སྙན་ངག་གི་ཉིན་གཅིག

  དེབ་ཕྲེང་ནས་འཚེར་བའི་སྙན་ཚིག་གི་མཛེས་པས་ངའི་ཟ་མའི་ཡི་གའང་འགག་པར་གྱུར་ལ།དབང་མེད་དུ་དཔེ་དེབ་དེ་ལག་ཏུ་བཟུང་ཞིང་།རིན་ཆེན་ཞིག་གློ་བུར་དུ་རྙེད་པ་ནང་བཞིན་དམ་པོར་བསྡམ་ཞིང་སློབ་ཐུན་དང་པོར་ཇི་ལྟར་ཞུགས་པའང་མ་ཤེས་ལ།འགོག་ཏུ་མེད་པའི་སྟོབས་ཤུགས་སམ་དགའ་བ་ཞིག་གིས་ལུས་ཡོངས་སུ་གོ་ཆ་བགོས་ཤིང་།མདུན་ཅོག་དང་སློབ་གྲོགས།མཛའ་མོ་སོགས་སུ་ཞིག་ལ་འཕྲད་ནའང་ལབ་གླེང་མགོ་སྔ་ལྡན་པ་ཞིག་ཅིས་ཀྱང་བྱེད་མ་ཐུབ།
  ཐོག་ཁང་དེ་དག་ཡོམ་བཞིན་འགུལ་བཞིན་འདུག་ལ་ལྗོན་ཤིང་དག་གིས་ཐོག་ཁང་དག་ལ་ཤབ་ཤུབ་ཅི་ཞིག་སྨྲ་བར་སྣང་།ཚོར་བ་དེ་དེ་ལྟར་ཕྱོགས་ཡོངས་སུ་མཆེད་ཅིང་།རྒྱང་རིང་གི་རི་བོའི་མགུལ་དུ་འཁྱུད་ལ་ཐག་ཉེ་སའི་ཆུ་མོའི་རླབས་དང་རྩེན།དེ་ལྟར་ཡུན་གྱིས་དགེ་རྒན་གྱི་ལུས་ཡོངས་སུ་ཟུག་ལ།ཐ་མར་ཕར་འགྲམ་གྱི་མཛའ་མོའི་གདོང་དུ་འཕྱན་ཞིང་དུང་སེམས་ཞེས་ཚིག་འབྲུ་གཉིས་ངག་ལས་དབང་མེད་དུ་ཤོར་ཞིང་ཟིན་བྲིས་སྟེང་འགོག་མེད་དུ་བྲིས་རྗེས་མཐའ་བསྐོར་དུ་སྨྱུ་གུས་ཡང་ཡང་གཙགས་ཤིང་ཁོ་མོར་སེམས་གཏིང་ནས་གཅེས་སེམས་ཤིག་སྐྱེས་བྱུང་།
རེད་དེ་མདང་ནུབ་ཁོ་མོས་ཅུང་ཙམ་མིན་ན་རང་ཟས་སོང་ལ་བྲད་པའི་སེན་ཤུལ་དུ་ད་དུང་ཟུག་གཟེར་ཕྲན་བུ་རྒྱག་ལ།དམ་གྱིས་བསྡམ་པའི་ལག་ཟུང་གི་ཤེད་ཤུགས་ད་དུང་ཉིད་ཀྱི་སྐེད་དུ་བསྡམས་ཡོད་པར་སྣང་།ཁོ་མོས་མཚམས་རེར་ངའི་ཕྱོགས་སུ་ཅེར་ཞིང་སྐྱོ་གདུང་འདྲེས་མའི་ཉམས་ཤིག་སྟོན་གྱིན་ཁ་ཤ་དབང་མེད་དུ་འགུལ་བར་བྱེད།ངས་ཉིབ་ཏུ་ཉན་པ་ན་ངས་རང་ཉིད་གཤགས་བཅོས་བྱས་སོང་ཟེར་བཞིན་འདུག དངོས་གནས་གཤགས་བཅོས་བྱས་སོང་།སྨན་པ་མིན་རུང་གཤགས་བཅོས་བྱེད་པ་འདི་སྙན་ངག་ཅིག་འབྲི་བའི་སྒུལ་ཤུགས་མིན་ནམ།ངས་དེ་ལྟར་ཁོ་མོར་མིག་བརྡ་སྤྲད་པ་ན་ཁྱོད་ཚོ་སྐྱེས་པ་ཚོ་ནི་གདུག་རྩུབ་ཀྱི་ཕུང་བོ་ཁོ་ནའོ་ཟེར།ང་རང་ཁོང་ཁྲོ་ལངས་བྱུང་།ང་རྒྱལ་ལྡན་པའི་སྒོ་ནས་ང་སྙན་ངག་གིས་སངས་རྒྱས་ཚེ་ཁྱོད་ཀྱི་སེམས་ཁམས་ཀྱི་སྨན་པ་དེ་བྱེད་ཁོ་ཐག་ཡིན་ཞེས་སྨོས་པ་ན་ཁོ་མོ་དངོས་གནས་དགའ་བྱུང་།
  མགྲོན་ཁང་ཞིག་གྱོན་ཆས་སུ་གཡར་ཏེ་དེ་རིང་ཁྱོད་ཀྱིས་ང་ལ་བྲིས་པའི་སྙན་ངག་དེ་འུ་གཉིས་ཀྱིས་ལོངས་སུ་སྤྱད་ཆོག་ཟེར།མ་གཞི་ཁོ་མོས་ཀྱང་སྙན་ངག་འབྲི་བཞིན་ཡོད་ལ།དམར་ཧྲེང་ཧྲེང་གི་འགུལ་སྟངས་ཤིག་ངས་བྱིན་རྗེས་བདེ་ཞིང་འཇམ་པའི་ཚོར་བ་ཞིག་ཁོ་མོས་སྤྲད་བྱུང་།
  ངས་དེ་ནི་སྙན་ངག་འཚོ་བ་ངོ་མ་རེད་ཅེས་སུ་ལ་འཕྲད་ནའང་དེ་ལྟར་བསྒྲགས།ཚང་མས་ང་ནི་ཞོགས་པ་འདིར་གློ་བུར་སྐྱེས་བྱུང་བའི་སྙན་ངག་པ་རེད་ཅེས་གཟེངས་བསྟོད་ཆེས་ཆེར་བྱས་བྱུང་།ཁོ་མོར་ཡང་གཟི་བརྗིད་ཁྱེར་ཡོང་བར་འདོད།འོན་ཀྱང་ཁོ་མོས་ཁ་རོག་གེར་སྙན་ངག་གཅིག་འབྲི་བཞིན་འདུག ཁྱིམ་ཐབ་དང་བུ་རྒྱུད།ཕ་མ་གསོག་དངུལ་མང་པོ་ཞིག་ཚིག་ཕྲེང་ལ་བཀོད་ཀྱང་།ང་ནི་ཁོ་མོའི་ཆེས་རིན་ཐང་ལྡན་པའི་ནོར་བུ་དེ་ཡིན་པའི་བདེན་པ་བརྡར་གྱིན་འདུག
  ང་རང་ཧ་ལས་སོང་ལ་ཁྲོ་བ་ཞིག་གཏིང་ནས་སྐྱེས་ཤིང་སྙན་ངག་པའི་སེམས་ཁོངས་སུ་ཁོངས་གཏོགས་མེད་ལ་གསར་བ་གསར་རྐྱང་གི་རང་ཉིད་ལས་གཞན་ཅི་ཞིག་ཡོད།རང་ཚུགས་ཤིག་འཁྱུར་ཡོང་བས་ཁོ་མོར་འགྲམ་ལྕག་ཡིད་ཚིམས་ཤིག་གཞུས་ཤིང་།ཁྱོད་ནི་ངའི་ཡིན་པ་ལས་ང་ཁྱོད་ཀྱི་ཡིན་ག་ལ་སྲིད།སྙན་ངག་མཁན་པོ་ཧེ་ཐུ་མེན།བྷོ་ངྷི་ལེར།བྷེ་རོན།ཁོ་ཚོ་ནི་སུས་ཀྱང་མིན་ལ།ངས་ཀྱང་བརྩེ་