དགུན་ཁའི་ཉིན་ཐོ།

བྱ་མདོ་དོན་གྲུབ་ཚེ་རིང་།༼ ཟི་ལིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-11

  "ཤང་ཀྲང་།སད་རན་འདུག”
  དེ་ནི་གྲང་ངར་ཆེ་བའི་དགུན་ཁའི་ཞོགས་པ་ཞིག་རེད།
  སྡེ་དཔོན་རྣམ་ཐར་གྱིས་གྲང་འཁྱག་གི་མཁའ་དབུགས་ཤིག་ལུས་ལ་དྲུད་ནས་ཤང་ཀྲང་གི་གཟིམ་ཤག་ཏུ་ཐོན་བྱུང་། ཤང་ཀྲང་གི་མལ་ཁྲིའི་གཡས་གཡོན་གྱི་ས་ངོས་སུ་ཆང་དམ་དང་དུ་སྣེ་མང་པོ་ཕན་ཚུན་དྲ་བར་བསྣོལ་འདུག་ཅིང་།མཚོ་བོད་ས་མཐོའི་ལུང་གྲོང་དེ་རུ།ཤང་ཀྲང་གིས་ལོ་བདུན་ལྷག་གི་རིང་ལ།བགྲང་གིས་མི་ལང་བའི་ཆང་དམ་མང་པོ་ཞིག་སྟོང་པར་ཕུད་མྱོང་བས་ཡིན་ནམ། སྡེ་དཔོན་རྣམ་ཐར་གྱིས་དེ་ལ་དོ་སྣང་བྱེད་ཀྱི་མི་འདུག "ཤང་ཀྲང་། སད་རན་འདུག ”"འདི་འདྲའི་སྔ་མོ་ཞིག་ལ་དོན་དག་ཅི་ཡོད།”ཤང་ཀྲང་གིས་དེ་ལྟར་བསྙད་དུས་མིག་གཉིས་ད་དུང་ཡང་བཙུམས་ནས་འདུག"ཤང་ཀྲང་།ང་འབྲོང་སྐོར་སྡེ་བའི་སྡེ་དཔོན་རྣམ་ཐར་ཡིན”ཁོས་ཤང་ཀྲང་གི་མིག་གཉིས་ལ་བལྟས་ནས་དེ་ལྟར་བཤད།ཤང་ཀྲང་གི་དཀར་ཞིང་ལུག་པའི་མིག་ལྕིབས་གཉིས་འདར་ཙམ་དང་འགུལ་ཙམ་མང་པོ་ཞིག་བྱས་ཀྱང་།།མདང་ནུབ་ཀྱང་ནམ་རྒྱུན་ལྟར།ཁོས་འཐུངས་པ་མང་དྲགས་ཤིང་།གཉིད་པ་འཕྱི་ཐལ་བས་རྐྱེན་གྱིས་ཡིན་ནམ།མིག་གཉིས་སྔར་བཞིན་བཙུམས་ནས་བསྡད་ཅིང་།འཇམ་ཞིང་མཉེན་པའི་མལ་ས་ལས་ འཕགས་ཙམ་བྱས་རྗེས། "ཁྱོད་ལ་དོན་དག་ཅི་ཡོད”ཅེས་དྲིས། "ཤང་ཀྲང་།ཉིན་འདི་ཚོར།སྡེ་བའི་ནང་དུ་ལོ་འགའི་རིང་ལ་དབུགས་ཆད་པ་ལྟར་གྲག་འགུལ་མེད་པའི་རྩོད་གཞི་ཞིག་ལ།སླར་ཡང་དབུགས་རྒྱུ་བཞིན་འདུག”
  དགུན་ཁའི་ཞོགས་པ་དེར།“ཤང་ཀྲང་གིས་སྐད་དེ་ཐོས་འཕྲལ།ད་གཟོད་ཡིད་ལ་ཅི་ཞིག་དྲན་པ་ལྟར། མིག་གཉིས་འབྱེད་ཙམ་འབྱེད་ཙམ་བྱེད་དུས།མལ་ཤག་གི་སྒེའུ་ཁུང་ལས་ཞོགས་ཟེར་ཕྲ་མོ་ཞིག་ནང་དུ་འཕྲོས་འདུག་པའི་གསེང་དུ། སྡེ་དཔོན་རྣམ་ཐར་གྱི་སྐྱ་མདོག་གི་གདོང་པ་དང་། དམར་ནག་ཏུ་གྱུར་བའི་མིག་ཟུང་གིས་རང་ལ་ཅེར་འདུག་པ་མཐོང་བས།ཤང་ཀྲང་གི་ཡིད་ལ་གློ་བུར་དུ་སྨྱོན་མ་ནག་སྐྱིད་དྲན་བྱུང་།མི་ལོ་འགའི་ཡར་སྔོན་གྱི་དགུན་ཁ་དེར། ནག་སྐྱིད་ཀྱིས་གསར་དུ་ལས་གནས་སུ་ཐོན་པའི་ཤང་ཀྲང་ལ་དེ་ལྟར་བལྟས་མྱོང་།དེ་དུས།ཤང་ཀྲང་གི་སེམས་ཁམས་ནི་སྒེའུ་ཁུང་ལས་འཕྲོས་པའི་ཞོགས་ཟེར་དེ་དང་འདྲ་བར་དྭངས་ཤིང་གཙང་ངེས་མོད།ནག་སྐྱིད་ནི་ཤང་ཀྲང་གི་དྭངས་གཙང་གི་སེམས་ཁམས་དེའི་གསེང་དུ་སིམ་པའི་ནག་ཐིག་ཅིག་ཡིན་པས།དེ་ནས་བཟུང་།ཤང་ཀྲང་གིས་ལྐོག་ཏུ་མཚོ་སྐྱིད་ཅེས་པའི་བུད་མེད་དེར་ནག་སྐྱིད་ཅེས་འབོད་ཀྱི་ཡོད།ལོ་མང་པོའི་རྗེས་ཀྱི་དགུན་ཁ་ དེར།ཤང་ཀྲང་གིས་སེམས་ནས་ཡུན་རིང་ལ་བོར་བའི་ནག་སྐྱིད་སླར་ཡང་དྲན་དགོས་བྱུང་།ནག་སྐྱིད་ཀྱི་སྟར་ཀའི་སྡོང་བོའི་དོན་དེ་ཤང་ཀྲང་ལ་ལབ་ཚེ།ད་ལྟ་ཤང་ཀྲང་གིས་ནག་སྐྱིད་ཕལ་ཆེར་བརྗེད་ཀྱང་འདུག་མོད། འོན་ཀྱང་། ཞོགས་པ་དེར།སྡེ་དཔོན་རྣམ་ཐར་གྱི་སྐད་ཆ་དེས།ཤང་ཀྲང་གི་དྲན་པའི་གཏིང་དུ་མག་མོག་ཏུ་གྱུར་བའི་ནག་སྐྱིད་ཀྱི་ཡོད་ཚད་སྔར་ལས་གསལ་གྱི་ལེར་བཏང་སོང་།"འོ་ན།མཚོ་སྐྱིད་ཀྱིས་ད་ལྟ་ཅི་བྱེད་ཀྱི་འདུག།”ཤང་ཀྲང་གིས་དེ་ལྟར་དྲིས་རྗེས།ཡང་རང་གིས་གསང་བ་ཅི་ཞིག་ཕྱིར་ཤོར་སོང་བར་སྙམ་ནས་འགྱོད་པ་ཞིག་ཀྱང་སྐྱེ་བྱུང་།ནག་སྐྱིད་ཡུགས་སར་བུད་རྗེས།སྡེ་བའི་རྒན་རྒོན་བསམ་ཤེས་འགའ་རེས་མ་གཏོགས།མོའི་མ་ནེའི་སྟེང་གི་མཛེས་ཤིང་སྡུག་ལ་སྙིང་རྗེ་བའི་སྨེ་བ་དེ་གཉིས་ཀུན་གྱིས་མཐོང་མ་མྱོང་།རྒན་རྒོན་དེ་དག་གིས་ཕལ་ཆེར་མཚོ་སྐྱིད་ཀྱི་མ་ནེའི་སྨེ་བ་དེ་གཉིས་ནི་མོའི་གྲིབ་ནག་ཅིག་རེད་ཟེར་ནས་རྒྱུན་པར་གླེང་བ་རེད།མོའི་མ་ནེའི་སྟེང་གི་སྨེ་བ་དེ་གཉིས་ནི་དགུན་ཁའི་གྲང་ངར་ལྟར་སྡེ་བའི་རྒན་རྒོན་དེ་དག་གི་མཆུ་ནས་ཡང་ཡང་ལྡང་མྱོང་།“མཚོ་སྐྱིད་ལོ་གསུམ་གྱི་ཡར་སྔོན་དུ་སྡེ་བ་ནས་བྲོས་སོང་།ད་ལྟ་གར་ཡོད་མ་ཤེས།ལ་ལས་བཤད་ན་ནང་ལོགས་སུ་སོང་ནས་ཚོང་ལས་སྤེལ་གྱི་འདུག་ཟེར།”རྣམ་ཐར་གྱིས་དབུགས་ཐེངས་གཅིག་གིས་དེ་བཤད་མོད།སྡེ་དཔོན་གྱི་སེམས་སུ་ཤང་ཀྲང་གིས་མཚོ་སྐྱིད་ངོ་ཅི་ལྟར་ཤེས་པ་ཡིན་ནམ་སྙམ། ཤང་ཀྲང་གིས་སྒེའུ་ཁུང་ཕྱི་རོལ་གྱི་ལོ་མས་དོར་ཤུལ་གྱི་ཤིང་སྡོང་སྐྱ་ལྡིང་དེ་ཚོར་ཅེར་ནས་བསྡད་ཅིང་།ཞིབ་ཏུ་བསམ་པ་ན།རང་ཉིད་དངོས་གནས་ས་མཐོའི་ལུང་གྲོང་འདིར་ཡོང་ཚུན་ནས་འབྲོང་སྐོར་སྡེ་བར་ཐེངས་གཅིག་ལའང་སོང་མ་མྱོང་བ་དྲན་བྱུང་།ཁོས་སྡེ་དཔོན་གྱི་ཁ་ནས་འབྲོང་སྐོར་གྱི་མི་སྐོར་ཞིག་གི་གནས་ཚུལ་ཤེས་པ་མ་གཏོགས།ཁོས་རང་ཤང་གི་མངའ་འོག་ཏུ་འབྲོང་སྐོར་ལྟ་བུའི་སྡེ་བ་ག་ཚོད་ཡོད་མེད་ཀྱང་མི་ཤེས།རང་ཉིད་ལུང་གྲོང་འདིར་འབྱོར་བའི་རིང་ལ་འབྲོང་སྐོར་སྡེ་བར་འགྱུར་ལྡོག་ཅི་ཞིག་ཡོད་དམ།མཚོ་སྐྱིད་སྡེ་བ་དང་བྲལ་དོན་ཅི་ཡིན་ནམ།ཤང་ཀྲང་གི་སེམས་སུ་དགུན་ལྷགས་ཕྲ་མོ་ཞིག་ལྡང་འོང་གིན་པ་འདྲ་ཞིང་།གྲང་འདར་ཆུང་ཆུང་ཞིག་བརྒྱབས་འཕྲོར།"གདུགས་བྷེས་ད་ལྟ་ཤོ་བཅད་འདུག་གམ འབུམ་སྐྱབས་ཀྱིས་ད་ལྟ་རྐུ་བྱེད་ཀྱི་ཡོད་དམ ཚེ་ཐར་གྱིས་ད་ལྟ་ད་རྡུང་རེས་བྱེད་ཀྱི་ཡོད་དམ། དཀོན་མཆོག་ད་ལྟ་སློབ་གྲྭར་འགྲིམ་གྱི་ཡོད་དམ ཁ་མཁས་མས་ད་ལྟ་བ་ལང་འཚོ་ཡི་ཡོད་དམ”ཤང་ཀྲང་གིས་མང་པོ་ཞིག་དྲིས། རྣམ་ཐར་གྱིས་འབུམ་སྐྱབས་ཀྱི་རྐུ་དང་ཚེ་ཐར་གྱིས་ད་ལྟ་རྡུང་རེས་བྱེད་ཀྱི་"མེད”་ཅེས་པ་མ་གཏོགས།ཚང་མའི་ལན་དུ་"ཡོད”་ཅེས་བཤད།འོན་ཀྱང་།སྡེ་དཔོན་རྣམ་ཐར་གྱིས་སྐད་ཆ་དེ་དག་བཤད་སྐབས།གདུགས་བྷེ་ཉིན་འགའི་སྔོན་ལ་ཏང་ཡོན་དུ་ཞུགས་པ་དེ་ཡིད་ལ་དྲན་པས།"ཤོ་རྐྱལ་དེར།ཇ་ལན་ལ་གཅིན་མིན་ཚེ། སྐྱོན་མི་འདུག་ཨང་”སྙམ།ཤང་ཀྲང་གིས་མང་པོ་ཞིག་དྲིས་ཀྱང་།དེ་དག་གི་ཁྲོད་དུ།དགུན་ཁའི་ཞོགས་པ་དེར།སྡེ་དཔོན་རྣམ་ཐར་ཤང་ཀྲང་གི་མལ་ཤག་ཏུ་ཡོང་རྐྱེན་མི་འདུག ཤང་ཀྲང་གིས་སྡེ་དཔོན་རྣམ་ཐར་གྱི་ཕྲག་པར་ལག་པས་རྡེབ་ཙམ་བྱས་རྗེས། "རྩོད་གཞི་ཅི་ཞིག་ལ་དབུགས་རྒྱུ་བཞིན་འདུག མཚོ་སྐྱིད་ཕྱི་ལ་ལྡོམ་སོང་བ་མིན་ནམ།”ཞེས་དྲིས།མི་ལོ་འགའི་ཡར་སྔོན་གྱི་དགུན་ཁ་དེར།མཚོ་སྐྱིད་ལ་མངལ་སྦྲུམ་སོང་།དེ་ནི་མོ་རང་ཡུགས་སར་བུད་ནས་ལོ་མང་འགོར་རྗེས།སྡེ་མི་ཀུན་ཧ་ལས་སོང་བའི་དོན་དག་ཅིག་ཡིན།དགུན་གྱི་ཕྱི་དྲོ་ཞིག་ལ། མཚོ་སྐྱིད་ཀྱིས་སྟར་ཀ་སླེ་བོ་གང་ཁུར་ནས་ཤང་གི་ཕྱོགས་སུ་ཡོང་།ཉིན་དེ་ནི་ཏག་ཏག་ཤང་ཀྲང་མཚོ་བོད་ས་མཐོའི་ལུང་གྲོང་འདིར་འབྱོར་བའི་ཉིན་དང་པོ་རེད། མཚོ་སྐྱིད་ཡུགས་སུར་མ་བུད་གོང་།ལོ་རེར་སྟར་ཀའི་ཚོང་གཉེར་ནས་ཁ་གསོ་ཐབས་བྱེད་ཀྱི་ཡོད། ཁྱིམ་བཟའ་ཟླ་ནས་སྟར་ཀའི་སྡོང་བོ་དེར་དཔྲལ་བའི་མིག་ལྟར་སྲོག་གིས་གཅེས།འོན་ཀྱང་།སྟར་སྡོང་གནས་ས་ནི་ཁོ་ཚང་གི་མཁར་ནང་མིན་པར་ཞིང་ཚིགས་རེད། དེ་ནི་ཞིང་ལས་ཐོན་སྐྱེད་རུ་ཁག་གིས་རུ་ཁག་གཉིས་བར་གྱི་ཞིང་མཚམས་སུ་སྟར་སྡོང་དེ་བཙུགས་པ་ཡིན་ཞིང་། ཐོན་སྐྱེད་རུ་ཁག་གི་སྲིད་ཇུས་ཀྱི་རླུང་བུ་ལྡང་མཚམས་བཞག་རྗེས།ཁོ་ཚང་གི་ཞིང་ཚིགས་སུ་ཡོད་པའི་སྟར་སྡོང་དེ་མཚོ་སྐྱིད་ཀྱི་ཨ་ནེས་བདག་གཉེར་བྱས།མཚོ་སྐྱིད་ཡུགས་སར་བུད་རྗེས།སྟར་སྡོང་དེར་སྡེ་དཔོན་རྣམ་ཐར་གྱིས་སྡེ་མི་ཚང་མས་གཅེས་སྤྲས་བྱེད་དགོས་པའི་སྒྲིག་ལམ་གསར་བ་ཞིག་ལག་ཏུ་བསྟར་བས།མཚོ་ སྐྱིད་ཀྱིས་གསེར་མདོག་སྟོན་གྱི་དུས་སུའང་།གདོང་བའི་ཟ་ཟུར་གང་རུང་དུ་ནག་མདོག་ཅིག་དྲུད་ནས་འགྲོ་དགོས་སོང་།མཚོ་སྐྱིད་ཀྱིས་སྟར་ཀ་སླེ་བོ་གང་ཁུར་ནས་ཤང་ཐོག་ཏུ་སླེབས་དུས།དགུན་གྱི་སྲོད་ཁའི་གྲིབ་གཟུགས་དག་ནི། ས་སྐྱ་འཕྱུར་བའི་རྣང་ཞིང་གི་ཁུད་དུ་ཧ་ཅང་གྲང་འཁྱག་གིས་འཆར་འདུག་ལ། ལུང་བ་དེའི་དཀྱིལ་དུ་ཁ་ཁུ་སིམ་མེར་བརྩེ་དུང་ཤོར་བའི་བུ་མོ་ཞིག་ལྟར་གྲག་འགུལ་མེད་པར་བཞུར་གྱི་ཡོད་པའི་ཆུ་བོ་དེ། དགུན་གྱི་གྲང་རེག་གིས་དར་སོབ་ཀྱི་མལ་གོས་ཀྱི་ཁུད་དུ་དམ་པོར་གཅུད་འདུག