ཁང་ཤག་དྲུག་པ་ལས་ཐར་བ།

  མི་ལོ་གསུམ་འགོར་རྗེས། ཨར་འདམ་གྱི་ལྕགས་རིའི་ཕྱི་རོལ་ལ་སླར་ཡང་དཔྱིད་ཀ་ཚེས་སོང་། 

  ནང་མོར། བཙོན་རྫི་ཡོང་ནས་ལི་ཧྲུའུ་ཅི་སྒོ་ལ་ཁྲིད།
  སྒེའུ་ཁུང་ལྕགས་དྲ་ལས་ལྡིང་འོང་བའི་བསིལ་རླུང་ཁྲོད་དུ།ཞིང་བའི་ཡུར་མ་ཡུར་སྐབས་གང་སར་ཁྱབ་འགྲོ་བའི་སྔོ་རྩྭ་ཡི་དྲི་མ་ཞིག་འདུག རྒད་པོ་ཆོས་འཕེལ་གྱིས་སྣོམ་སྣོམ་འགའ་བྱས་རྗེས། དཔྱིད་ཐོན་སོང་ཟེར།
  ལོ་འདི་ཚོར། དུས་ཚིགས་རེ་རེ་ནི་དྲི་མ་རེ་རེ་རེད། སྐད་ཆ་དེ་འདྲ་ཞིག་ན་ནིང་སྟོན་མཇུག་ལ་རྒྱ་མི་ཐོའུ་ནས་ཀྱང་བཤད་མྱོང་། ཁོ་ནི་འབར་ཁམས་ཀྱི་སྨད་འཚོང་མ་ཞིག་གི་ལག་དམར་ཆགས་རྗེས་ངེད་གཉིས་མཉམ་དུ་བཅུག་པ་རེད། ཁོའི་མིང་ཆ་ཚང་ལ་ཐོའུ་པིན་ཟེར། ལོ་ན་བཞི་བཅུ་དང་། ཕ་ཡུལ་ཏུའུ་ཅང་ཡན་གྱི་གྲོང་སྡེ་ཞིག་ནས་ཡིན། ཁོ་ལྟ་བུའི་ཉེས་པ་ལྕི་མོ་ཅན་དག་ལ་རྟག་པར་རྐང་སྒྲོག་རྒྱབ་ཡོད། བཙོན་མཁར་ཕྱི་རོལ་གྱི་སློབ་གྲྭ་ཞིག་ནས་སྲོད་དུས་རེ་རེར་རྒྱལ་རོང་སྐོར་བྲོ་ཡི་རོལ་མོ་བཏང་ཡོང་དུས། ངས་ཐོའུ་ལགས་ཀྱི་ལག་པར་འཇུས་ནས་སྐོར་བྲོ་བསླབ་པ་ཡིན། ང་རང་ཁོ་ཡི་རྐང་སྒྲོག་ལས་སིལ་སྒྲ་གྲག་པ་དེར་ཉན་པར་དགའ།དེ་ཡིས་ང་ལ་ཕ་ཡུལ་དུ་རྐང་པར་ཆོ་རིལ་བཏགས་ནས་ཞབས་བྲོ་རྩེ་མཁན་དག་དྲན་དུ་འཇུག་སྲིད།
  སྐབས་སྐབས་སུ་ཕ་ཡུལ་ནི་རྣ་བས་མྱངས་ཆོག་པ་ཞིག་རེད།
  ཐོའུ་ལགས་ལ་ཐོག་དང་པོར་སྲོག་ཁྲིམས་བཅད་པས་ཁོས་ཡར་གཏུག་བྱས།ཐེངས་གཉིས་པར་སྲོག་ཁྲིམས་བཅད་པས་དེ་ཡང་ཡར་གཏུག་བྱས།ད་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བཀའ་ཆད་ལ་སྒུག་ཡོད་པ་རེད།དེ་ནི་ཆེས་མཐའ་མཇུག་གི་རེ་བའང་རེད།།ཁོས་གསོན་རེ་འཆིང་བ་ནི་འདས་མོའི་དོན་དུ་ཡིན་ཟེར།དོན་དམ་སྲོག་ཐར་གྱི་དགོངས་པ་ཞུ་ཐེངས་རེ་རེ་ནི་རང་གིས་རང་ལ་རྣམ་སྨིན་སློང་ཐེངས་རེ་རེ་དང་ཁྱད་མི་འདུག་ཟེར།ངས་ཁོ་རང་གི་རྨ་ཁ་ཇི་འདྲ་ཟབ་པ་མི་ཤེས་ལ་དེ་དོན་ཞིབ་འདྲི་ཡང་མ་ཕོད། དོན་དམ་ངས་ཉེས་པ་ཅི་བསགས་དང་བཙོན་ལ་འཇུག་དོན་སོགས་ཁོས་ཀྱང་ཟུར་ཙམ་མི་འདྲི།ཁོས་ཁྱེད་ཅག་བོད་ལ་སྐྱེ་བ་སྔ་ཕྱི་ཡོད་པ་ཨེ་རེད་ཞེས་དྲིས།ངས་ལན་དུ་འཇིག་རྟེན་ཁམས་འདིའི་སྲོག་ལྡན་སྐྱེ་འགྲོ་ཡོད་ཚད་ལ་རྣམ་ཤེས་ཡོད་པ་རེད།དེ་བཞིན་དུ་སྐྱེ་བ་སྔ་ཕྱིའང་ཡོད་པ་རེད་ཅེས་ལན་བཏབས།ཡང་ཁོས་ཚེ་འདིའི་རྣམ་སྨིན་མ་དག་ན་སྐྱེ་བ་ངན་སོང་