མིང་ཡིག་ནག་པོ།

  ཁོ་མོའི་མིང་ལ་ཅི་ཟེར་བ་དང་ཕ་ཡུལ་གང་ནས་ཡིན་པ་ང་ལ་གསལ་ཆ་ཅི་ཡང་མེད།ཁོ་མོས་རྒྱུན་དུ་མགོ་ལ་ཞྭ་ནག་པོ་ཞིག་གྱོན་པ་དང་གདོང་ལ་ཁ་ཐུམ་ནག་པོ་ཞིག་བརྒྱབ་ཡོད་པས།ལོ་ངོ་གསུམ་གྱི་རིང་ལ་ངས་ཁོ་མོའི་གདོང་གི་བྱད་དབྱིབས་ཅི་འདྲ་ཞིག་ཡིན་པ་གཏན་ནས་མཐོང་མ་མྱོང་།དེ་བས་ང་ལ་མཚོན་ན་ཁོ་མོ་ནི་གབ་ཚིགས་ཤིག་ཡིན། ཡང་ན། ཁོ་མོ་ནི་བསྡུས་བརྗོད་ཀྱི་སྙན་ངག་ཅིག་རེད།གང་ལྟར་ཁོ་མོ་མཐོང་བ་ནས་བཟུང་། ང་རང་སྙན་ངག་ལ་སྤྲོ་བ་མེད་མཁན་ཞིག་ཏུ་གྱུར།ཡང་ན།སྙན་ངག་བཀླག་འདོད་མེད་མཁན་ཞིག་ཏུ་གྱུར།དེ་ནི་ངའི་མི་ཚེའི་སྟེང་གི་འགྱུར་བ་ཆེ་ཤོས་ཤིག་རེད།སྔོན་ ཆད་ཡིན་ན་ང་རང་སྙན་ངག་འབྲི་བའི་དགའ་ཕྱོགས་དེའི་ཆེད་དུ་ཁེར་རྐྱང་གི་མཚན་ལམ་མང་པོ་ཕྲེད་ཀྱིས་བཅད་མྱོང་ལ།སྙན་ངག་བཀླགས་པའི་གོམས་གཤིས་ཤུགས་དྲགས་པས་བསླབ་གཞི་གཞན་ལ་སྤྲོ་བ་མེད་པར་གྱུར་ཏེ།དགེ་རྒན་གྱིས་གཅར་རྡུང་བྱས་པའང་ཐེངས་གཅིག་ག་ལ་ཡིན། དེ་ལས་ཀྱང་སློབ་གྲྭའི་རྒྱུགས་ཆེན་ཞིག་གི་སྐབས་སུ་ངས་གྲངས་རིག་རྒྱུགས་ཤོག་ངོས་སུ《ཆང་དམ་དམར་བོ》ཞེས་པའི་སྙན་ངག་ཅིག་བྲིས་རྗེས་གཞན་ཅི་ཡང་མ་བྲིས་ལ། འབྲི་ཡང་མ་ཤེས་པར་རྒྱུགས་ཤོག་ཡར་སྤྲད་པས། སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་སྐྱོན་བརྗོད་ཚབ་ཆེན་བྱས་ལ།སློབ་གྲྭ་ནས་ཐེངས་འགར་རྒྱང་ཕུད་གཏོང་གྲབས་ཀྱང་བྱས་མོད།ངས་རང་གི་ཚེ་སྲོག་ལྟ་བུའི་སྙན་ངག་བོར་མ་མྱོང་།ངའི་རང་གི་རྨི་ལམ་ལྟ་བུའི་སྙན་ངག་བོར་མ་མྱོང་། གང་ལྟར། ད་ནི་ཡོད་ཚད་འགྱུར་སོང་།ཁོ་མོ་མཐོང་བ་ནས་འགྱུར་སོང་། སྐབས་དེ་ནས་བཟུང་ངའི་འཇིག་རྟེན་བླ་འོག་བརྗེས་སོང་།ངོ་མ་རེད།ཁོ་མོའི་གདོང་གི་བྱད་དབྱིབས་ལ་བློས་བསླངས་བྱེད་རྒྱུ་ནི་འཆར་ཡན་གྱི་སྙན་ངག་ཅིག་བྲིས་པ་ལས་ཀྱང་དོན་སྙིང་ལྡན།འཇིག་རྟེན་འདིར་དེ་ལས་ལྷག་ པའི་དོན་སྙིང་ཅན་གྱི་བྱ་བ་ཞིག་གང་ན་ཡོད།དེ་བས་དུས་དེ་ནས་བཟུང་ངས་སྙན་ངག་འབྲི་བའི་དུས་ཚོད་ཡོད་ཚད་དེ་ལ་འདའ་བར་བྱས། ཁོ་མོ་ནི་ངས་སློབ་ཆེན་ནས་ཆེས་ཐོག་མར་མཐོང་བའི་བུ་མོ་དེ་ཡིན། དེ་ནི་སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དགུ་བའི་ཚེས་བཅོ་ལྔའི་ཉིན་རེད།ཉིན་དེའི་གནས་ཚུལ་ཡོད་ཚད་བརྙན་རིས་ཕབ་པ་ཇི་བཞིན་ད་དུང་ཡང་ངའི་བློ་ངོར་གསལ་ལྷང་ངེར་འདུག

  ཉིན་དེར་གྲོང་ཁྱེར་འདིའི་གནམ་གཤིས་ཤིན་ཏུ་དྲོ་བས།ས་གནས་འདི་ཡི་མི་རྣམས་ཀྱིས་གོས་སྲབ་མོ་རྐྱང་རྐྱང་གྱོན་འདུག་ལ།རྒྱ་མོ་དག་གིས་གསང་གནས་དང་ནུ་འབུར་ཐུམ་བྱེད་ཙམ་ལས་ཅི་ཡང་གྱོན་མི་འདུག་པས།གྲོང་ཁྱེར་དུ་ཐོག་དང་པོ་ཐོན་པའི་ང་དང་ང་ལྟ་བུའི་སློབ་གྲོགས་དག་དང་པོར་ཁ་སྐྱེངས་ཞིང་བར་དུ་འདོད་པའི་སྤུ་ལོང་གཡོ་བར་བྱེད།ཉིན་དེར་ཁོ་མོས་ཨང་སྒམ་ནག་པོ་ཞིག་དྲུད་ཅིང་།རྒྱབ་ཏུ་ཁུག་མ་ནག་པོ་ཞིག་ཁུར།  སྟོད་ལྭ་ནག་པོའི་འོག་ཏུ་རྐང་སྣམ་ནག་པོ་ཕྲ་ལ་རིང་བ་ཞིག་གྱོན་ནས་སློབ་གྲྭའི་སྒོ་ཆེན་དུ་མངོན་བྱུང་།མི་ཚོགས་ཀྱི་འདུ་འཛིའི་བར་ནས་ཁོ་མོའི་ཆ་ལུགས་ཡོད་ཚད་དམིགས་བསལ་གྱིས་ལྷང་ལ་བུད་འདུག  གྱོན་པ་མཐུག་པོ་གྱོན་ཚུལ་སོགས་རྣམ་པ་གང་ལ་བལྟས་ཀྱང་གྲོང་ཁྱེར་གྱི་མི་ཞིག་མིན་པ་བལྟས་ཚོས་ཀྱིས་ཤེས་ནུས།ཁོ་མོས་དེ་རིང་གི་ནམ་ཟླའི་དྲོད་ཚད་འདི་འདྲ་མཐོ་བ་མ་ཚོར་བ་ཡིན་ནམ། ཡང་ན་ལོབས་ཕྱོགས་ཤིག་གིས་ཡིན།གང་ལྟར་ཁོ་མོའི་མགོ་ལ་ཞྭ་མོ་ནག་ལྡིང་ཞིག་གྱོན་ཞིང་།གདོང་ལ་ཁ་ཐུམ་མཐུག་པོ་ཞིག་བརྒྱབ་འདུག ཕར་བལྟས་ཚོད་ཀྱིས་ཁོ་མོའི་མཐོང་ཐུབ་པའི་གདོང་གི་ཆ་ཤས་ཡོད་ཚད་རྔུལ་ཆུས་བརླན་འདུག ཡིན་ན་ཡང་། མོས་ཅི་ཡང་ཚོར་གྱིན་མེད་པ་འདྲ།ང་རང་གམ་དུ་བཅར་ནས་རོགས་ཤིག་བྱེད་བསམ་པ་ཡིན་མོད།ཁོ་མོས་རོགས་བྱེད་དུ་མི་འཇུག་པར་མ་ཟད།ཨ་ལན་ཞིག་ཀྱང་མི་སྦྱིན་པར་ང་ལ་བཤོལ་ནས་འགྲོ།དུས་དེ་ནས་བཟུང་ངས་མོ་ལ་དོ་སྣང་བྱེད་འགོ་ཚུགས་པ་ཡིན།ཁོ་མོ་ནི་སྨྲ་བ་ཤིན་ཏུ་ཉུང་བའི་བུ་མོ་ཞིག་གམ།ཡང་ན་གཏན་ནས་སྨྲ་མི