གྲག་འགུལ་མེད་པའི་ཆུ་བོའི་ཕར་ངོགས་སུ།ལོ་མའི་རྒྱན་གྱིས་སྟོངས་པའི་ཤིང་སྡོང་དེ་དག་གི་རྩེ་རུ་དགུན་ཁའི་ཉི་འོད་མག་མོག་ཅིག་འཕྲོས་ཤིང་། ཁྭ་ཏ་དང་རྒྱ་སྐྱག་འགའ་རེས་གྲང་རེག་ལ་མི་འཛེམ་པར་ཤིང་སྡོང་རྒས་འཁོགས་དེ་དག་གི་ཡལ་གའི་སྟེང་བབས་ནས།ཤང་གི་ཕྱོགས་ལ་དགུན་ཁའི་ཁ་ཟས་ཤིག་འཚོལ་བར་འགྲོ་རྩིས་འདུག མཚོ་སྐྱིད་ཀྱིས་གསར་དུ་སླེབས་པའི་ཤང་ཀྲང་གི་ངོའང་རིག་མྱོང་མེད་ཀྱང་།མོས་རང་ལ་ཡིད་ཆེས་བྱས་ཆོག་པ་ནི་ཤང་ཀྲང་བརྗེ་ཡང་།ཤང་ཀྲང་གི་གཞུང་ལས་ཁང་ལ་ འགྱུར་བ་མེད་པ་དེ་རེད་དེ། ཤང་གི་ཤང་ཀྲང་ཐེངས་འགར་བརྗེ་ཡང་།གཞུང་ཁང་སྔར་བཞིན་སྲིད་གཞུང་གི་ར་སྐོར་དུ་ཡོད་པའི་ཁང་བ་ཉིས་ཐོག་དེ་ཡིན་སོང་།ད་ཐེངས་ཀྱང་དེ་ཡིན་པར་སྨོན"མོའི་སེམས་སུ་དེ་ལྟར་དྲན་ཞོར་སྲིད་གཞུང་གི་ར་སྐོར་དུ་འཛུལ། རྒྱང་རིང་གི་དར་རྒྱས་ཆེ་ལ།ཕུན་སུམ་ཚོགས་པའི་གྲོང་ཁྱེར་ནས་ཐོག་དང་པོར་ས་མཐོའི་ལུང་གྲོང་ཞིག་ལ་ཆ་རྒྱུས་་མེད་ཀྱང་། གོང་རིམ་གྱི་བཀོད་སྒྲིག་ལྟར་འདིར་འོང་རྒྱུ་དང་དུ་བླངས་ནས་འབྱོར་བའི་ཤང་ཀྲང་གིས་མཚོ་སྐྱིད་མཐོང་མ་ཐག་"ཁྱོད་ཀྱིས་སུ་ཞིག་འཚོལ་བཞིན་ཡོད”ཅེས་དཀར་ཞིང་ནེམ་པའི་མིག་ལྕིབས་གཉིས་གཉེར་ཙམ་བྱས་ཤིང་།གཉེར་བའི་ཤུལ་དུ་འཛུམ་ཆུང་དྭངས་མོ་ཞིག་མངོན་འདུག མཚོ་སྐྱིད་ལ་ད་ལྟའི་བར་ཤང་ཀྲང་ཞིག་གིས་ཕར་ཞོག ཐ་ན། སྡེ་བའི་ནང་གི་བྱིས་པ་དེ་ཚོས་ཀྱང་འཛུམ་ལྟ་ཅི གང་ནས་ཐུག་ཀྱང་ཁའང་གྲགས་མ་མྱོང་།ཀུན་གྱི་དུས་སུ་མ་གཏོགས།མཚོ་སྐྱིད་སྡེ་བའི་ཕོ་མོ་རྒན་གཞོན་སུ་ལའང་རྒྱུན་པར་ཐུག་ཡོང་།གང་ནས་ཐུག་ཀྱང་།མོ་རིག་ཚེ་སུས་ཀྱང་སྐེ་ཁ་གཅུས་ནས་བུད་འགྲོ དགུན་ཁའི་མཚན་མོ་དེར། མཚོ་སྐྱིད་ཤང་ཐོག་ནས་ལུས་སོང་།ཤང་ཀྲང་དང་ལབ་གླེང་མང་པོ་བྱས་པས་ཡིན་ནམ།མོས་མོ་ཚང་གི་སྟར་ཀའི་སྡོང་བོ་དེ་སྡེ་དཔོན་གྱིས་སྡེ་མི་ཡོངས་ཀྱིས་གཉེར་ཏེ་འབྲས་བུའང་སྡེ་མི་ཡོངས་ཀྱིས་སྤྱོད་དགོས་པའི་སྒྲིག་ལམ་ཞིག་བཞག་ཚུལ་བཤད་དུས།མུན་རུབ་ནས་ཅུང་ཙམ་ཕྱིན་འདུག ཤང་ཀྲང་གིས"ཁྱོད་ཀྱིས་ཀྱང་ཤེས་གསལ་ལྟར།ང་དེ་རིང་གསར་དུ་ཐོན་པས་ས་འདི་དང་འདིའི་མི་རྣམས་ལ་ཆ་རྒྱུས་སྤུ་ཙམ་ཡང་མེད།སྟར་སྡོང་དེ་ཁྱོད་ཀྱི་ཕ་མེས་ཤིག་ནས་ཁྱོད་ཚང་གི་ཡིན་པ་འདྲ་བས། དེ་ནམ་ཡང་ཁྱོད་ལ་དབང་ངེས་ཡིན”"ཐུགས་རྗེ་ཆེ། ངས་ཁྱེད་ཚང་གི་བཀའ་དྲིན་ཤི་ཡང་མི་བརྗེད།ཚེ་འདིར་ཁྱེད་ཀྱིས་ཅི་གསུངས་ཀྱང་དེ་བཞིན་དུ་བསྒྲུབ”མཚོ་སྐྱིད་ཀྱིས་མིག་མཐར་མཆི་མ་ཞིག་དྲུད་ནས་དེ་ལྟར་བཤད།