ལ་ལྷུང་འགྲོ་ཨེ་རེད་ཟེར།ངས་བསམ་གཟས་ཏེ་མ་གོ་ཁུལ་བྱས།འོན་ཀྱང་ཁོའི་ཉིན་རྒྱུན་གྱི་རྣམ་རིག་ལ་བརྟགས་ན་སྲོག་ཁྲིམས་བཅད་པའི་བཙོན་མ་ཞིག་དང་རྦད་དེ་མི་འདྲ་བར།དུས་རྟག་པར་གདོང་ལ་དགོད་བག་གིས་ཁེངས་ཡོད་ཅིང་།མ་མི་མེད་མིན་གྱི་སྡུག་ཤོད་མུག་ཤོད་དག་ཀྱང་དགོད་གཏམ་ལྟར་བཤད་རྒྱུར་ལོབ་ཡོད།
  གལ་ཏེ་ཤི་སོང་ན་ངའི་དངུལ་ཐོའི་ནང་སྒོར་མོ་ཁ་ཤས་ཡོད། དེ་དག་ཁྱོད་རང་ཕྱི་ལ་བཏང་ཕྱིན་བོད་ཀྱི་བླ་མ་འགའ་ལ་འགྱེད་རོགས།ལོ་གསར་མ་ཚེས་གོང་ཞིག་ལ་ཁོས་དེ་སྐད་ལབ་མྱོང་།འོན་ཀྱང་ཉིན་ཞིག་གློ་བུར་བཙོན་རྫི་འགའ་ཐོན་ཏེ་ཁོ་དང་བཅའ་ཀ་བསྡུ་གསོག་རྒྱབ་ནས་ཁྱེར། འགྲོ་ཁ་འཛུམ་ཞོར་ཏུ་སྒོའི་ཁུང་བུ་ལས་ལག་བརྡ་ཙམ་རྒྱབ།ཀུ་རེས་ཚུལ་དུ་སྒོར་ཐོན་ན་མཉམ་དུ་ཆང་འཐུང་ཟེར།དེ་ནི་ངས་ཆེས་མཐའ་མཇུག་ཁོ་རང་མཐོང་པ་དེ་ཡིན། ལ་ལས་བཙོན་ཁང་གཞན་ལ་སྤར་སོང་ཟེར་མོད། ཅི་ཆ། དགོང་མོ་དེར་ངའི་རྨི་ལམ་དུ་བྱེ་རི་ཆེན་པོ་ཞིག་མེ་ལ་ཤོར་བ་རྨིས།།
ཁོ་རང་ཁྱེར་བའི་ཕྱི་དྲོ་དེར་སླར་ཡང་བཙོན་མ་གསར་པ་གཉིས་ང་དང་མཉམ་དུ་བཅུག དེ་ནི་ད་བར་གྱི་ངའི་སྡོད་གྲོགས་གཉིས་རེད་དེ། གཅིག་ནི་ལི་ཧྲུའུ་ཅི་དང་གཅིག་ཤོས་ནི་རྒད་པོ་ཆོས་འཕེལ་རེད། ལི་ཧྲུའུ་ཅི་ནི་བཙོན་ཁང་དུ་ཡང་དཔོན་བཟོ་དོད་པོ་ཡོད་ཅིང་།ཁོ་རང་རྫོང་ཧྲུའུ་ཅི་ཡིན་དུས་དཔོན་ཚུལ་ཅི་འདྲ་བཞེས་པ་དང་འགྲོ་དོན་ག་འདྲ་སྒྲུབ་པ་སོགས་སུན་པོ་བཟོ་རག་བར་བཤད།སྐབས་ལ་ལར་རྒད་པོ་ཆོས་འཕེལ་ངེད་གཉིས་ཀྱི་མདུན་ནས་རང་གི་ངོ་མཚར་བརྗོད་དེ་ཕྱག་རྒྱ་སྣ་ཚོགས་སྟོན།ཨ་ཐང་ཆད་དུས་སམ་རང་ཉིད་བཙོན་ཁང་ན་ཡོད་པའི་རང་བབ་གསལ་བོ་མཁྱེན་དུས་རེ་ལ།ད་ཆ་སྒོར་རྡོག་རེ་འགའ་མི་ཟ་མཁན་གྱི་དཔོན་པོ་སུ་ཡོད།སུ་ཡོད་དམ།ཞེས་ངེད་གཉིས་ལ་ཚ་འདྲི་གནང་ཞིང་།ཕལ་ཆེར་ཁོ་རང་ནང་དུ་བཅུག་འོང་མཁན་རྒད་པོ་ཆོས་འཕེལ་ངེད་གཉིས་ཡིན་པ་ལྟ་བུའི་ཚོར་སྣང་སྟེར།ཉིན་ཞིག་བཙོན་རྫི་ཞིག་གིས་ལྐོག་ཏུ་བྱ་ཤ་ཁུག་མ་གང་ཁྱེར་ནས་ཐོན་ཞིང་།ཧྲུའུ་ཅི་ལ་བྱ་ཤ་འདི་ཝང་ཅུས་ཀྲང་གིས་སྐུར་ཡོང་རབས་བརྗོད། དེ་ནི་ངས་མི་ཚེ་འདིར་བྱ་ཤ་ཐོག་དང་པོ་ཟོས་པ་ཡིན།རྒད་པོ་ཆོས་འཕེལ་གྱིས་ཅི་ཡང་མི་སྨྲ་བར་མ་ཎི་འདོན་ཞོར་དང་བྱ་ཤ་ཟ་ཞོར་བྱེད།ཁོང་ནི་གེ་སར་སྒྲུང་པ་ཞིག་དང་ལྷ་རིས་པ་ཞིག་རེད།ཐེངས་འགའ་ལ་ཁོས་མདང་ནུབ་གུ་རི་རིན་པོ་ཆེའི་ཞལ་མངོན་སུམ་གཟིགས་པས་