྱུང་སོང་ངམ།"
  "རང་སྲོག་བཅད་སོང་ནི་རེད། ཕལ་ཆེར་རྒྱུགས་ཀྱིས་མནར་བ་ཡིན་པ་འདྲ"………………………
             
  བདེ་སྐྱིད་ཀྱི་འཆི་རྐྱེན་དེས་ང་རང་ལ་དཔྱད་རྩོམ་ཅིག་འབྲི་བར་སྐུལ་ལྕགས་ཡང་ཡང་བྱས་བྱུང་། སྔ་མོ་ནས་རྒྱུགས་ཀྱི་ཐད་ལ་དཔྱད་རྩོམ་ཅིག་འབྲི་འདོད་ཡོད་ཀྱང་། ལེ་ལོ་དང་ཕྱི་ནུར་བྱས་ཏེ་ད་ལྟའི་བར་འགྱངས། ཡིན་ནའང་ད་ཐེངས་དཔྱད་རྩོམ་འདི་མ་བྲིས་ཐབས་མེད་ཡིན་སྙམ་སྟེ། རྒྱུགས་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་ཉོ་རྒྱུ་ཡོད་པ་དག་ཉོས། འཕྲུལ་དེབ་ཏུ་ཕབ་ལེན་བྱེད་རྒྱུ་ཡོད་པ་དག་ཕབ་ལེན་བྱས། དེ་སྔོན་རང་ཉིད་ཀྱིས་འདིའི་ཐད་བསམ་གཞིགས་ཅུང་ཟད་བྱས་པ་དག་ཟིན་ཐོར་བཀོད་རྗེས། མཐར་ཡང་བསྐྱར་འདང་མང་པོ་ཞིག་བརྒྱབ་ནས་དཔྱད་རྩོམ་དེ་འབྲི་བར་ཐག་བཅད་པ་ཡིན་ལ། ཕ་ཡུལ་ཏུ་བདེ་སྐྱིད་ཀྱི་འཆི་རྐྱེན་ལ་རྒྱུས་ལོན་བྱེད་དུ་འགྲོ་ཆེད། སློབ་གྲྭར་ཉིན་བཅོ་ལྔའི་གནང་བ་བླངས་ནས་ཕ་ཡུལ་ཏུ་བསྐྱོད་པ་ཡིན།
  ང་རང་ཕ་ཡུལ་ཏུ་འགྲོ་དུས་དབྱར་གྱི་དུས་ཚིགས་སུ་སླེབས་ཡོད་ལ། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་གི་རྣམ་པ་དག་མཐོང་བ་ཡིས་འདས་པའི་བྱ་བ་མང་པོ་ཞིག་ཡིད་ལ་འཁོར་བྱུང་། ལྷག་པར་ཏུ་བདེ་སྐྱིད་ཀྱི་སྐད་ཆ་ཞིག་ཡིད་ལ་འཁོར་བྱུང་། དེ་ནི་ཕལ་ཆེར་ང་ཚོ་སློབ་ཆུང་དུ་འགྲོ་བའི་སྐབས་ཤིག་ཡིན་པ་འདྲ། ཉིན་ཞིག་ང་ཚོ་བྱིས་པ་དག་གིས་རང་རང་གི་ཕུགས་བསམ་མམ་རྨི་ལམ་གླེང་བ་ཡིན། ཁོ་མོས་བཤད་ན"ངའི་ཕུགས་བསམ་ནི་སྐྱེས་པ་ཡ་རབས་ཤིག་དང་འགྲོགས་ནས་བྱིས་པ་སྙིང་རྗེ་འགའ་གསོ་བ་དང་། རང་གི་སྐྱེས་པ་དང་བྱིས་པ། ཁྱིམ་ཚང་ལ་དགའ་བའི་ཨ་མ་ལགས་ནང་བཞིན་བུ་མོ་ཡ་རབས་ཤིག་བྱ་རྒྱུ་དེ་ཡིན་ཟེར།" ཁོ་མོའི་ཕུགས་བསམ་མངོན་གྱུར་བྱེད་མ་ཐུབ་པར་འདི་ལྟར་བཞུད་སོང་། མོ་ལོ་བཅོ་བརྒྱད་ལ་བུད་མ་ཐག་པའི་གཞོན་ནུ་མ་ཞིག་འདི་ལྟར་བུད་སོང་། རེ་བ་ཡོད་ཚད་གསར་ཏུ་བཞད་ལ་ཉེ་བའི་སློབ་མ་ཞིག་འདི་ལྟར་བཞུད་སོང་།
            
  ང་རང་ཁྱིམ་ཏུ་ཐོན་དུས་བདེ་སྐྱིད་ཀྱི་འཆི་རྐྱེན་སྐོར་གྱི་གསར་འགྱུར་དག་ཀྱང་ཕལ་ཆེར་ཞི་འཇགས་སུ་སོང་འདུག
  ཉིན་གཉིས་ཀྱི་ཡུན་ལ་ཕ་མ་གཉིས་ཀྱི་གམ་ནས་ཁ་བརྡ་བྱེད་ཁུལ་བྱས་ཏེ་ཁོང་རྒན་རྒོན་གཉིས་ལ་ཆད་པ་དག་གསབ་ཁུལ་བྱས་པ་ཡིན། དེ་ནས་བདེ་སྐྱིད་ཀྱི་འཆི་རྐྱེན་སྐོར་ལ་གླེང་མོལ་བྱེད་དུ་བསྐྱོད་པ་ཡིན།
  ཨ་ཕ་ཀུ་ལོ་ཚང་ལ་ངེད་ཚང་ནས་འཕྲུལ་རྟར་ཞོན་ཏེ་སྐར་མ་ཉི་ཤུ་ལྷག་གི་ལམ་བུར་བརྒྱུད་རྗེས་ད་གཟོད་སླེབས་བྱུང་། ང་ཁོང་ཚང་ལ་སོང་དུས་བདེ་སྐྱིད་ཀྱི་ཨ་མ་བདེ་སྐྱིད་ཀྱི་དགེ་རྩར་སྒར་ལ་བསྐོར་བ་དང་མཆོད་མེ་འབུལ་ཏུ་སོང་ནས་ཡུལ་ན་མི་འདུག ཨ་ཕ་ཀུ་ལོ་འདུག ངས་དང་ཐོག་ཅི་བྱེད་དགོས་པའང་མི་ཤེས་པས་ཁོང་ལ་འཚམས་འདྲི་སྟབས་བདེ་ཞིག་བྱས་རྗེས། ཨ་མས་ཕྱིན་པའི་ཀ་ར་ཕྱེ་མ་དེ་ཁོའི་ལག་ལ་བཞག
  རྒན་པོས" ཨ་ཁུ། མ་བཟང་ཐལ། ངའི་ལ་རིང་བོར་འགོ་གི་ལག་རྟེན། མུན་ནག་ནང་གི་སྒྲོན་མེ……འདི་ལྟར་བུད་སོང"སོགས་ཟེར་ཞོར་ངུ་ལྷེབ་ཞིག་བྱས།
  དེ་བས་ངས་ཀྱང་དཔལ་སྤྲུལ་སྔོན་འགྲོའི་ནང་གི་ལུང་དེ་དག་ཤ་ར་ར་བཏོན་ནས་འདུས་མཐའ་འབྲལ་བ་ཡིན་པའི་ཆོས་ཉིད་དེ་ངོ་སྤྲོད་ཁུལ་བྱས་པ་ཡིན། ད་དུང་རང་ཉིད་ཀྱིས་ཀྱང་དོན་རྐྱེན་དེ་གོ་རྗེས་བསྔོ་བ་སྨོན་ལམ་བྱས་ཚུལ་དང་། ཆོས་གྲོགས་ཚོར་ཁ་པར་བཏང་ནས་དགོན་སྡེ་ཆེ་ཁག་ལའང་འབྲེལ་བཞག་ཚུལ་བཤད་པ་ཡིན།
  "ཨ་དྲིན་ཆེན་པོ། དེ་མིན་ནས་ད་ཅི་བྱེད་རྒྱུས། "
  "དེ་ཟེར་དགོས་མི་འདུག ང་ཚོ་སྡེ་བ་གཅིག་གི་མི་ཡིན་ལ། ངེད་གཉིས་ལ་མཚོན་ན་ཆུང་དུས་ནས་གྲོགས་པོ་ཡིན་པས་དེ་ཙམ་གྱི་འོས་འགན་ང་ལ་ཡོད་པ་རེད"………
  དེ་ནས་ངས་བདེ་སྐྱིད་ཀྱི་འཆི་རྐྱེན་སྐོར་དྲིས་པ་ཡིན། ཨ་ཕ་ཀུ་ལོས་ཀྱང་ད་ནངས་ཡོངས་ཁར་ཕ་རྒན་གྱིས་བཤད་པ་ནང་བཞིན། "ཁྱོད་ཨ་ཁུ་ཞིག་ལ་འདིའི་ཅི་བྱེད།"ཟེར།
