གཞོན་ནུ་དགྲ་འདུལ།

  ཨ་མྱེས་བཙོན་ཁང་ནས་ཕྱིར་ལོག་རྗེས། ཁོང་གིས་མཚན་མོ་རེ་རེར་ང་ལ་གནའ་གཏམ་རེ་བཤད་མྱོང་།
  ང་རང་ལོ་ན་ཧ་ཅང་ཆུང་དུས་ཀྱི་ཉིན་ཞིག་གི་མཚན་མོར། ང་རང་ཨ་མྱེས་ཀྱི་རུམ་དུ་ཉལ་ཏེ་གཉིད་མ་ཁུགས་པར་པྲ་ཚགས་བྱས་ནས་སྡོད་སྐབས། ཨ་མྱེས་ཀྱིས་ངའི་མགོ་ལ་བྱིལ་བྱིལ་གཏོང་ཞོར། ཁ་ང་སར་འཁོར་ཏེ་ང་ལ་བཤད་རྒྱུར།
  ཨ་མྱེས་ཀྱིས་བཤད་ན།“ རང་དབང་ལ་ཆག་འཇིག་ཐེབས་ཐེངས་མང་པའི་ལོ་ཞིག་གི་སྟོན་ཀར། སྐེད་ལ་གྲི་དང་མེ་མདའ་བཏེགས་ཅིང་ལུས་པོ་ཤིན་ཏུ་རྒྱགས་པའི་སྐྱ་མི་བཅུ་གཉིས་འབྲོང་ཆུ་བརྒལ་ནས་བར་མཐའ་སྡེ་འདབས་སུ་ཐོན། ཉིན་དེའི་ས་རུབ་ཁར། སྐྱ་མི་ཚོས་སྡེ་འདབས་ནས་མེ་སྒོང་བརྒྱབ་ཏེ་བསྡད་ཅིང་། དེ་ནས་ལུག་ཤ་རློན་པ་མང་བོ་མེ་ལ་བསྲེགས་ནས་ཡིད་ཚིམ་པ་ཞིག་ཟོས་རྗེས། དགོང་མོ་དེར། སྐྱ་མི་ཚོས་བར་མཐའ་སྡེ་བའི་བུད་མེད་གསུམ་དང་བྱིས་པ་ཆུང་ཆུང་བཞི་འཕྲོགས་ཏེ་རྟ་གོང་ལ་བཞག་ནས་བྲོས་སོང་ཞིང་། ཕྱི་ཉིན་ནམ་མ་ལངས་གོང་། སྡེ་བ་ཕན་ཚུན་ཡོངས་ལ་བརྡ་བརྒྱབ་ཏེ་སྡེ་བའི་ཕོ་གཞོན་ཚོས་དམག་དཔུང་བསྒྲིགས་ནས་ཉིན་གསུམ་གྱི་རིང་ཕྱོགས་ཡར་མར་དུ་ར་མདའ་ལ་བརྒྱུགས་མོད། སྐྱ་མི་དེ་ཚོའི་གྲིབ་མ་ཙམ་ཡང་མ་རྙེད་ཟེར།”
  ཨ་མྱེས་ཀྱིས་དེ་ལྟར་བཤད་པ་ན། ངས་མིག་ཟུང་རིག་རིག་བྱས་ཏེ་མཚར་ཉམས་ཀྱིས་ཨ་མྱེས་ཀྱི་གདོང་ལ་ཞིབ་ལྟ་ཞིག་བྱས་ཤིང་། ངའི་སེམས་སུ་དོ་དགོང་གི་གནའ་གཏམ་  འདི་ནི་ནམ་རྒྱུན་བཤད་པའི་གནའ་གཏམ་དང་གཏན་ནས་མི་འདྲ་ཨང་བསམ་སོང་།
  དེ་ནས། ཨ་མྱེས་ཀྱིས་མུ་མཐུད་དུ་ང་ལ“
  གཅེས་ཕྲུག གཞུག་ཕྱོགས་ཁྱིམ་མཚེས་ཚང་གི་བུ་དགྲ་འདུལ་ལ་རྩེད་གྲོགས་ཁྱོད་ཚོས་དྭ་ཕྲུག་ཅེས་མ་འབོད། ཁོ་ངོ་མ་སྙིང་རྗེ་ཞིག་རེད། སྔོན་ཆད་ཀྱི་དོན་དག་མང་པོ་ཞིག་ཁྱོད་ཀྱིས་ད་དུང་ཧ་གོ་ནི་མ་རེད། ལོ་དེར་སྐྱ་མི་དེ་ཚོས་འཕྲོགས་སོང་བའི་བུད་མེད་གསུམ་པོ་དང་བྱིས་པ་བཞི་བོའི་གྲལ་དུ་དགྲ་འདུལ་དང་ཁོའི་ཨ་མ་ཡང་ཡོད་ནི་རེད། སྐབས་དེར། དགྲ་འདུལ་གྱི་ཨ་མས་དགྲ་འདུལ་སྐྱེས་ཏེ་ཟླ་བ་དྲུག་ཙམ་མ་གཏོགས་འགོར་ཡོད་ནི་མ་རེད། དེ་བས། སྐབས་དེའི་དོན་དག་དགྲ་འདུལ་གྱིས་གང་ཡང་ཤེས་མི་སྲིད། དེ་དུས་ཁྱོད་ཀྱང་སྐྱེས་ཏེ་ཟླ་བ་འགའ་ཤས་ལས་ལོན་ཡོད་ནི་མ་རེད་ཟེར།”དེ་ལྟར་བཤད་པ་ན། ང་རང་ཡ་མཚན་དང་བཅས་ཨ་མྱེས་ལ“ ཨ་མྱེས། དེས་ན། དེས་ན་དགྲ་འདུལ་གྱི་ཨ་མ་དང་ཁོ་གཉིས་ཀ་སྔོན་ཆད་ཅིག་ལ་མི་ངན་པས་འཕྲོགས་སོང་ན། དགྲ་འདུལ་ཁོ་ད་ལྟ་ཇི་ལྟར་ཡོད་པ་རེད། དེས་ན་ཁོའི་ཨ་མ་གང་དུ་ཡོད་ནི་རེད།”ཅེས་དྲིས་རྗེས། རིག་པ་བསྒྲིམས་ཏེ་ཨ་མྱེས་ལ་ཉན་ནས་བསྡད་པ་ཡིན།
  མཚན་མོ་དེ་ནི་ནམ་རྒྱུན་དང་མི་འདྲ་བའི་མཚན་མོ་ཞིག་སྟེ། མཚན་མོ་དེར་ངའི་བྱིས་བློ་ཡི་ལྷིང་འཇགས་ཡོད་ཚད་ཨ་མྱེས་ཀྱིས་བཤད་པའི་གནའ་གཏམ་གྱིས་དཀྲོགས་སོང་ལ། ངའི་ཆུང་གྲོགས་དགྲ་འདུལ་གྱི་ངེས་ལ་མ་ངེས་པའི་ལས་དབང་གིས་ངའི་མཚན་མོ་དེའི་རྨི་ལམ་ཞིམ་པོ་རྨང་ནས་འཕྲོགས་སོང་།
  ཨ་མྱེས་ཀྱིས་ཁ་མུར་མུར་བྱེད་ཀྱིན་དུ་ང་ལ“ བུད་མེད་དང་བྱིས་པ་ཆ་བོ་བོར་རྗེས། སྡེ་བའི་གཞུང་གིས་བླ་མ་དང་རྩིས་པ་སོགས་ལ་མོ་རྩིས་ལུང་བསྟན་དང་། ཐབས་སྣ་ཚོགས་བཏོན་ཏེ་ཕྱོགས་ཡར་མར་ལ་རྩད་གཅོད་གང་མང་བྱས་མོད། སྐབས་འཕྲལ་དུ་མཇུག་འབྲས་གང་ཡང་མ་ཐོན་པ་རེད། གཞུག་ནས་དོན་དག་གི་མགོ་སྔ་ཡོངས་རྫོགས་ཤེས་དུས། ཉིན་དེར་སྡེ་འདབས་སུ་འཁོར་བའི་སྐྱ་མི་དེ་ཚོ་ནི་བལྟས་ཚོད་ཀྱིས་ཇག་པ་དང་འདྲ་མོད། དོན་དུ་ཁོ་ཚོ་ནི་སྐབས་དེར་མཚོ་སྔོན་དང་ཀན་སུའུ་ཡི་ས་མཚམས་སྲུང་བའི་དམག་སྡེ་ཞིག་གི་དམག་དཔུང་རེད། བར་མཐའ་སྡེ་བ་ནི་ཀན་སུའུ་ཡི་སའི་ཁོངས་སུ་གཏོགས་ཤིང་། མཚོ་སྔོན་གྱི་རྐང་ཚ་དང་འདབས་འབྲེལ་ནས་ཡོད་པས། དམག་དཔུང་དེས་བཙན་གནོན་འདྲ་མིན་བྱས་མྱོང་ཡོད་པ་རེད།དེ་བཞིན་དུ། དགྲ་འདུལ་གྱི་ཨ་མ་དང་བུད་མེད་གཞན་པ་གཉིས་ལ་སྐྱ་མི་ཇག་པ་ཚོས་བརྙས་བཅོས་རྣམ་པ་སྣ་ཚོགས་བྱས་པ་ནི། ཁོ་ཚོས་རེས་མོས་སུ་བཙན་གཡེམ་བྱེད་པ་དང་། མཚན་མའི་ནང་དུ་རྫས་འགྱུར་གྱི་དངོས་པོ་འདྲ་མིན་བླུགས་པ། ངོ་ལ་