གནས་འདིར་འཇིགས་སྐྲག་མི་འདུག་ཟེར།ངས་རྒད་པོ་ཆོས་འཕེལ་ལ་ཁྱོད་རང་ཅིའི་ཕྱིར་བཙོན་དུ་ཐོགས་སོང་དྲིས།ཁོས་འོ་ན་ཁྱེད་ཞེས་ལྡོག་འདྲི་བཏང་ཡོང་།ནམ་རྒྱུན་གནད་དོན་གཅིག་གི་སྟེང་ནས་ཡོད་ཚད་འཇམ་ཅོག་གེར་བུད་འགྲོ་བ་དེས་ང་ལ་མི་བདེ་བ་བཟོ་ཡོང་།བཙོན་པ་ཡོད་ཚད་རང་གི་ཉེས་མིང་རང་གི་ཁ་ནས་ཤོད་རྒྱུར་མི་དགའ་བས་ཡིན་ནམ།ལ་ལ་ཞིག་གིས་ཉེས་མིང་མ་ལབ་གོང་རང་གིས་ཅི་བྱས་གང་བྱས་སྔོན་ལ་ལབ་ནས་ཉེས་མིང་དེ་རང་ལ་མི་འབབ་ལུགས་བརྗོད་མོད།རྒད་པོ་ཆོས་འཕེལ་ཐོག་མཐའ་བར་གསུམ་དུ་ཁ་རོག་གེར་བསྡད་སོང་།དེ་ནི་སྡོང་རྒན་ཞིག་དང་འདྲ།དྲང་མོ་བཤད་ན་རྒས་ཤིང་རལ་བའི་སྡོང་རྒན་ལོ་ལོན་ཞིག་དང་འདྲ།ངས་དེ་ལ་བལྟས་ཀྱིན་གེ་སར་ལས་ལྷག་པའི་སྒྲུང་ཞིག་ལོས་ཡོད་སྙམ།
  ཕྱི་ཉིན།རྒད་པོ་ཆོས་འཕེལ་གྱིས་རི་བོ་ཞིག་གི་བཟོ་ལྟ་བྲིས་དེ་ང་ལ་བསྟན།ལོགས་སུ་ངག་བསྡམས་པའི་གངས་རི་ཞེས་བྲིས་འདུག
  ནུབ་མོར། ཕྱི་རོལ་དུ་ཁྱི་སྐད་གྲག་པས་ཨར་འདམ་དང་རྣོ་ལྕགས་ཇེ་འཁྲེགས་སུ་གྱུར་སོང་བ་འདྲ།།རྒད་པོ་ཆོས་འཕེལ་ངེད་གཉིས་ཁོག་སྣད་མལ་ཐུལ་དུ་འཛུལ་ཞིང་།ཁོག་སྟོད་དགྱེ་དགྱེ་ངང་གྱང་ལྡེབས་ལ་འཁེན་ནས་ཡོད་དུས།ལྕགས་སྒོ་ཁྲོག་སྒྲ་དང་བཅས་ཕྱེ་སོང་།སྐབས་དེར་ཞོགས་པ་སྒོ་ལ་ཁྲིད་པའི་ལི་ཧྲུའུ་ཅི་ནང་དུ་བཀགས།ཁོ་རང་དགོད་འཛུམ་དང་བཅས་ཤུ་འདེབས་ཞོར་མལ་སའི་ནང་ལ་བུད་ཅིང་།ཉིན་གང་བོར་མཁར་འདབས་ཀྱི་སྔོ་རྩྭ་འབལ་དུ་བཅུག་སོང་།དེ་རིང་སྐྱིད་པ་ལ་ཟེར།།ངས་ད་བར་དུ་ཁོར་ཡུག་ཇི་ཙམ་དོག་ན་མིའི་ཧམ་སེམས་དང་འདོད་སྲེད་གྱི་རྒྱ་ཁྱོན་ཀྱང་དེ་ལྟར་བསྐུམས་འགྲོ་ཐུབ་པ་ཤེས་མ་སོང་།མི་ནི་སྲོག་ཆགས་ཡོད་ཚད་ལས་ཆེས་མགོ་བདེ་དེ་རེད།དེ་ནི་ཁོ་ཚོས་མོ་ཊ་གཏོང་ཤེས་པ་དང་གློག་གླད་རྩེ་ཤེས་པས་མ་ཡིན་པར།ཆེའི་དཀའ་སྡུག་གི་སྐབས་སུའང་སྐྱིད་པ་ལ་ཞེས་ཤོད་ཐུབ་པས་དང་།དེ་ནི་དྲང་བོའི་གཏམ་ཡང་ཡིན་པས་རེད།
  མི་ལོ་འདི་ཚོའི་ཉམས་མྱོང་དུ།ཁང་མིག་འདིའི་མགྲོན་པོར་ནམ་ཡང་རིགས་གཉིས་འདུག གཅིག་ནི། ནང་དུ་བཀགས་མ་ཉག་ནས་ཨ་མ་དང་ཆུང་མ་དང་བུ་ཕྲུག་འབོད་མཁན་གྱི་རིགས་དེ་རེད།དེ་དག་ནི་སྡུག་བོར་ན་དགའ་ཚོད་མི་ཟིན་པ་དང་སྐྱིད་བོར་ན་སྡུག་ཚོད་མི་ཟིན་པའི་སེམས་ཅན་སྐོར་ཞིག་རེད།རིགས་གཅིག་ནི་སྔ་དྲོ་ཞིག་གི་དུས་ཡུན་རིང་གྱང་ངོས་ཀྱི་སྡོམ་ལ་ཅེར་ནས་འདུག་བཟོད་ཐུབ་མཁན་དང་།སྒེའུ་ཁུང་ལས་ལྕེབས་འོང་པའི་ལོ་མ་དེར་ལོ་ངོ་གཉིས་གསུམ་ལ་བདག་པོ་གཙང་མ་རྒྱག་ཐུབ་མཁན།སྲོད་དུས་རེ་རེར་མགོ་བོ་བཀྱགས་ཏེ་ཕ་ཡུལ་གྱེར་མཁན་གྱི་གླུ་བ་དག་རེད།།རིགས་སྔ་མ་དང་བསྡུར་ན་ཕྱི་མ་དག་ནི་སྒྲུབ་ཕུག་ནང་བསམ་གཏན་སྒོམ་མཁན་གྱི་རི་ཁྲོད་དཀའ་ཐུབ་པ་དག་དང་འདྲ་བས།དེ་དག་དང་མཉམ་དུ་རང་ཉིད་ཀྱང་བཙོན་ཁང་དུ་ཡོད་པ་བརྗེད་འགྲོ །ལི་ཧྲུའུ་ཅི་དང་རྒད་པོ་ཆོས་འཕེལ་གཉིས་ནི་སོ་སོའི་ཚབ་མཚོན་ལ་ཧ་ཅང་འོས་ཤིང་འཚམས། བདེན་ཏེ།ཁང་མིག་འདིར་ཐོན་ཕྱིན་ཁོ་ཚོར་ཡང་གཅིག་མཐུན་གྱི་གཤིས་ཀ་རེ་ཆགས་ཡོང་ངེས། དེ་ནི་སྲོག་ཆགས་རེ་རེ་དང་ཡུལ་གྲུ་རེ་རེར་རང་གི་གོམས་གཤིས་ཤིག་ཡོད་པའི་གནས་ལུགས་དང་འདྲ།

  དཀར་ཁུང་ལས་ཟླ་འོག་མོག་མོག་ཞིག་ངང་གིས་ཚེས་རྗེས། ཁ་ཁུ་སིམ་པོ་འདིས་ང་རང་འདུག་བཟོད་མི་བདེ་བ་བྱས་ཡོང་།དེ་ནི་འཇིག་རྟེན་འདིས་རྣ་བ་སྒྲིམ་ཏེ་ང་ཅག་ལ་གཟབ་ཉན་བྱ་བ་དང་འདྲ།དཔེར་ན་རྒད་པོ་ཆོས་འཕེལ་ངེད་གཉིས་ཀྱི་དྲི་བ་དེར་ཨ་ལན་མ་བྱུང་བ་ལ་ཉན་འདུག་པ་འདྲ།ཅི་ཡང་བསམ་ཆོག་པ་ནི་རྒྱས་སྤྲོས་ཤིག་རེད་མོད།བསམ་རྒྱུ་རྒོད་པ་དེ་ཁུར་བོ་ཞིག་ཀྱང་རེད།སྒེའུ་ཁུང་ལས་དཔྱིད་ཀྱི་དྲི་ངད་ཁྱེར་འོང་བའི་རླུང་བུ་འཇམ་པོ་དེས་བདག་གི་ངོ་གདོང་ལ་བྱིལ་བྱིལ་བྱས་པས།ང་ལ་དུས་ག་ཤེད་ཅིག་ཏུ།རི་ལུང་ག་འདྲ་ཞིག་ནས།ནོར་ཕྱུགས་ཁྱུ་གཅིག་གི་རྗེས་སུ་འུར་ཆ་སྐོར་གྱིན་པའི་དུས་ཡུན་སྐད་ཅིག་མ་དེ་དྲན་པར་བྱས། དྲན་པ་དེ་ནི་གས་མ་ལན་བརྒྱར་བཏང་པའི་ཕུང་བོ་ཞིག་རེད།སོས་ཀའི་སྤེན་རྩྭ་ཕོན་པོ་དག དགུན་ཁང་གི་གྱང་གོག་སྐྱ་བོ། རླངས་པ་ཐུལ་ལེར་ས་ལ་འབྱར་བའི་ལྕི་བ། ལོ་སར་ཁ་གསར་དུ་བསླངས་པའི་སྒོ་དར་དང་ཚོན་མདོག་གི་དར་ལྕེ། ཁྱི་ཁང་སྒོ་ཁའི་ཀ་ཏོར་གཅོམ་རོ། དགོང་མོ་འཕྲུལ་རྟ་བཞོན་དེ་ཡུལ་ཚོར་འགྲོ་བའི་འདུན་པ། 
  “མིའི་དབང་ཤེས་ནི་ཁྱི་ལས་རྣོ་པོ་འདུག”
  དབང་མེད་དུ་དེ་སྐད་ཐལ་བས་རྒད་པོ་ཆོས་འཕེལ་དང་ལི་ཧྲུའུ་ཅི་གཉིས་ནི་མཚར་ཉམས་ཀྱིས་ང་ལ་ཧད།
  ཁྱི་ཨེ།མི་དཔེ་པཱ།ཁྱི་ནི་རྣམ་རིག་གྲོང་པོ་ཡོད་པ་རེད། ལི་ཧྲུའུ་ཅི་ཡིས་རྣམ་རིག་གྲིམ་གྲིམ་སྒོས་ང་ལ་བལྟ་བའི་ཉམས་དེ་ངོ་མ་ཁྱི་ཞིག་དང་འདྲ་བར་སྙིང་རྗེ་མོ་འདུག

  སྐབས་ལ་ལར། ཕ་ཡུལ་ནི་རླུང་ལ་བཅིབས་པའི་རེག་བྱ་འཇམ་པོ་དེ་རེད།།