  "འདིའི་སྐོར་ལ་ཞིབ་འཇུག་བྱེད་རིན་འདུག འདི་དོན་དག་ཆུང་ཆུང་ཞིག་མ་རེད། རང་ག་བའི་འཆི་རྐྱེན་ཞིག་མ་རེད། ད་དུང་དོན་དག་འདི་འདྲ་མང་པོ་འབྱུང་ངེས་རེད། དེ་བས་ངས་རང་ཉིད་ཀྱིས་ནུས་ཚོད་ཀྱིས་འདིའི་སྐོར་ལ་དཔྱད་རྩོམ་ཞིག་འབྲི་དགོས། དེ་ནི་ངས་དམ་བཅས་ཟིན། བརྒྱ་ལ་དེས་འདི་འདྲའི་དོན་དག་མི་འབྱུང་བར་ཕན་ཅུང་ཟད་ཐོགས་ནའང་ཐང་།"ཅེས་བཤད་པ་ཡིན།
ཁོས་འདིའི་སྐོར་གླེང་འདོད་མེད་ནའང་། ངས་བཤད་པའི་སྐད་ཆ་དེ་དག་ལ་གནས་ལུགས་ཏོག་ཙམ་ཡོད་པའམ། ཡང་ན་ངའི་ངོ་མ་ཆོད་པ་གང་ལྟར་ཡང་ཅུང་ཟད་གླེང་བྱུང་།
  དེ་ནི་འདི་ལྟ་སྟེ། "བདེ་སྐྱིད་ནི་སློབ་སྦྱོང་ལ་བརྩོན་ཞིང་རྒན་ལ་བཀུར་བའི་བུ་མོ་ཡ་རབས་ཤིག་ཡིན་པ་དང་། སློབ་ཆུང་དང་དམའ་འབྲིང་སྐབས་སུ་ནམ་རྒྱུན་འཛིན་གྲྭའི་ཨང་གསུམ་པའི་མན་ལྷུང་མྱོང་མེད། དེ་བས་ངེད་རྒན་རྒོན་གཉིས་ཀྱིས་ཀྱང་བུ་མོར་རེ་བ་མཐོན་པོར་བྱེད་ཀྱིན་ཡོད། རང་ཚང་ལའང་རྒྱལ་ཁབ་ཀྱི་ལས་བྱེད་པ་གཅིག་ཡོད་སོང་སྙམ་ཡོད་ལ། ཚང་མས་ཀྱང་དེ་ལྟར་བསམ་བཞིན་ཡོད། ཡིན་ནའང་ན་ནིང་སྟོན་ཁར་མཐོ་འབྲིང་དུ་སོང་བ་ནས་རིམ་བཞིན་བུ་མོའི་རྒྱུགས་འབྲས་དང་ཨང་རིམ་མར་ལྷུང་ནས། ཕལ་ཆེར་ཨང་བཅུ་པ་ཡར་མར་ཏུ་ལྷུང་སོང་། དེ་བས་ངེད་རྒན་རྒོན་གཉིས་ཀྱིས་ཀྱང་ནམ་རྒྱུན་ཁོ་མོར་རྣར་སྡུག་བྱས་པ་ཡིན་ལ། ཁྱིམ་མཚེས་གཡས་གཡོན་ཀུན་ནའང་བདེ་སྐྱིད་ལ་ཁ་ཟེར་འདྲ་མིན་བྱེད་ཀྱིན་འདུག མ་ཟད་དུས་རྒྱུན་དགེ་རྒན་དག་གིས་ཀྱང་རྒྱུགས་འབྲས་ཞན་པའི་འབྲོག་ཕྱོགས་ཀྱི་སློབ་མ་དག་ལ་དམའ་འབེབས་དང་བརྙས་བཅོས།ཁྱད་གསོད་གང་མང་བྱེད་གི་ཟེར། ཡིན་ནའང་དེའི་ཚད་དུ་འགྲོ་མི་དགོས།