  "མཚོ་སྐྱིད་ཀྱི་བུ་ཐང་ལ་དེ་ད་ལྟ་ནར་སོན་པས་སྟར་སྡོང་གི་རྩོད་གཞི་དེར་དབུགས་རྒྱུ་བཞིན་འདུག ལོ་དེར།་་་་་ ཤང་ཀྲང་ཁྱེད་ཀ་ལུང་གྲོང་འདིར་འབྱོར་བའི་ལོ་དེར།ང་ཚོའི་སྡེ་བའི་ཡུགས་ས་མ་མཚོ་སྐྱིད་ལ་མངལ་ཆགས་སོང་།སྡེ་བའི་རྒན་རྒོན་ཚང་མས་མོ་ལ་ཁ་ཏ་བྱས་ནས་ཕྲུ་གུའི་ཨ་ཕ་བརྩར་བཅད་ཀྱང་། ཕན་ཐོགས་མ་བྱུང་། དེར་མ་ཟད།མོས་སྟར་སྡོང་དེ་རྩ་སློག་བྱས་ཤིང་།མོ་ཚང་གི་མཁར་ནང་དུ་གནས་སྤར་བྱས་སོང་། ལོ་འགའི་རྗེས་སུ།ང་ཚོའི་སྡེ་བའི་མི་རྣམས་ཀྱིས་མཚོ་སྐྱིད་ཀྱི་ཕྲུ་གུ་དེའི་ཨ་ཕ་སུ་ཡིན་མིན་ལ་རྩོད་པ་དྲག་པོ་བྱས་པར་མ་ཟད།དེ་དུས་རྫོང་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་ཀྱི་ཡོད་པའི་དཀོན་མཆོག་གིས་མོས་སྟར་སྡོང་སློག་གི་ཉིན་དེར་རོགས་རམ་བྱས་པས་ཁོ་ནི་ཕྲུ་གུ་དེའི་ཨ་ཕར་བཏགས།དེ་ནི་ཤང་ཀྲང་ཁྱེད་ཚང་ལུང་གྲོང་འདིར་སླེབས་ནས་ཅུང་མ་འགོར་བའི་སྐབས་དེ་ཡིན།”སྡེ་དཔོན་རྣམས་ཐར་གྱིས་དེ་ལྟར་བཤད་དུས།ཤང་ཀྲང་གི་ཡིད་ཀྱི་མཚོ་མོར་འདས་དོན་གྱི་ཉ་མོ་ཞིག་འཁྱུགས་ཤིང་རྩེན་ནས་ཐོན་བྱུང་།ཤང་ཀྲང་དང་མཚོ་སྐྱིད་གཉིས་ཀྱིས་ངོ་ཤེས་པའི་ཕྱི་དྲོ་དེར།ཁོ་གཉིས་ཀྱིས་ཁ་བརྡ་མང་དྲགས་པས་ས་ཅི་ལྟར་རུབ་པའང་མ་ཤེས།ཤང་ནས་འབྲོང་སྐོར་བར་སྤྱི་ལེ་བཅུ་ཁ་ཞིག་ཡོད་པས།མཚོ་སྐྱིད་ཀྱིས་ཤང་ཀྲང་ལ་མུན་ཁྲོད་དུ་མོ་གཅིག་པུ་འགྲོ་མི་ཕོད་ཅེས་བཤད།མཚན་མོ་དེར།ཤང་ཀྲང་གིས་མཚོ་སྐྱིད་ལ་མལ་ཁྲི་གཡར་སོང་།རྒྱང་རིང་གི་གྲོང་ཁྱེར་དང་བསྡུར་ན།དགུན་གཞུང་གི་ལུང་གྲོང་འདི་ཅི་འདྲའི་བབ་ཆགས་ཤིང་གྲལ་དག་པ་ལའང་།ལུང་གྲོང་གི་མི་རྣམས་ཀྱང་ཅི་འདྲའི་གཤིས་བཟང་དག་གཙང་ཞིག་རེད་ཨང་།སོ་ནམ་པའི་དྲི་དེ་ལུས་ལ་འཁྱིལ་འདུག་པ་ནི་གྲོང་ཁྱེར་གྱི་མིའི་ལུས་སྟེང་གི་བྱུག་རྫས་བག་ཟོལ་ཅན་དེ་དག་གཏན་ནས་མི་མཚུངས་པར་ཅི་འདྲའི་ལྷད་མེད་པ་ལའང་”དེ་ནི་ཤང་ཀྲང་གིས་མཚོ་སྐྱིད་ཀྱིས་བྱིན་པའི་"ཝུའུ་ཀྲུའུ”རྟགས་ཅན་གྱི་ཆང་དཀར་དེ་འཐུང་རྗེས།ཐོག་དང་པོར་ལུང་གྲོང་འདི་ནས་རྙེད་པའི་ཚོར་བ་ཞིག་རེད།ཚོར་བ་་དེར་འགྲོགས་ནས་མཚོ་སྐྱིད་ཀྱིས་ཀྱང་མོ་རང་ཡུགས་སར་བུད་རྗེས་ཀྱི་ལོ་མང་བོའི་རིང་གི་ཁེར་རྐྱང་གི་སྡུག་བསྔལ་དེ་ཕལ་ཆེར་རྡོ་ལོག་ཅིག་དང་འདྲ་བར་ཤང་ཀྲང་གི་སེམས་པའི་གཅོང་ཁྲོད་ཅིག་ཏུ་བརྫངས་སོང་བ་འདྲ།
  "མཚོ་སྐྱིད་ཀྱི་ཐང་ལ་༼ཨ་ཕ་སུ་ཡིན་མི་ཤེས་པའི་ཕྲུ་གུའི་མིང་ལ་ཟེར༽དེ་ལོ་འདི་ཚོར་སུས་སྙོར་བ་རེད།”ཤང་ཀྲང་གིས་སྡེ་དཔོན་ལ་དེ་ལྟར་དྲིས།མཚོ་སྐྱིད་ཀྱི་རྨོ་མོས་སྙོར་བ་རེད། མོས་བཤད་ན།ཕྲུ་གུའི་མ་འོངས་པའི་ལྟོ་རྒྱབ་ཀྱི་ཆེད་དུ།མ་མཐའ་ཡང་།སྟར་སྡོང་དེ་སྡེ་བས་མོ་ལ་སྤྲོད་དགོས་ཟེར། འོན་ཀྱང་། སྟར་སྡོང་དེ་ནི་གོང་མ་ཚང་གིས་ཞིང་མཚམས་སུ་དཔང་བཙུགས་པ་ཡིན་པས།དེ་མོ་ཚང་གཅིག་པོས་བཀོལ་སྤྱོད་བྱས་ན་འོས་པ་ཞིག་མ་རེད་སྙམ། ཤང་ཀྲང་ཁྱེད་ཀ་ལུང་གྲོང་འདིར་མ་ཡོང་སྔོན་དུའང་།སྡེ་བའི་ནང་དུ་དོན་འདི་ལ་རྩོད་ཉོག་བསླངས་མྱོང་།”སྡེ་དཔོན་གྱིས་ཤང་ཀྲང་གི་མལ་ཤག་གི་སྒེའུ་ཁུང་ལས་འཕྲོས་པའི་ཉི་ཟེར་དེའི་ཁྲོད་དུ་བལྟས་ཙམ་བྱས་རྗེས་དེ་ལྟར་བཤད།ཤང་ཀྲང་ལུང་གྲོང་འདིར་ཐོན་པ་ནས་བཟུང་།མཚོ་སྐྱིད་ཀྱིས་སྟར་སྡོང་གི་དོན་དག་དེའི་ཐད་དུ་རྩོད་པ་མ་བསླངས་པ་ཅི་ཡིན་ནམ།ཤང་ཀྲང་གིས་དང་ཐོག་མཚོ་སྐྱིད་དང་མཉམ་དུ་ས་མཐོའི་ལུང་གྲོང་དེའི་མཚན་མོར་རོལ་དུས་ཅི་ཞིག་བྱས་སོང་བ་ཡིན་ནམ། ཤང་ཀྲང་གིས་ཅུང་ཙམ་ལ་བསམ་བློ་ཞིག་བཏང་རྗེས།" སྟར་སྡོང་དེ་མཚོ་སྐྱིད་ཀྱི་ཐང་ལ་དེར་བྱིན་ན་འོས”ཁོས་དེ་ལྟར་བཤད།སྡེ་དཔོན་རྣམ་ཐར་གྱིས་ཁ་མུར་མུར་འགའ་བྱས་རྗེས།"ཡིན་ཡང་མོ་ཡུགས་ས་མ་ཞིག་གིས་གོང་མའི་ཤུལ་བཞག་དངོས་པོ་འདིར་བདག་གཉེར་བྱས་ཚེ་སྡེ་བའི་བསོད་ནམས་ལ་ཨེ་གནོད་དམ།མོའི་ཁྱོ་གའི་འཆི་རྐྱེན་ཡང་གོང་མའི་དངོས་པོ་འདིའི་བསོད་ནམས་མ་མནོན་པས་རེད་ཅེས་ལོ་ལོན་ཚོས་བཤད་ཀྱི་འདུག”སྡེ་དཔོན་རྣམ་ཐར་གྱིས་དེ་ལྟར་བཤད།ཤང་ཀྲང་དགོད་ཙམ་བྱས་པ་ལས་ཅི་ཡང་མ་བཤད།སྡེ་དཔོན་ཁ་རོག་གེར་ཅུང་ཙམ་ལ་ལྷག་སོང་།ཅུང་ཙམ་ནས་ཤང་ཀྲང་གིས་སྡེ་དཔོན་རྣམ་ཐར་ལ་"འགྲོ་”ཞེས་བཤད།སྡེ་དཔོན་གྱིས"སྡེ་བར་འགྲོ་ཟེར་བ་ཡིན་ནམ།”ཞེས་ཤང་ཀྲང་ལ་དྲིས།ཤང་ཀྲང་གིས་འདི་ནས་འབྲོང་སྐོར་ལ་སྤྱི་ལེ་བཅུ་ཁ་ཞིག་ཡོད་པ་མིན་ནམ”ཞེས་ཁོ་རང་ལུང་གྲོང་འདིར་ཐོག་མར་ཐོན་དུས་ཀྱི་མཚན་མོ་དེར།ནག་སྐྱིད་ཀྱིས་ཁོར་བཤད་པ་གཞིར་བཟུང་ནས་བཤད།"རེད་རེད། སྤྱི་ལེ་བཅུ་ཁ་ལྷག་ཡོད་སྲིད།”དེ་ལྟར་བཤད།ཤང་ཀྲང་དང་སྡེ་་དཔོན་གཉིས་འབྲོང་སྐོར་ལ་ཐོན་མ་ཐག ཐོག་མར་ཤང་ཀྲང་གིས་སྡེ་དཔོན་ཁྲིད་ནས་ནག་སྐྱིད་ཀྱི་ཐང་ལ་ཡོད་སར་སོང་།མང་ཚོགས་ཀྱིས་ལོ་ངོ་བདུན་བརྒྱད་ལྷག་ལ་གོ་མྱོང་བ་མ་གཏོགས།དངོས་སུ་ཐེངས་གཅིག་ལའང་མཐོང་མ་མྱོང་བའི་ཤང་ཀྲང་གསར་བ་དེ།སྡེ་བར་དངོས་སུ་ཕེབས་འདུག་ཅེས་པ་གོ་མ་ཐག