ཟོག་གི་ལྕི་བ་སྦྱར་བ། མགོ་ནས་མནན་ཏེ་ལུས་ལ་ཞོན་པ་སོགས་སྡུག་ལས་གང་མང་བཏང་ཤིང་། དེ་རྗེས་བུད་མེད་གཉིས་དང་བྱིས་པ་གསུམ་རྒྱ་ནག་ཤར་ཕྱོགས་ཀྱི་མཚོ་རྒྱུད་གྲོང་ཁྱེར་ཞིག་ཏུ་བཙོངས་པར་བཤད་ཅིང་། དགྲ་འདུལ་གྱི་ཨ་མར་མནར་གཅོད་དྲགས་པོ་ཐེབས་ཡོད་རྐྱེན། མ་བུ་གཉིས་ཀ་གྲོག་རོང་ཞིག་ཏུ་བསྐྱུར་ཞིང་། མ་འགྱངས་པར་དགྲ་འདུལ་གྱི་ཨ་མ་གྲོག་རོང་དེ་རུ་ཚེ་ལས་འདས། མ་བུ་གཉིས་ཀ་དེ་ལྟར་ལུས་འདུག་པ་དེ་གའི་ས་གནས་ཀྱི་འབྲོག་པ་ཞིག་གིས་མཐོང་དུས། ཨ་མ་ཤི་ནས་བེམ་པོ་འཁྱགས་འདུག་ལ། ཡིན་ནའང་། སྐྱེས་ཏེ་ཡུན་རིང་ལོན་མེད་པའི་ཤིན་ཏུ་ཆུང་བའི་བུ་ཆུང་གིས་ད་དུང་ཨ་མའི་ནུ་མ་འཇིབས་ཀྱིན་འདུག དེ་ནས། འབྲོག་པ་དེས་འཆི་ལ་ཉེ་བའི་བུ་ཆུང་དེ་བསྐྱབས་ནས་ཁྱིམ་ལ་འཁྱེར་ཞིང་། མཐར་ཕ་ཡུལ་རྩད་ཆོད་དེ་རང་ཁྱིམ་དུ་བླངས་པ་རེད། བྱིས་པ་དེ་ནི་ད་ལྟའི་དགྲ་འདུལ་རེད། དགྲ་འདུལ་ནི་བླ་བྲང་དགོན་པའི་བླ་ཆེན་ཞིག་གིས་ཁོ་ལ་མིང་དུ་བཏགས་པ་ཡིན་ནི་རེད་ཟེར།”
  རྒྱུ་རྐྱེན་དེ་དག་གིས་མི་སེམས་དཀྲུགས་ཏེ་དོན་དག་གི་ཁ་ཕྱེས་པས། སྡེ་བའི་སྡེ་དམངས་ཡོངས་ལ་སེམས་ཚེགས་དང་སྔངས་སྐྲག་ཚད་མེད་ཅིག་བསྐྲད། དེ་ལྟར། དགྲ་ནམ་ཡོང་ལ་ཆ་མཚལ་ཞིང་། དོན་དག་དེ་རྒན་གཞོན་ཚང་མའི་སེམས་ནད་ཅིག་ཏུ་གྱུར ། ལྷག་པར་དུ་ཁྱིམ་མི་ཚོ་སྡུག་གིས་མནན་ཏེ་ཅི་ཡིན་མེད་པར་བཏང་བ་མ་ཟད། དགྲ་འདུལ་གྱི་ཨ་ཕ་འདས་པོ་ཡང་དགྲ་འདུལ་ཆུང་དུས་སུ་དོན་དག་དེའི་ཆེད་དུ་སེམས་ནད་ཀྱིས་བཟུང་སྟེ་ཉིན་མཚན་ལ་དབྱེ་བ་མེད་པར་ཆང་བག་མེད་དུ་འཐུང་ཞིང་། ལས་ཀ་གང་ལ་ཡང་མི་འཇོན་པ་ཞིག་ཏུ་གྱུར་བར་བརྟེན། དགྲ་འདུལ་ལོ་དྲུག་གི་ཐོག་ཁོའི་ཨ་ཕས་ཆང་སྐྱོན་ཕུད་དེ་ཚེ་ལས་འདས་པ་རེད།