  ཕྱི་ཉིན་ནང་མོར། གཉིད་ལས་སད་དུས་རྒད་པོ་ཆོས་འཕེལ་རང་མལ་དུ་དགྱེ་དགྱེ་ངང་སྒོམ་རྒྱབ་ནས་འདུག མདང་ནུབ་ངས་རྨི་ལམ་དུ་ཕ་མ་གཉིས་རྨིས་སོང་།ཁོང་གཉིས་ཅི་ཡང་མི་སྨྲ་བར་ཐོག་མཐའ་བར་གསུམ་དུ་ངའི་ཉེ་འཁྲིས་ནས་འདུག ངེད་མ་བུ་གསུམ་པོ་ཕ་ཡུལ་གྱི་གྲོ་ཞིང་ཁར་སྒྱེད་པུ་བཙུགས་ཏེ་ཇ་གསོལ་སྐབས་ཤིག་ལ། ཉི་ཟེར་ཚ་མོ་དེའི་འོག་ཏུ་ངའི་ལུས་ཀྱི་གྲིབ་གཟུགས་གྲོ་ཞིང་གི་སྣེ་ནས་ཐག་རིང་ལ་འཐེན་ཡོད་པ་མཐོང་མོད།ཕ་མ་གཉིས་ལ་གྲིབ་མ་ཞིག་ཡེ་ནས་སྣང་རྒྱུ་མེད་པ་ཞིག་རྨིས།ད་དུང་གྲོ་ཞིང་མཐའ་འཁོར་ཏུ་ང་ཁོ་ནས་རྐང་རྗེས་ཀྱིས་ཁེངས་བར་བྱས་འདུག ང་ལ་གློ་བུར་ཏུ་ཞེད་སྣང་སྐྱེས། ཞེད་སྣང་དེ་ད་ནང་རྨི་ལམ་ལྟ་བུར་ཡལ་མ་སོང་།
  ང་རང་མལ་ལས་ལངས་རྗེས་སུ་གྱང་ངོས་ལ་ཤད་ཅིག་བྲིས་ཤིང་།དེ་ནི་ཡང་བསྐྱར་ཟླ་བ་གཅིག་རྫོགས་སོང་བའི་རྟགས་རེད།
  ད་ཟླ་བ་གཉིས་ལས་མི་འདུག རྒད་པོ་ཆོས་འཕེལ་གྱིས་དེ་ལྟར་བཤད།
  འོ་ལེ། དེ་ནས་ཕ་མར་མཇལ་ཐུབ་སོང་བ་རེད། ངས་འདང་ཙམ་མ་རྒྱབ་པར་ལན་བཏབས།
  མི་ལོ་གསུམ་ལྷག་དེ་ལྟར་འདས་སོང་།གྱང་ངོས་སུ་ཤད་དང་ཨང་ཀི་དང་ལོ་ཐོ་དང་སྙན་རྩོམ་སོགས་བྲིས་དེ་ཁེངས་བར་བྱས་འདུག དེ་དག་རེ་རེ་ནི་བཙོན་མ་དག་གིས་ཤུལ་ཏུ་བསྐྱུར་བ་རེད་ལ། ཡང་ལ་ལ་ཞིག་གིས་ནི་འགྲོ་ཁར་བྲིས་པའི་རི་མོ་དང་སྤྱོད་མྱོང་བའི་ཅ་ལག་སྤུ་ཙམ་ཡང་ཤུལ་མེད་དུ་བྱེད་ངེས།ཁོ་ཚོ་བཙོན་ཁང་ཏུ་རང་གི་རྗེས་ཤུལ་ཕྲ་མོ་ཙམ་ལུས་ན་མ་འོངས་པར་སླར་ཡང་བཙོན་ཁང་ཏུ་ལོག་ཡོང་བར་སེམས་ཁྲལ་བྱེད་ཀྱིན་འདུག གནས་འདིར་སླེབས་དུས་མི་སུ་ཡིན་རུང་ལྷ་ཆོས་ལ་བློ་དཀར་བའི་དད་ལྡན་ཤ་སྟག་ཏུ་འགྱུར་འགྲོ་བ་འདྲ།ལི་ཧྲུའུ་ཅི་ནི་དུས་ཡུན་ཐུང་ངུའི་རིང་ལ་ལྷ་མེད་སྨྲ་བ་ཞིག་ནས་ལྷ་ཆོད་ལ་དད་པ་དམ་པོ་འཆིང་མཁན་ཞིག་ཏུ་གྱུར།ཁོས་རྒད་པོ་ཆོས་འཕེལ་ལ་ཞུ་བ་བྱས་ཏེ་སྐྱབས་འགྲོ་འདོན་ཚུལ་བསླབ་ཅིང་།ཉི་མ་གཉིས་གསུམ་ཙམ་ལ་རྒྱུན་བསྐྱངས་མཐར་སྔ་དྲོ་ཞིག་ལ་ཁོ་རང་དགའ་ཐག་ཆོད་དེ་ཁོའི་མཁྲིས་ནད་སངས་དྲག་ཕྱིན་འདུག་ཟེར་ཞིང་། ཡང་ཉིན་འགའ་འགོར་རྗེས་ཁོ་རང་ཕྱི་ལ་ཡོད་དུས་ལོ་དུ་མར་མནར་གཅོད་མྱངས་བའི་མཚན་མའི་ནད་ཞིག་ཀྱང་ཇེ་དགར་གྱུར་འདུག་ཟེར།དེ་ནས་བཟུང་སྐབས་དང་སྐབས་སུ་ཁོས་ཡ་མཚན་རེད་ཅེས་བསམ་བློ་གཏོང་ཞོར་མགོ་བོ་གཡུག་ཅིང་།ནུབ་མོར་ཉལ་ཁ་དང་ནང་མོ་ལངས་ཁ་ཕྱག་འཚལ་བའི་གོམས་གཤིས་ཤིག་ཀྱང་རང་བཞིན་གྱིས་ལོབས་པར་གྱུར།འོན་ཀྱང་ནད་གཞི་དེ་དག་སངས་དྲག་ཏུ་ཕྱིན་པ་དང་མཉམ་ཏུ་ཁོའི་རྐང་པ་ལ་གཟེར་ནད་བྱུང་འགོ་ཚུགས།ཁོས་བཤད་ན་དེ་ནི་ཁོ་རང་སྔོན་ཆད་ཧྲུའུ་ཅི་ཡིན་དུས་བླ་མ་ཞིག་གི་འདྲ་པར་རྐང་བས་བརྫིས་མྱོང་བས་ཡིན་ཁོ་ཐག་ཞེས་བདེན་ཤག་ཤག་ཏུ་སྨྲ། གཏམ་དེ་ལ་རྒད་པོ་ཆོས་འཕེལ་ཡང་ཤིན་ཏུ་འཐད་དེ།ད་ཆ་ཁོ་རང་ལ་སེམས་ཁྲལ་གཅིག་ཡོད་པ་ནི་བཙོན་དུ་མནོལ་གྲིབ་ཕོག་ན་ཕྱིས་སུ་སྒྲུང་གྱེར་མི་ཤེས་པ་ཆགས་ཨེ་འགྲོ་སྙམ་པ་དེ་རེད།ཁོ་རང་ལོ་ན་སུམ་ཅུའི་སྐབས་སུ་སྡེ་བ་འགབ་མའི་ནང་གི་བུད་མེད་ཡུགས་མོ་ཞིག་དང་ལུས་འབྲེལ་བྱུང་བས།རྗེས་སུ་སྒྲུང་གྱེར་སྐབས་རྒྱུན་དུ་ངག་ལྐུགས་འགྲོ་བ་བྱུང་མྱོང་ཟེར་ཞིང་།ཐ་མ་དང་གྱོན་པ་སོགས་མི་གཙང་བ་གང་འགོས་ན་སྒྲུང་གྱེར་མི་ཤེས་པ་ཆགས་འགྲོ་ཞེས་བཤད།དེ་ལ་ལི་ཧྲུའུ་ཅི་ཡིས་ཁྱེད་ཀྱིས་སྒྲ་ཕབ་འཕྲུལ་ཆས་མི་བཀོལ་བ་ག་རེ་ཡིན་ཞེས་པའི་ཁ་བརྡ་ནས་མགོ་བཙུགས་དེ་ཡང་བསྐྱར་སྔ་དྲོ་ཞིག་གི་དུས་ཡུན་རིང་ལ།ཁོང་ཚང་གི་སྒྲ་ཕབ་དང་བརྙན་འཕྲིན་དང་འཁྱག་སྒམ་དང་ཧྲ་ཧྥ་དང་རྒན་མོའི་ལག་ཁུག་དང་བུ་མོའི་ཁ་པར་སོགས་ངོ་སྤྲོད་རྒྱས་པ་ཞིག་གནང་སོང་།
  གུང་ཇ་བཏུང་རྗེས་ཤིག་ལ།རྒད་པོ་ཆོས་འཕེལ་གྱིས་མདང་གི་རྨི་ལམ་ལ་བརྟག་ན་དེ་རིང་ཡང་བཙོན་མ་གསར་བ་ཞིག་ཡོང་བ་འདྲ་ཟེར། དོན་དམ་ཉིན་དེར་བཙོན་མ་གསར་བ་སླེབས་མ་སོང་ལ།གསར་འགྱུར་ལྷག་མ་ཞིག་ཀྱང་ཡོད་མ་སོང་།ས་སྲོད་དེར་སྒེའུ་ཁུང་ལས་ནང་དུ་འགོས་འོང་བའི་སྡོམ་ནག་དེ་རྗེས་ཀྱི་ཟླ་བ་གཅིག་རིང་ང་ཚོའི་ཁང་མིག་དེ་ནས་གསོན་ཐབབས་བྱས་སོང་། ནུབ་དེར་ཡང་ངའི་རྨི་ལམ་ནང་རྒྱ་མི་ཐུའུ་སླེབས་ཤིང་།ཁོ་རང་ལ་རྣམ་འགྱུར་ཅི་ཡང་མེད་པར་སྲོག་ཁྲིམས་བཅད་མ་སོང་བས་ཡང་བསྐྱར་ནང་ནས་ལོ་ཤས་འདུག་དགོས་སོང་ཟེར་དེ་ངའི་གཡས་འགྲམ་ནས་མལ་ས་བཟོས།སྔོན་ཆད་དང་བསྡུར་ན་ཁོ་རང་སྐམ་པོ་ཆགས་འདུག ངས་ཁྱེད་རང་ཉིན་འདི་འགར་གང་དུ་ཁྲིད་སོང་དྲིས་པར་ཁྱིམ་མས་བཟའ་བཏུང་ཁྱེར་འོང་བས་དེ་ཟ་རུ་ཕྱིན་པ་ཡིན།ད་ཐེངས་ལྟ་བུའི་བརྒྱགས་ཚད་ཅིག་བཟས་པ་མྱི་ཚེ་འདིར་མེད་ཟེར། ནང་མོ་ང་རང་གཉིད་ལས་སད་དེ་རྨི་ལམ་ཡིན་ནམ་སྙམ་དེ་གཡས་ཕྱོགས་སུ་ལྟ་དུས།པང་གཅལ་སྟེང་མལ་ཆས་སོགས་ཅི་ཡང་མེད་པར་སྟོངས་ཡང་ངེ་བྱེད་ལ།དེ་ཡི་དཀྱིལ་ན་ཁ་སང་ནང་དུ་འཛུལ་འོང་པའི་སྡོམ་ནག་དེ་འཇམ་ཅོག་གེར་འདུག ཕལ་ཆེར་གཉིད་ནས་ཡོད་པ་འདྲ།