  ད་ལོའི་དཔྱིད་ཀར་བར་རྒྱུགས་ཀྱང་མི་བཟང་གི བར་རྒྱུགས་སྤྲད་རྗེས་དབྱར་རྩྭ་དགུན་འབུ་བརྐོ་བར་སློབ་གྲྭས་གནང་བ་བྱིན་པས་ཡུལ་ཏུ་ལོག་ནས་ཉིན་ཉི་ཤུ་ལྷག་ལ་བསྡད་པ་རེད། དེའི་རིང་ལའང་རྣར་སྡུག་སོགས་སྔར་བཞིན་བྱས་པ་ཡིན། འོན་ཏེ། ངེད་གཉིས་ཀྱི་མཐོང་ས་ནས་རྣམ་འགྱུར་ངན་པ་འདྲ་བསྟན་མ་མྱོང་།
  ཡིན་ནའང་། སང་ཉིན་སློབ་གྲྭར་འགྲོ་བའི་དགོང་མོ་དེར་ཟམ་ཁར་དཔྱངས་འདུག…………" ཟེར་བཞིན་མགྲིན་པ་བརྣངས་ནས་སྐད་ཆ་མི་ཤོད་པར་གྱུར།
ངས་ཀྱང་དེ་ཙམ་ལས་རྒན་པོར་དཀའ་ལས་གཏད་མ་ཐུབ་ནས་བསྐྱུར་བ་ཡིན།
             
  གྲོགས་པོ་པད་ཚེ་ལགས་ཀྱིས་བཤད་པ་ནང་བཞིན་བདེ་སྐྱིད་ཀྱི་འཆི་རྐྱེན་རྒྱུགས་དང་ཏན་ཏན་འབྲེལ་ནས་ཡོད་པ་གསལ་བོར་ཐག་ཆོད་སོང་མོད། ད་དུང་འདིའི་ཕག་ན་རྒྱུ་རྐྱེན་མང་པོ་ཞིག་ཡིབ་ནས་བསྡད་ཡོད་པའི་ཚོར་སྣང་ཞིག་གིས་ང་རང་བདེ་བར་འདུག་ཏུ་འཇུག་ཐབས་བྲལ། དེ་བས་ཆུང་དུས་ཀྱི་སློབ་གྲོགས་མང་པོ་ཞིག་ཡོད་སར་སོང་ནས་བདེ་སྐྱིད་ཀྱི་འཆི་རྐྱེན་དང་འབྲེལ་ཡོད་ཀྱི་གནས་ཚུལ་རེ་ཨེ་ཤེས་འབད་པ་ཡིན།
  དབང་ལོ་སྐྱག་ཁ་ནི་བདེ་སྐྱིད་ཀྱི་ད་ལྟའི་བར་གྱི་སློབ་གྲོགས་ཡིན་པར་མ་ཟད། ངེད་ཚོ་སྡེ་བ་གཅིག་གི་མི་ཡིན། ཆུང་དུས་སློབ་ཆུང་སྐབས་ང་ཚོ་ལོ་དྲུག་གི་སློབ་གྲོགས་ཡིན་པས། ཕན་ཚུན་ལ་བརྩེ་འདང་དང་རྒྱུས་ལོན་ཡོད། ང་རང་ཆེད་དུ་ཁོ་ཡོད་སའི་ཁུལ་མི་རིགས་མཐོ་འབྲིང་དུ་འདིའི་སྐོར་ལ་ཁ་བརྡ་བྱེད་དུ་སོང་བ་ཡིན།
  ཁོས་བཤད་རྒྱུར།"བདེ་སྐྱིད་འདི་ལྟར་བུད་སོང་བར་ང་རང་སེམས་སྟེང་ནས་ཡིད་ཕམ་བྱུང་ཡོད། ཁོ་མོ་ནི་ང་རང་གིས་ནམ་རྒྱུན་གདེང་འཇོག་བྱེད་སའི་བུ་མོ་ཞིག་ཡིན། མ་ཟད་ལོ་འདི་འདྲ་མང་པོ་ཞིག་ལ་སློབ་ཆུང་ནས་སློབ་འབྲིང་། སློབ་འབྲིང་ནས་མཐོ་འབྲིང་བར་མཉམ་དུ་འགྲོགས་ནས་ཡོང་བ་ཡིན་པས། ཕན་ཚུན་ལ་མིང་སྲིང་ལྟ་བུའི་བརྩེ་འདང་ཡོད། ཡ་ད་དེ་ཚོ་སྐྱུར་ཞོག