ཚང་མ་ཕྱོགས་སོ་སོ་ནས་དབུགས་ཧལ་ཧལ་གྱིས་ནག་སྐྱིད་ཀྱི་ཐང་ལ་ཚང་ལ་འཚངས་ནས་ཐོན་བྱུང་།ཀུན་གྱིས་ཤང་ཀྲང་ཞེས་ཡུན་རིང་ཞིག་ལ་རང་རང་གི་སེམས་སུ་གཟི་བརྗིད་ཅན་གྱི་སྣང་བརྙན་ཞིག་བསྐུངས་ཡོད་པ་དེ།ཁོ་ཚོས་དངོས་སུ་མཐོང་བ་དང་མི་འདྲ་མོད། གང་ལྟར།ཁོ་ཚོས་ཤང་ཀྲང་དངོས་སུ་མཐོང་བྱུང་བས་སེམས་སུ་ང་རྒྱལ་གྱི་རླབས་རིས་ཤིག་བསྐྱོམས་སོང་།ཀུན་གྱིས་ཕྱོགས་དང་ཟུར་མི་འདྲ་བ་མང་བོ་ཞིག་ནས་བལྟས་ཀྱང་ཐང་ལ་དང་ཤང་ཀྲང་གཉིས་ཀྱི་ཁ་ངོ་ཚུགས་དང་མིག་ལྕིབས་ཀྱི་དབྱིབས་རྣམས་ཕན་ཚུན་དབྱེ་བ་འབྱེད་དཀའ་བར་འདུག འོན་ཀྱང་།ཚང་མས་ཤང་ཀྲང་གིས་མགོ་མཐོན་པར་བཏེགས་ནས་གོམ་པ་ལེན་སྟངས་དེར་ལྟ་བ་ལས་སྐད་ཆ་ཅི་ཡང་བཤད་མ་སོང་།མི་ཚོགས་ཀྱི་འཚང་ཁའི་ཁྲོད་ནས།བ་རྫི་ཁ་མཁས་མ་ཞེས་འབྲོང་སྐོར་ན་མིང་གྲགས་ཅན་གྱི་ཁ་ངན་མ་ཚེ་སྐྱིད་ཀྱིས"ཨ་ལ་ཨ་ལ།ལྟོས་དང་།ཤང་ཀྲང་དང་ཐང་ལ་གཉིས་ཅི་འདྲའི་འདྲ་ཨང་།ཕ་བུ་ཞིག་དང་འདྲ་བྱུང་། ཧོ་ཧོ་ཡ།”ཤང་ཀྲང་གིས་དེ་ཐོས་འཕྲལ།སེམས་ཀྱི་གཏིང་དུ་སྦས་པའི་ནག་སྐྱིད་ཡང་བསྐྱར་དྲན་བྱུང་།
  ཤང་ཀྲང་གིས་"སྡེ་མི་ཚོ། འཇིག་རྟེན་སྟེང་དུ།བྱ་དངོས་རིགས་འདྲ་ཡོད་སྲིད།སེམས་ཀྱི་དྲན་ཕྱོགས་བསམ་ཕྱོགས་གཅིག་འདྲ་ཡིན་པའི་མི་ཡང་ཡོད་སྲིད།དེས་ན།ཚང་མས་བསམ་ཕྱོགས་དྲན་ཕྱོགས་གཅིག་མཐུན་ཡོང་བར་གཞོལ་ནས།ལོ་འགའི་ཡར་སྔོན་དུ།སྐྱིད་སྡུག་དར་རྒུད་ཀྱི་ཆོས་ཉིད་ཀྱིས་ཡུལ་གྱར་བྱུང་བའི་མཚོ་སྐྱིད་ཀྱི་བུ་འདིའི་འཚོ་བའི་ཡོངས་ཁུང་ཙམ་གྱི་ཆེད་དུ།མཚོ་སྐྱིད་ཀྱི་ཞིང་ཚིགས་སུ་ཡོད་པའི་སྟར་སྡོང་དེ།མ་སྨད་འདི་གཉིས་ཀར་སྦྱིན་པར་མཁྱེན།”ཤང་ཀྲང་གིས་དེ་ལྟར་བཤད་དུས།དང་ཐོག་རང་ཉིད་མཚོ་བོད་ས་མཐོའི་ལུང་གྲོང་འདིར་འབྱོར་བའི་མཚན་མོ་དེར།མཚོ་སྐྱིད་དམ།སེམས་པའི་གསེང་གི་ནག་སྐྱིད་ལ་"སྟར་སྡོང་དེ་ནམ་ཡང་ཁྱོད་ལ་དབང་ངེས”ཞེས་བཤད་པའང་ཡིད་ལ་དྲན་བྱུང་།
  མང་ཚོགས་ཀྱིས་ཀྱང་འཐད་པའི་བརྡ་ཙམ་བཏང་བ་ནི་ཁོར་མཚོན་ན།མཚོ་སྐྱིད་ལ་རྨི་ལམ་ཐེངས་ཤིག་རྨིས་རོགས་བྱས་པ་དང་འདྲ་བྱུང་།ད་ནི་སྡེ་དཔོན་གྱིས་ཀྱང་ཤང་ཀྲང་གི་བསམ་ཚུལ་ཞིག་རྟོགས་སོང་བ་འདྲ་བས།"ཤང་ཀྲང་།གནས་སྐབས་སུ།མཚོ་སྐྱིད་ཀྱི་ཕྲུ་གུ་འདིར་ངེད་ཚང་ནས་སྙོར་སྐྱོང་བྱས་ཀྱང་ཆོག”སྡེ་དཔོན་གྱིས་ཤང་ཀྲང་གི་གདོང་ལ་ཉམ་ཆུང་གིས་བལྟས་ནས་དེ་ལྟར་བཤད།"ཨ་ཙེ།ཡུགས་སའི་གྲིབ་ལའང་མི་འཛེམ།”ཁ་མཁས་མ་ཚོས་ ཁོང་དགོད་དང་བཅས་དེ་ལྟར་བཤད།དགུན་གྱི་སྡེ་གྲོང་ཧྲིལ་བོར་སྐྱ་མདོག་གི་ས་སྨུག་ཅིག་འཐིབས་འདུག་པའི་ཁྲོད་དུ།ཤང་ཀྲང་ཕྱིར་ཤང་ཐོག་འགྲོ་སའི་ལམ་དུ་ཞུགས་འདུག་ལ།བལྟས་ཚོད་ཀྱིས་ཁོའི་ལྗིད་ཏིག་ཏིག་གི་གོམ་ཁའི་འགབ་ཏུ་སེམས་ཁུར་ཞིག་དང་སྐྲག་སྣང་ཞིག་ཀྱང་དཔྱངས་འདུག