དུང་གི་བྲན་བྱེད་མི་འདོད་ཅེས་བཤད་པ་ན།ཁོ་མོ་ངུས་སོང་ལ།ལོ་དང་ཟླ་ལ་འདྲེས་པ་སྙན་ངག་གི་ཆེད་མིན།འཇིག་རྟེན་འདིར་སྙན་ངག་ལས་གཞན་རིན་ཐང་ལྡན་པ་མང་ངོ་ཟེར་བཞིན་ཤུར་སེ་བུད་སོང་།ཁྲོ་བ་ཞིག་འགོག་མེད་དུ་འཕྱུར་ཞིང་།རྒྱུགས་ཐེངས་ཤིག་གིས་ཁོ་མོའི་སྲོག་ལེན་པར་འདོད།
  སློབ་ཁང་ནས་བར་ཁྱམས་བརྒྱུད་ཅིང་ཉི་འོད་ཁྲོད་ཐོན་པ་ན་སྙན་དེབ་གཞན་ཞིག་པོ་དེ་ལག་ཏུ་ཐོན་བྱུང་ལ།རིང་ཞིང་རྫོབ་པའི་སྐྲ་ལོ་དེ་ཕྲག་པ་ནས་དཔུང་བར་གཟར་བྱུང་།ང་རང་མཐར་ཕྱིན་སོང་ལ་ལས་གནས་དེར་ཞུགས་ཏེ་ལོ་ཟླ་ཅི་ཙམ་འགོར་ཡོད་པར་བསམ་གཞིགས་གཏན་ནས་བྱས་མ་མྱོང་།མལ་ཁང་དུ་ལོག་རྗེས་ད་གཟོད་རྟོགས་བྱུང་སློབ་མ་དག་གི་སྦྱང་བྱའི་སྟེང་དུ་ས་རྡུལ་བམ་པོ་ཞིག་ཆགས་ཡོད་ལ།ལྕགས་ཐབ་ལས་མ་ཤོང་བའི་ཐལ་བ་མཐིལ་ཤིང་སྟེང་དུ་སྤུངས་ཤིང་།ཇ་སྙིགས་དང་ཐ་མག་གི་འཚིག་རོ་ཕྲ་རྒྱན་བཞིན་རང་དགར་བཏབ་ཡོད།ཤེལ་དམ་དང་ཤ་རློན་རྡོག་པོ་འགའ་རེ་སྔ་མོ་ནས་འབུ་སྲིན་གྱི་ཁ་ཟས་སུ་གྱུར་ཟིན།དཔེ་ཆ་དེ་དག་རང་སར་གཡུག་ཀྱང་བལྟས་པ་ཙམ་གྱིས་མགོ་བོ་ནས་གཟེར་ཆེན་གློག་ཞགས་འཁྱུག་འཁྱུག་བྱས་བྱུང་།གནས་ལུགས་དང་ལྟ་གྲུབ་ཐམས་ཅད་ཀྱིས་ང་རང་རྡོག་འདེད་བྱེད་པ་བཞིན་ད་ནི་དེ་དག་མཐོང་ལམ་ལ་རེག་ནའང་སུན་སྣང་བཟོད་མི་ཐུབ་པ་ཞིག་ཐོན་ཡོང་།
  བདེ་འཇགས་སྲུང་ཤུབས་དེ་མཐོང་བ་དང་འབྲོག་མོ་དེ་གློ་བུར་དྲན་བྱུང་ལ་ཞར་དུ་སློབ་ཆེན་སྐབས་ཀྱི་ཁོ་མོའང་མག་མོག་སྒོས་དྲན་ཡོང་།ང་ལ་མཚོན་ན་ཡོད་ཚད་བདེ་འཇགས་མིན་ལ་ཚང་མས་ང་ལ་མཐོང་ཆུང་གི་མིག་སྡང་བལྟ་བཞིན་འདུག་པས་དེ་དག་ནི་ང་དང་ངའི་སྙན་ངག་གི་དགྲ་བོ་ཡིན་འདུག