  དེ་ནས་བཟུང་སྡོམ་ནག་དེ་ཡང་ངེད་ཁང་ཤག་ཨང་དྲུག་པའི་ནང་གི་ཆ་ཤས་སུ་གྱུར།དེས་ཀྱང་རང་ཉིད་ཨར་འདམ་གྱི་ཁང་མིག་མི་གེའི་ཁེངས་པ་འདིའི་ནང་ལྷུང་ཡོད་པ་རྟོགས་ཀྱིན་པ་འདྲ་སྟེ།ཅི་ཐུབ་ཀྱིས་ཨར་འདམ་ལ་འགོས་ཏེ་ཕྱི་རོལ་ཏུ་བརྒལ་ཨེ་ནུབ་བལྟས་ན་ཡང་ལྕགས་རྩི་སེར་པོ་བསྐོས་པའི་ས་མཚམས་དེར་ཐོན་དུས་མར་ས་ཐོག་ལ་ལྷུང་ཡོང་།དེ་ནི་སྡོམ་གྱི་རྒྱུན་ལྡན་གྱི་ལུས་རྩལ་ལ་བལྟས་ན་བློ་ཡུལ་དུ་ཤོངས་དཀའ་བ་ཞིག་རེད། ཁོ་རང་ལན་འགའ་འགོས་དེ་སར་ལྷུང་རྗེས་ཨ་ཐང་ཆད་བཟོ་ཡིས་འགུལ་ཙམ་མེད་པར་ངལ་གསོ་ཞིང་།བར་སྐབས་ཤིག་ཡང་བསྐྱར་ཉི་མ་དྲོ་ཞིང་ཁོ་རང་ཙད་པས་མནར་བ་ཡིན་ན་སླར་ཡང་གྱང་ངོས་སུ་མུ་མཐུད་དུ་འགོ་ཨེ་ཐུབ་བལྟ།རེད་དེ།ཐ་མར་ས་ལ་ལྷུང་འགྲོ་བ་ནི་ཆོས་ཉིད་ལྟ་བུ་ཞིག་རེད།
  གདམས་ཀ་ཅི་ཡང་མེད་པར་ད་དུང་གདམས་ཀ་བྱེད་དགོས་པའི་ལམ་དེ་གང་རེད།
  ཉིན་ཞིག་གི་སྔ་དྲོ་ལི་ཧྲུའུ་ཅི་ཡིས་དཔེ་ཆ་ཞིག་གི་སྟེང་གི་དྲི་བ་དེ་རྒད་པོ་ཆོས་འཕེལ་ངེད་གཉིས་ལ་རྒོད་བག་གིས་དྲིས། གདམས་ཀ་མེད་ན་གདམས་ཀ་ཅི་ཞིག་བྱེད་དགོས་པ་རེད།ངས་ལན་བཏབས། རྒད་པོ་ཆོས་འཕེལ་གྱིས་ཀྱང་དེར་མཐུད་ནས་འོ་ལེ་དྲི་བ་འདི་སྐྱོན་ཅན་རེད་ཞེས་བཤད། དེ་ལ་ལི་ཧྲུའུ་ཅི་རྨོངས་ཉམས་ཀྱིས་འོན་ཀྱང་དཔེ་ཆ་འདིའི་ཐོག་ཏུ་ནི་དམྱལ་བ་ཞེས་བྲིས་འདུག་ཟེར།ཅུང་ཟད་འགོར་རྗེས་ཁོས་མུ་མཐུད་དུ་དྲི་བ་འདི་ལྟར་དྲིས།ཤིང་ཟམ་ཞིག་གི་ལྗིད་ཚད་ལ་རྒྱ་མ་བརྒྱ་ཡིན་ན།དེ་ལ་བརྒལ་བའི་་་་།

  ས་རུབ་རྗེས་ཁང་ཤག་འདི་སྔར་བཞིན་གློག་འོད་ཀྱིས་གསལ་ཐིང་ངེ་བྱ།
  ཤི་རེ་ཁོ།ད་ཡང་ཉི་མ་གཅིག་འདས་སོང་།ངོ་མ་རྒས་འགྲོ་ཡི་འདུག
  ཉི་མ་གསར་བ་ཞིག་གི་འགོ་བརྩམས་སོང་བའང་མ་ཡིན་ནམ།རང་དབང་དང་ཁ་ཐག་ཉེ་སོང་བ་རེད།ཁ་བརྡ་འདི་དག་མཚམས་ཆད་རྗེས་ཀྱི་ལྷིང་འཇགས་ནི་ཆེས་དྭངས་གཙང་གི་དུས་ཚོད་དེ་རེད།དེ་ལ་སུ་ཡི་སྡིག་སྒྲིབ་དང་སུ་ཡི་བྱིན་རླབས་གང་ཡང་ཞུགས་མི་འདུག་པས།

  ནང་མོར་སྔ་ཙམ་ནས་མལ་ལས་ལངས།དེ་ནི་ཁང་མིག་འདིའི་ནང་དུ་ལོ་ངོ་གསུམ་གྱི་ལོ་ཁ་འཕྲོད་པའི་ཉིན་མོ་རེད།ད་ནི་རེ་སྒུག་གི་སྣེ་མོའི་བཙོན་གྲོལ་གྱི་དུས་ཚོད་དེ་སླེབས་ཟིན།ལི་ཧྲུའུ་ཅི་དང་རྒད་པོ་ཆོས་འཕེལ་གཉིས་ཀྱིས་ངའི་གྱོན་པ་དག་བསྟབས་རོགས་བྱས་དེ་ལམ་འཇུག་བྱ་བར་རྩོམ།གྱང་ལྡེབས་ཀྱི་གྲུ་ག་ན་སྡོམ་ནག་དེ་ཡང་ད་ནངས་སྔ་མོ་ནས་འགུལ་སྐྱོད་བྱེད་ཅིང་།ཚུལ་དེ་མཐོང་བས་རྒད་པོ་ཆོས་འཕེལ་གྱིས་བསམ་ལོངས་དྲན་ལོངས་མ་ཕྱིན་པར་སྔ་དྲོ་རིག་ན་སྔ་རྟིང་གིས་སོད།ཕྱི་དྲོ་རིག་ན་ཕྱི་རྟིང་གིས་སོད་ཟེར་བཞིན་སྔ་རྟིང་གིས་གཅུར།ཁོས་སྡིག་འབུ་ལས་ངན་འདི་ཅིས་ཀྱང་ངའི་རྐང་འོག་ནས་འཆི་དགོས་སོང་པ་རེད།ལས་རེད།ལས་རེད།དེས་ཀྱང་སྐྱེ་བ་སྔོན་མར་སུ་ཞིག་ལ་སྲོག་སྐྱིན་ཞིག་དགོས་ནི་ལོས་ཡིན་ཟེར།།ང་རང་གློ་བུར་དངངས་འདར་ཙམ་རྒྱབ་ཅིང་དེ་མུར་ཁ་ལ་ཡོང་ཚོད་ཀྱི་མ་ཎི་བཏོན།
  བར་སྐབས་དེར་བཙོན་རྫི་ཐོན་ཡོང་།རྡོག་ཁྲིས་དག་རྒྱབ་ལ་ཁུར་རྗེས་མི་ལོ་གསུམ་གྱི་ནང་དུ་ཐོག་དང་པོར་ལྕགས་རིའི་ཕྱི་ལ་བུད། རང་བྱུང་གི་པང་ལ་གོམ་པ་ལྗིད་ཏིག་ཏིག་གིས་སྤོས་པ་ནི་གོམ་པའི་འདེགས་འཇོག་ཁྲོད་དུ་དུས་ཚོད་ཀྱི་བང་རིམ་ཞིག་དྲུད་ཡོད་པ་དང་འདྲ།དེ་ལ་མི་རྣམས་ཀྱིས་ལོ་རྒྱུས་ཟེར་སྐད། མདུན་ཕྱོགས་སུ་ཁ་བཏགས་ཁྱེར་བའི་བསུ་མ་བ་བརྒྱ་སྟོང་ཞིག་ལམ་མཐའ་ནས་གཤར་དེ་འདུག ཁོ་ཚོས་བདུག་སྤོས་དང་མེ་ཏོག་ཁྱེར་འདུག མཆི་མ་ཤམ་ཞིང་ལྷ་རྒྱལ་འབོད།
  ངས་བཙོན་ཁང་སྒོ་འགྲམ་ནས་བཙོན་ལྭ་དག་ཡུལ་མིའི་ཁྱེར་བའི་བོད་ལྭ་དེར་བརྗེས་ཤིང་ཕྱི་མིག་ལྟ་ཞོར་སྐད་གསེང་མཐོན་པོས་རང་གི་མིང་ནས་བོས་ཏེ་ད་ཕྱི་ལ་འགྲོ་ཞེས་བླ་འབོད་ཀྱི་ཀི་བཏབས།། བཙོན་ཤག་ཨང་དྲུག་པ་དེ་ལ། སེམས་ནང་དུ་གློ་བུར་འཁོར་བའི་བརྩེ་དུང་ཡིན་མིན་མི་ཤེས་པའི་འདང་ཞེན་དེ་ནི།སྔོན་ཆད་ལ་མོ་རྒྱབ་དེ་ཡུལ་གྱར་ལ་འགྲོ་དུས་ཕྱི་མིག་ནང་གི་གངས་རི་དང་འདྲ།
  ད་ལྟ།རང་དབང་ནི་མགོ་ཐོག་གི་ཉི་མ་ལྟར་འོད་དུ་འཚེར།

  ངས་འདི་དག་ཐམས་ཅད་ཉིན་ཐོར་བྲིས། མིང་ཚིག་དག་ནི་མཐུད་མཚམས་མེད་པའི་གཡུལ་གྱི་རལ་གྲི་དུམ་བུར་ཆག་པ་རེ་དང་འདྲ་ཞིང་།དྲན་ཤེས་ཀྱི་ཆག་རོ་འདི་དག་རས་ཐུམ་དམར་སྨུག་ཞིག་ཏུ་གཅུད་རྗེས།དེ་རིང་ནས་བརྩིས་པའི་ཉིན་ཞག་ཧ་ཅང་རིང་བོ་འགོར་བའི་ཉི་མ་དེ་ལ། ང་རང་ཁང་པ་དམར་པོ་ཀྲོང་ངེ་བ་དེའི་མདུན་ནས་རས་ཐུམ་འདི་ཁོ་མོའི་ལག་ལ་བཞགས།
ཁོ་མོའི་འཁོར་ཏུ་ཚ་བུ་དང་ཚ་མོ་རྣམས་མེ་ཏོག་ལྟར་བཞད།
  དེ་ནི།དུས་རབས་འདིའི་ལེགས་སྐྱེས་ཆེས་ཡག་ཤོས་སུ་སྣང་།

                                         ༢༠༡༤.༡༢

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁང་ཤག་དྲུག་པ་ལས་ཐར་བ།

2015-03-11 ཨ་སྒང་ཡར་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།