འོན་ཀྱང་།ཁོས་སྟར་སྡོང་གི་དེ་ལས་རང་ལའང་སྟར་ཀ་མོད་པོ་ཞིག་འཐོབ་འོས་པ་ནི་ནག་སྐྱིད་ཀྱི་དྲིན་ཡིན་བསམ་གྱི་ཡོད།ཤང་ཀྲང་གཞུང་ལས་ཁང་དུ་འབྱོར་རྗེས།ལོ་མང་པོའི་རིང་ལ་བཀོལ་སྤྱོད་མ་བྱས་པའི་ལྕགས་སྨྱུག་དེ་བླངས་ནས་༼དགུན་ཁའི་ཉིན་ཐོ༽ཞེས་གཞི་རིམ་ཞིང་སྡེར་བསྐྱོད་པའིཟིན་ཐོ་ལྟ་བུ་ཞིག་འབྲི་འགོ་བརྩམས།ཁོས་ཉིན་ཐོ་དེ་བྲིས་ནས་མཚོ་སྐྱིད་དམ་ནག་སྐྱིད་གླེང་དགོས་པར་སླེབས་དུས།ཆང་དྲན་བྱུང་།ལོ་དུ་མའི་ཡར་སྔོན་གྱི་མཚན་མོ་དེར།མཚོ་སྐྱིད་ཀྱིས་ཁོར་ཕུལ་བའི་ཆང་དམ་བེ་གང་གི་བཟི་ཁ་ལས།ཁོས་ཡུགས་ས་མ་ཞིག་གི་ཁེར་རྐྱང་གི་སྡུག་བསྔལ་གྱི་འཁྱག་རོམ་ཞུ་རུ་བཅུག་མོད།དེ་ནི་ཁོས་མཚོ་བོད་ས་མཐོའི་ལུང་གྲོང་དེར་ཕུལ་བའི་ཚེ་སྲོག་གི་ལེགས་སྐྱེས་གཞན་ཞིག་ཡིན་པ་སུ་ཡིས་ཤེས་སམ།ཤང་ཀྲང་མལ་ཤག་གི་ཕྱི་རུ་སོང་ནས་"ཝུའུ་ཀྲུའུ”རྟགས་ཅན་གྱི་ཆང་དཀར་རྒྱ་མ་གང་ཉོས་ནས་ཕྱིར་ལོག་པའི་ལམ་བར་དུ།ད་གཟོད་རང་ཉིད་ཞིང་གྲོང་གི་ལུང་བ་དེར་སླེབས་ནས་ལམ་ཐག་ག་འའདྲ་ཞིག་ལ་སླེབས་ཡོད་པར་ཐེ་ཚོམ་སྐྱེས་བྱུང་།ཁོས་མཚན་གང་བོར་ཞིབ་ཏུ་བསམ་པ་ན།མིག་ལམ་དུ་འཁོར་འོངས་པ་ནི་འབྲོང་སྐོར་སྡེ་བའི་སྡེ་མི་དག་གི་མདངས་ཤོར་བའི་མིག་་ཟུང་དེ་དག་དང་།སྐྱ་ལེབ་ལེབ་ཀྱི་མཁར་གྱང་རྙིང་བ་དེ་དག་ཡིན་པ་ལས་གཞན།མིག་གི་གཏིང་རིམ་དུ་དྭངས་གཙང་འཁྱིལ་ཡོད་པའི་མཚོ་སྐྱིད་ཀྱི་ཐང་ལ་དེ་རེད།ཁོས་ཉི་ན་ཐོ་དེ་བྲིས་ཀྱིན་བྲིས་ཀྱིན་ལག་པ་འདར་བྱུང་།མི་ལོ་བདུན་ལྷག་གི་རིང་ལ། ངས་རང་གི་བུ་ཆུང་དེ་ཡུགས་ས་མ་ཞིག་ལ་བཅོལ་བ་ཡིན།དེ་ནི་ང་རང་ལུང་གྲོང་འདིར་འོངས་རྗེས་ཀྱི་སྐྱོ་བ་གཅིག་པུ་རེད།ལོ་བདུན་ལྷག་གི་རིང་ལ།ངས་སེམས་ཀྱི་རེ་བ་ང་ལ་བཅོལ་བའི་འབྲོང་སྐོར་གྱི་སྡེ་མི་མཚོ་སྐྱིད་ཀྱི་སྐྱིད་སྡུག་ཤེས་མ་སོང་།དེ་ནི་ང་རང་ལུང་གྲོང་འདིར་འོངས་རྗེས་ཀྱི་འགྱོད་པ་གཅིག་པུ་ཡིན།ཤང་ཀྲང་གིས་དེ་ལྟར་བྲིས་ནས་ཐོ་རེངས་སུ་སླེབས་དུས།ཆང་དམ་མང་པོས་ཤང་ཀྲང་གི་མལ་ཤག་ཆུང་བ་དེའི་བར་སྟོང་ངེས་ཅན་ཞིག་བཟུང་འདུག ཁོས་འབྲོང་སྐོར་དུ་གཉོམ་ཆུང་གིས་ལུས་པའི་མཚོ་སྐྱིད་ཀྱི་བུ་ཆུང་དྲན་དུས།ད་གཟོད་འཇིག་རྟེན་གྱི་ལས་གནས་གང་དུའང་སྐྱིད་སྡུག་ནི་ངེས་པར་མཐོང་དགོས་པ་ཞིག་རེད་སྙམ་བྱུང་།
  ཁང་བའི་ཕྱི་རོལ་ཏུ་དགུན་ལྷགས་ཕྲ་མོ་ཞིག་ལྡང་གིན་འདུག"ཤང་ཀྲང་།སད་རན་འདུག”ཤང་ཀྲང་གི་གཉིད་ཁུང་དུ།མཚོ་སྐྱིད་ཀྱིས་དེ་ལྟར་འབོད་ཀྱིན་འདུག

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་ཁའི་ཉིན་ཐོ།

2015-03-11 བྱ་མདོ་དོན་གྲུབ་ཚེ་རིང་།༼ ཟི་ལིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།