ངས་དེབ་ཕྲེང་ངོས་ཀྱི་སྙན་ངག་གི་ཁྲོད་དུ་བསམ་བློ་དེ་དག་ཐེར་འདོན་བྱས་ཡོད་ལ་འབྲོག་མོ་དེས་ང་ལ་བྱིན་པའི་བདེ་སྣང་དང་བདེ་འཇགས་ཀྱང་ཟ་དང་ཟུར་ནས་བཏོན་ཡོད།སློབ་གཙོས་འཚོགས་འདུ་ཚོགས་ཐེངས་རེ་ལ་སློབ་ཁྲིད་བྱེད་དགོས་པའི་སྐོར་ཡང་ཡང་ནན་ཏན་བྱས་ལ།ངས་ཀྱང་སློབ་མའི་རྩོམ་འབྲིའི་ནུས་པ་གཙིགས་སུ་བཟུང་ནས་སློབ་མ་རེ་འགའ་ལ་ཚིགས་བཅད་འབྲི་རུ་བཅུག་ལ།རེ་འགའ་གངས་རྒྱན་ན་ཆུང་ཚགས་པར་དུ་འགོད་ཐུབ་སོང་བས་དགེ་གྲོགས་ཚོས་ངའི་བོད་ཡིག་ཆུ་ཚད་ཧ་ཅང་བཟང་ཞེས་བསྟོད་ཀྱིན་འདུག ངས་དེ་ལྟར་འདོད་ལ་རང་གི་སྙན་ངག་ལས་ཡིག་ནོར་རེ་མཐོང་ཐེངས་རེ་ལ་ཞིབ་ལྟ་ཐེངས་འགའ་བྱས་པ་ཡིན།རྒྱུ་མཚན་ནི་སྙན་ངག་འབྲི་བའི་གོ་རིམ་ཁྲོད་ཡིག་ནོར་འབྱུང་བ་ནི་རྒྱུན་ལྡན་ཡིན་ལ།དེ་དག་ངོས་མི་ཟིན་པའང་རྒྱུན་ལྡན་ཡིན་མོད།རྩོམ་སྒྲིག་པ་དག་ཞིབ་ཚགས་ཆེ་ལ་ངའི་འཆར་ཡན་གྱི་བསམ་བློ་རྒོད་པས་སྙན་ངག་དེ་དག་གཅིག་རྗེས་གཉིས་མཐུད་དུ་ཚགས་པར་དང་དུས་དེབ་སྟེང་ནས་མངོན་བྱུང་བ་རེད།
  སྙན་ངག་བཤད་ཚེ་ངས་ཇ་འཐུང་རྒྱུའང་བརྗེད་འགྲོ་ལ་འབྲོག་མོ་དེ་ཉིན་འགའ་ལ་མ་ཡོང་བའང་བརྗེད་སོང་།ཕལ་ཆེར་ཁོ་མོའང་གནས་ལ་བུད་སོང་ལོས་ཆེ།
  བརྩེ་དུང་ཟེར་བ་ངས་སྙན་ངག་ལ་ནམ་ཡང་བརྗེ་ཀི་མེད་པས་བུ་མོ་ཚོ་ང་དང་འགྲོགས་འདོད་མེད་པ་འདྲ།འོན་ཀྱང་ང་རང་ཁོ་མོ་ཚོར་འགྲོགས་འདོད་ཤིན་ཏུ་ཆེ་ལ་ངལ་གསོ་མང་པོའང་བྱེད་ཐུབ།རི་གྲོང་འདིར་སྡོད་པའི་ང་ལྟ་བུའི་མི་རྐྱང་དག་ལ་མཚོན་ན་རུ་སྐོར་དུ་མྱུལ་རྒྱུ་ནི་རྒྱུན་ལྡན་ཡིན་ལ།མྱུལ་མྱུལ་མཐར་མ་བུ་རེ་འགའ་བསྐྱུར་ཏེ་ལས་གནས་སྤོར་འགྲོ་བའང་རྒྱུན་ལྡན་རེད།ངས་དེ་འདྲ་བྱེད་མི་ཕོད་དེ།སྙན་ངག་པས་རང་ཉིད་ལ་སྐབས་ལས་གཏོད་མི་སྲིད་ལ་འགན་འཁྲིའི་བསམ་པ་ངེས་པར་དུ་ལྡན།དེ་ལྟར་མིན་ཚེ་སྙན་ངག་ཅིག་འབྲི་སྲིད་དམ།གཏམ་འདི་ཕལ་ཆེར་སྙན་ངག་འབྲི་མཁན་ཚོས་མ་གཏོགས་གོ་བ་ལེན་མི་ཐུབ་པ་འདྲ།