  ལོ་ཟླ་ནི་དེ་ལྟར་འདས་ཤིང་། ངའི་ལས་དབང་གི་དམུ་ཐག་འདྲ་བའི་བསང་ཆུ་གཉིད་དུ་ཡུར་བའི་དགུན་ཟླ་བཅུ་གཉིས་པའི་དུས་ཚིགས་འདིར། ངས་འདི་ལྟར་འཁྲེང་སེམས་འཁུར་ཏེ་བསང་ཆུ་ལ་བཅར་ན། ཡིད་ཀྱི་འཆར་སྒོ་ནི་དྲན་པ་བརྐུ་བའི་འདས་སོང་གི་མི་རྟག་པ་ཡིས་བསླུས་འགྲོ ད་ལྟ་ངའི་ཨ་མྱེས་ང་དང་གྱེས་ཏེ་མ་ཚིམས་པར་ལོ་ངོ་དྲུག་འགོར་ཚར་ཞིང་། ཨ་མྱེས་ལ་ཕོག་པའི་གློ་བུར་བའི་འཆི་བདག་གི་ཞགས་པ་དེས་ངའི་སེམས་ཁམས་སུ་རྟག་ཏུ་ཡལ་རྒྱུ་མེད་པའི་ཁེར་རྐྱང་གི་ངོས་ཤིག་བསྐྲུན། ཨ་མྱེས་ཀྱིས་བཞག་པའི་བག་ཆགས་ནི་ངའི་སེམས་ཀྱི་གཏིང་རུམ་དུ་སིམས་ཡོད་ལ། ད་ལྟའི་ལུས་པོའི་འདུ་བྱེད་གང་ལ་ཡང་ཆུང་དུས་ཀྱི་ཤུགས་རྐྱེན་ཐེབས་ཡོད་སྲིད།
ང་ལ་མཚོན་ན། ཨ་མྱེས་ནི་རང་ཉིད་ལ་ཤ་ཚ་ཞིང་སྙིང་ཉེ་བའི་ཨ་མྱེས་ཤིག་ཡིན་པ་མ་ཟད། ཁོང་ནི་བསློག་མི་ཚར་བའི་གཏམ་རྒྱུད་ཀྱི་མཛོད་ཅིག་ཡིན་ཞིང་། ཁོང་གི་སྐད་ཆ་དང་བྱ་བྱེད་གང་ལས་ཀྱང་འཇིག་རྟེན་རྙིང་བ་དང་། ང་བཅུ་ང་བརྒྱད་ལོ་མཚོན་ཐུབ །
  ད་དུང་ངའི་ཆུང་གྲོགས་དགྲ་འདུལ། སྤྱིར་དགྲ་འདུལ་ནི་གཤིས་ཀ་འཇམ་ཞིང་སེམས་རྩ་དཀར་བའི་མི་ཡ་རབས་ཤིག་ཡིན། ཡིན་ནའང་། ལོ་གསུམ་གྱི་ཡར་སྔོན་དུ་ཁོས་མཐོ་འབྲིང་ལ་རྒྱུགས་མ་འཕྲོད་པས། ཁོ་རང་གཉོར་བའི་དྲིན་ཅན་གྱི་ཨ་ནེས་དགྲ་འདུལ་དགོན་པར་བསྐྱལ། དགོན་པ་ནས་ལོ་གཅིག་དང་ཕྱེད་ཀ་ཙམ་འགོར་བའི་འཕྲོར། ཁོ་རང་གྲྭ་བ་གཞན་གཉིས་དང་འགྲོགས་ཏེ་སྟོད་ཉི་མ་ལྷ་སའི་ཕྱོགས་སུ་བྲོས་ཤིང་། དེ་ནས་ཉིན་མཚན་མཐུད་དེ་རྒྱ་གར་ཕྱོགས་སུ་འབྲོ་བའི་ལམ་བར་དུ་ཆོམ་པོའི་མེ་མདའི་ཁ་རུ་ལྷུང་།
  དེ་ལྟར ། ཆུང་གྲོགས་དགྲ་འདུལ་གྱི་ཡ་ང་བའི་སྐྱེ་འཆིའི་སྡུག་བསྔལ་དེས། ང་རང་མཚམས་ཚིགས་མེད་པར་ཕྱིར་དྲན་གྱི་འོབས་སུ་འདྲུད་ཅིང་། ངའི་གདོང་ན་སྨེ་བ་ནག་པོ་ཞིག་ཐོགས་ཡོད་པ་ལ་དགྲ་འདུལ་ཕུར་ཕུར་བྱེད་རྒྱུར་དགའ་བའི་དོན་དེ་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད།

                                                                         2015/2/4རྒན་གྱ། 
 
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞོན་ནུ་དགྲ་འདུལ།

2015-11-27 དམག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།