གཙོ་བོ་ཁོ་མོའི་འཆི་རྐྱེན་ཐད་ནས་བཤད་ན། ངས་བསམ་ན་འདི་ནི་ཁོར་ཡུག་ཅིག་གི་གནོན་ཤུགས་མ་ཐེག་པར་བྱུང་བ་རེད་སྙམ་ཡོད། དེ་ཡང་ཕ་མ་དང་དགེ་རྒན། ད་དུང་སློབ་གྲོགས་དང་ཡུལ་མི་སྤུན་ཟླ་མང་པོ་ཞིག་གིས་བདེ་སྐྱིད་ལ་གནོན་ཤུགས་སྤྲད་ཡོད་པ་རེད། དེ་ཡང་མཐར་གཏུགས་ན་རྒྱུགས་ཀྱི་ཐད་ནས་ཁོ་མོ་འཆི་ལམ་དུ་དེད་པ་རེད། ཕ་ཡུལ་ནས་གནོན་ཤུགས་སྤྲོད་དོན་ནི། བདེ་སྐྱིད་ང་དང་མི་འདྲ་བར་སློབ་ཆུང་དང་སློབ་འབྲིང་སྐབས་སུ་སློབ་སྦྱོང་ལ་བཟང་ཞིང་རྒྱུགས་འབྲས་ལེགས་མོད། མཐོ་འབྲིང་དུ་ཐོན་དུས་གློ་བུར་ཏུ་རྒྱུགས་འབྲས་མར་ལྷུང་བས་རེད། མ་ཟད། ཡུལ་མི་མང་པོ་ཞིག་གི་བསམ་པར་བདེ་སྐྱིད་ཁ་རྒྱ་མགོ་རྒྱ་སྟེ་ལད་སོང་བ་རེེད་སྙམ་ནས་འདྲ་མིན་ལབ་པ་རེད།
  སློབ་གྲྭ་ནས་གནོན་ཤུགས་སྤྲོད་དོན་ནི། ཁྱེད་ཀྱིས་ཀྱང་ཤེས་གསལ་ལྟར། ང་ཚོའི་ཕ་ཡུལ་ནས་བསླབ་བྱ་མང་ཤོས་སྐད་ཡིག་སྟེང་ནས་སྤྱང་དགོས་པས། སྐད་ཡིག་ཕྱོགས་ནས"དགེ་བཤེས"འདྲ་ཞིག་ཡིན་ནའང་། རྒྱ་ཡིག་གི་ཉིན་ཐོ་ཞིག་ཀྱང་གཙང་མར་འབྲི་ཐུབ་མཁན་དཀོན། ཡིན་ནའང་། མཐོ་འབྲིང་འདིར་ཐོན་དུས། བསླབ་བྱ་མང་ཤོས་རྒྱ་ཡིག་སྟེང་ནས་སྤྱང་དགོས་པས་ང་ཚོ་འབྲོག་ཕྱོགས་ནས་ཡོང་བ་དག་གི་བྱ་ཚང་སོང་བ་རེད། དགེ་རྒན་དང་སློབ་གྲོགས་ཚང་བས་མཐོང་ཆུང་དང་བརྙས་བཅོས་བྱེད་པ་བཟོད་དཀའ་བ་ཞིག་རེད། འོན་ཏེ། བདེ་སྐྱིད་ཀྱིས་ཇི་འདྲ་འབད་བརྩོན་བྱས་པ་ངས་གསལ་བོར་ཤེས། དེ་འདྲ་མིན་ཚེ་བདེ་སྐྱིད་ཀྱིས་ཨང་བཅུ་པ་ལོན་པའང་རྨི་ལམ་རེད། ངའི་བྱ་ལྟོས་དང་ཚང་མས་ཤེས་ངེས།"ཞེས་ཟེར་བཞིན་མིག་མཐར་མཆི་མ་འཁྱིལ་ཞིང་སེམས་ཧ་ཅང་སྐྱོ་བའི་རྣམ་པ་མངོན།
  དེ་བས། ངས་ཀྱང་མུ་མཐུད་དུ་གླེང་མ་ཕོད་པར་ཆུང་དུས་ཀྱི་སྐོར་ལབ་པ་ཡིན་ལ། ངེད་གཉིས་ཀྱིས་སྐད་ཆ་འདྲ་མིན་ལབ་པ་ཡིན།