  ཇ་འཁྱག་དེ་དང་གོར་སྐམ་དེ་ཟོས་རྗེས་སྒོར་བུད་པ་ན་སློབ་གྲྭས་དགུན་གནང་བཏང་ཟིན་ལ་མེ་ལོང་ལ་བལྟས་པ་ན་དཔྲལ་བའི་གཉེར་མ་སྔར་ལས་ཇེ་སྟུག་ཏུ་གྱུར་ཞིང་ཁ་སྤུ་སྔར་ལས་ཇེ་མང་དུ་གྱུར་འདུག རེ་བྷིན་ཏཱ་ར་ནཱ་ཐའི་སྐུ་པར་དེར་ཅེར་བཞིན་ཁོང་གིས་ཅིའི་ཕྱིར་དེ་འདྲའི་ཆུང་མ་མང་པོ་ལངས་ཤིང་བྱིས་པ་མང་པོ་སྐྱེས་པ་རེད།རྒྱ་གར་དུ་འཆར་ལྡན་བུ་སྐྱེས་ཟེར་བའི་མགོ་ན་སྤྱད་དེ་མེད་དམ།གལ་ཏ་ང་ཁོ་རང་ཡིན་ཚེ་འཇིག་རྟེན་ལ་མ་ཐོན་གོང་མཐར་བསྐྲད་པའི་བྱིས་པ་གསུམ་གྱི་ཨ་ཕར་གྱུར་ཟིན།ད་དུང་ཆུང་མའང་སྔ་མོ་ནས་ངའི་ཉེ་སར་སྐྲ་ལོ་དཀར་པོ་བཀྲུ་བཞིན་མ་ཎི་འདོན་བཞིན་ཡོད་པ་སྨོས་མ་དགོས།
  གྲང་རླུང་འུར་འུར་ལྡང་ཞིང་བསྐོར་ལམ་ནས་ཐོན་པའི་རྒན་རྒོན་དེ་ཚོ་གང་མགྱོགས་སྒོས་རང་ཁྱིམ་དུ་འགྲོ་ལ།ང་ལ་མཛུབ་མོས་བསྟན་ཏེ་སྙན་ངག་རྒས་སོང་ད་བསྐོར་རྒྱག་དགེ་སྒྲུབ་ལ་བརྩོན་ན་བཟང་ཟེར།ད་ཐེངས་ང་རང་ཁོང་ཁྲོ་ལངས་སྤོབས་མ་བྱུང་ལ་མེ་ཤེལ་འོག་གི་མིག་ཟུང་གིས་ནུབ་བཞིན་པའི་ཉི་མར་བལྟ་བཞིན་དབུགས་རིང་ཞིག་བྱུང་བ་ན་དགེ་རྒན་ཞེས་པའི་འབོད་སྒྲ་ཞིག་གསལ་མི་གསལ་བར་ངའི་ཐོས་འཛིན་བརྒྱུད་བྱུང་།ཁ་ཕྱིར་འཁོར་བ་ན་སློབ་གྲྭ་འདི་ནས་ཐེངས་དང་པོར་མཐར་ཕྱིན་སློབ་བུ་ཞིག་ཐོན་འདུག་ལ།ཁོས་འཛུམ་དམུལ་དམུལ་གྱིས་ཁོ་རང་ད་ལྟ་རྫོང་ཐོག་གི་ལས་ཁུངས་ག་གེ་མོར་ལས་གནས་བཟང་པོ་ཞིག་རེག་ཡོད།འདི་དག་ཚང་མ་དགེ་རྒན་གྱི་བཀའ་དྲིན་ཡིན་ཚུལ་བརྗོད་ཀྱང་ངས་སྔོན་ཆད་བྲིས་པའི་སྙན་ངག་དག་ཀློག་གིན་ཡོད་པའི་བསམ་ཚུལ་བསྟན་བྱུང་།ད་དུང་ཁོའི་འགྲམ་དུ་བུ་མོ་ཡག་མོ་ཞིག་འདུག་ལ་ཁ་དུང་སོ་སྒོར་ལེར་གད་མོ་བགད་ཀྱང་ང་ལ་ལག་འཇུ་བྱས་བྱུང་།དྲོད་ཁོལ་དེ་གཞན་དང་མི་མཚུངས་བས་ངས་ཞིབ་མོར་བལྟས་པ་ན་ཁོ་མོ་ངའི་དགའ་མ་དེ་ཡིན་འདུག་ལ།སྐག་ཚོས་མཐུག་སོང་བ་མིན་ན་ངས་ཅུང་ཙམ་མིན་ན་ཁོ་མོ་ངོ་མ་ཤེས།
  ཁོང་གཉིས་དང་བྲལ་རྗེས་ངས་ཤེལ་དམ་ཞིག་འགྲམ་དུ་བཟུང་ནས་སྲོད་ཁའི་ཉི་མ་དམར་པོ་ཞེས་པའི་སྙན་ངག་ཅིག་བྲིས་ཤིང་དེར་མཐུད་དེ་ཡང་བསྐྱར་ཁོ་མོ་དང་མཇལ་བ་ཞེས་པའི་སྙན་ངག་གཉིས་བསྟུད་མར་བྲིས།འོན་ཀྱང་མཇུག་བསྡུ་ཁོམ་མ་བྱུང་བར་ང་རང་གཉིད་སོང་ལ།ཕྱིར་སད་པ་ན་ཕ་རྒན་དང་མ་རྒན་གཉིས་ཀྱིས་ངའི་མདུན་རྒྱབ་གཡས་གཡོན་དུ་འགྲེང་ནས་སྨན་པ་དེར་ཅི་ཞིག་བརྗོད་ཀྱིན་འདུག ངས་དངོས་གནས་ཁབ་མི་རྒྱག་སྔོན་ཆད་བརྒྱབ་པས་ངས་བྲིས་ཟིན་པའི་སྙན་ངག་མང་པོ་བོར་སོང་བ་འདྲ།ཨུ་ཚུགས་ཀྱིས་སྐད་གསེང་མཐོན་པོས་ཁྱེད་ཚོས་ང་ལ་བརྙས་བཅོས་བྱེད་རྒྱུ་མང་དྲག་འདུག་ཅེས་བརྗོད་འདོད་པ་ན་ངག་ཀྱང་ལྐུགས་འདུག རྐྱོང་བསྐུམས་ཀྱང་བྱེད་མི་ཐུབ།ངས་ད་གཟོད་རྟོགས་བྱུང་མ་རྒན་གྱིས་མིག་ཆུ་བཏོན་ཏེ་ཚར་བ་མེད་པའི་རྒྱུ་མཚན་ཤེས་བྱུང་།གློ་བུར་འདར་ཡོམ་རྒྱུན་རིང་ཞིག་དང་མཉམ་དུ་ང་རང་ཅི་ཞིག་གིས་བསྡམས་ཏེ་དྲན་མེད་དུ་བརྒྱལ་སོང་མོད།སེམས་ཁོངས་ནས་ཡང་དང་ཡང་དུ་ཡོད་ཚད་པུར་སྒྲོམ་ཞིག་ལས་མ་འདས་ཞེས་སྒྲ་མེད་ངང་བཟློས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གི་ཉིན་གཅིག

2015-02-16 བདུད་རྩི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།