  ཕྱི་དྲོ་དེར་ཁོ་ཚོའི་འཛིན་གྲྭར་རྩལ་སྦྱོང་གི་སློབ་ཐུན་ཞིག་ཡོད་པར་མ་ཟད། རྩལ་སྦྱོང་གི་དགེ་རྒན་མེད་པས་རང་མོས་ལྟར་ངལ་གསོས་ཏེ་བསྡད་འདུག ངས་ཀྱང་གོ་སྐབས་འདི་སྤྱད་ནས་སློབ་གྲོགས་ཚོར་བདེ་སྐྱིད་ཀྱི་འཆི་རྐྱེན་སྐོར་གླེང་མོལ་བྱེད་བསམ་ཏེ། དབང་ལོས་མཚམས་སྦྱོར་ལ་བརྟེན་ནས་རེ་བ་ཡོངས་སུ་འགྲུབ་སོང་། ཁོ་ཚོས་བཤད་པ་དང་དབང་ལོས་བཤད་པ་ཕལ་ཆེར་ཡོངས་སུ་མཚུངས་འདུག མི་མཚུངས་ས་ནི་སློབ་གྲོགས་བུ་མོ་མང་པོ་ཞིག་གིས་ངུ་ཞོར་དང་བཤད་ཞོར་བྱས་པས་ངས་ཀྱང་མང་པོ་ཞིག་གོ་མ་བྱུང་བ་དེའོ།།
             
  ངས་དཔྱད་རྩོམ་དེ་དུས་ཚོད་མང་པོ་ཞིག་བཀོལ་ནས་བྲིས་ཤིང་ལོ་མཇུག་ཏུ་རང་ཞིང་གི་དུས་དེབ་ཆེ་གྲས་ཤིག་ཏུ་བཀོད་པ་ཡིན། ཀློག་མཁན་མང་པོ་ཞིག་གིས་འདི་ལས་སློབ་གསོའི་སྐོར་གྱི་དྲིས་ལན་ཞིག་རྙེད་པར་སྨོན། ལྷག་པར་ཏུ་བདེ་སྐྱིད་དང་བདེ་སྐྱིད་ལྟ་བུའི་མི་མང་པོ་ཞིག་གིས་དག་ཞིང་ནས་སེམས་ལྷོད་ལ་འབབ་ཐུབ་པར་སྨོན།
  ཕ་ཡུལ་དང་རྒྱང་ཐག་རིང་བའི་ནང་ལོགས་ཀྱི་གྲོང་ཁྱེར་འདི་ནས། ངས་གཟའ་མཇུག་གི་དུས་ཚོད་བེད་སྤྱད་དེ་འདས་དོན་མང་པོ་ཞིག་ལ་ཕྱིར་དྲན་བྱས་པ་ཡིན་ལ། ཁོམ་སྐབས་དང་བསྟུན་ནས་ནུབ་ཕྱོགས་པའི་བརྩམས་ཆོས་མང་པོ་ཞིག་བཀླགས་པ་ཡིན། དེ་བས། ངས་ང་ཚོའི་དུས་རྒྱུན་འདོན་བཞིན་པའི་ཆགས་མེད་བདེ་སྨོན་ནང་གི་ཞིང་ཁམས་དེའི་རྣམ་པ་ཡིད་ལ་འཁོར་བྱུང་། ད་དུང་ང་ཚོའང་ཞིང་ཁམས་དེའི་མི་བུ་ཞིག་ཡིན་ཚེ། ཡང་ན་ཞིང་ཁམས་དེ་ན་འཚོ་བའི་སློབ་གཉེར་བ་ཞིག་ཡིན་ཚེ། བདེ་སྐྱིད་ཀྱིས་ཀྱང་ད་དུང་སློབ་གཉེར་བྱེད་མཚམས་བཞག་མེད་ལ། དབུགས་གཏོང་མཚམས་དེ་བས་ཀྱང་བཞག་མེད་པར་སེམས།
  དེ་ལྟར་སེམས་ཤིང་དེ་ལྟར་གཞིགས་ཚེ། ང་ནི་ཆར་སྡོད་ཀྱི་བྱིའུ་ཞིག་ཡིན་པའི་ཚོར་སྣང་བྱུང་།
                                        ༢༠༡༤/༥/༩ ཉིན་མཇུག་གྲུབ་པར་བྱས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱུགས།

2015-02-02 གཡུ་རྔོག་ལུང་རྟོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།