་ཤེས་པའི་བུ་མོ་ལྐུགས་པ་ཞིག་རེད།དེ་བཞིན་དུ་མོ་ནི་གྲོགས་པོ་གཅིག་ཀྱང་མེད་པའི་ཁེར་རྐྱང་གི་བུ་མོ་ཞིག་རེད།ཁོ་མོ་རྒྱུན་དུ་སློབ་གྲྭའི་རྭ་སྐོར་ཀུན་ཏུ་ཁེར་རྐྱང་གིས་བགྲོད་ལ།ཟས་ཟ་རོགས་དང་རྩེད་མོ་རྩེད་རོགས་ཡང་མེད།དེ་ལས་ཀྱང་ཡ་མཚན་དགོས་པ་ཞིག་ལ།ཁོ་མོས་སློབ་ཐུན་སྐབས་སུ་ཡང་ཞྭ་གྱོན་པ་དང་ཁ་ཐུམ་བརྒྱབ་པར་བྱེད།བྱེད་སྟངས་དེར་དགེ་སློབ་ཀུན་ཀྱང་ལྟ་ཚུལ་ཡོད་པ་འདྲ།དགེ་རྒན་འགས་ཐེངས་མ་འགའ་རེར་སློབ་ཐུན་སྐབས་སུ་ཞྭ་གྱོན་པ་དང་ཁ་ཐུམ་བརྒྱབ་པ་ནི་དགེ་རྒན་ལ་མ་གུས་པའི་བྱ་སྤྱོད་ཡིན་ཚུལ་སོགས་སྔོན་ཕྱོན་མཁས་པའི་ལུང་དང་དགེ་རྒན་རང་རང་གི་རིག་པའི་ལམ་ནས་བདེན་ཅོག་ཅོག་གི་སྐད་ཆ་ཅི་ཙམ་བཤད་ཀྱང་།ཁོ་མོ་ལ་གཡོ་འགུལ་ཅུང་ཙམ་ཡང་མ་ཐེབས།དེ་ལས་ཀྱང་ཚབ་ཆེ་ཤོས་ཤིག་ནི་ཁོ་མོས་དགེ་རྒན་གཅིག་གི་དྲི་བར་ཡང་ལན་མི་འདེབས་པ་དེ་རེད།དགེ་རྒན་གྱི་དྲི་བ་དྲིས་ཚེ་ཁོ་མོ་ཀྲོང་ངེར་ལངས་ནས་མིག་འཛུམ་ཙམ་ཡང་མི་བྱེད་པར་ལྐུགས་པའི་ཚུལ་གྱིས་འདུག དེ་བས་ཁོ་མོ་ནི་སློབ་གླིང་འདིའི་གསར་འགྱུར་ཆེ་ཤོས་ཤིག་ཏུ་གྱུར།ཁོ་མོ་གླེང་མཁན་ཤིན་ཏུ་མང་ལ་གླེང་ཕྱོགས་ཀྱང་འདྲ་མིན་སྣ་ཚོགས་ཡོད་དེ།ཁ་ཅིག་ན་རེ།ཁོ་མོ་ནི་ལྐུགས་པ་ཞིག་རེད།ཁོ་མོ་ཆུང་དུས་མཛེས་སྡུག་རབ་ཏུ་འབར་བའི་བུ་མོ་ཡག་མ་ཞིག་ཡིན་མོད།ཐེངས་ཤིག་ཁོ་མོས་ཕ་ཡུལ་གྱི་ཆུ་མགོ་ཞིག་གི་ནང་དུ་གཅིན་བཏང་བས་ཀླུས་གནོད་པ་བྱས་ཏེ།ཁོ་མོའི་ངག་ལྐུགས་སོང་བ་རེད་ཟེར།ཡང་ཁ་ཅིག་གིས་ཁོ་མོ་ལྐུགས་པ་མིན་མོད།ཐེངས་ཤིག་ཁོ་མོ་ལུག་རྫིར་སོང་ནས་རི་མགོར་གཉིད་ཤོར་སོང་།རི་མགོ་དེ་ཤིན་ཏུ་གཉན་ས་ཞིག་ཡིན་པས་ཁོ་མོའི་གདོང་ཡོངས“གཡན་ནེ་གཡོན་ནེ”ཞིག་ཏུ་གྱུར་སོང་ཟེར་།ཡང་ཁ་ཅིག་གིས་ཉིན་ཞིག་གི་མཚན་མོར་ཁོ་མོ་བཙན་གྱིས་ཁྱེར་སོང་སྟེ།སྡིག་པ་ར་ཙ་དང་རྡོ་དཀར་ཟ་རུ་བཅུག སྐབས་དེར་ཁོ་མོས་ངོ་རྒོལ་བྱས་པས་བཙན་གྱིས་ཁོ་མོ་གཅར་རྡུང་བྱས་ཏེ་ཁོ་མོའི་གདོང་ཡོངས་རྨ་ཤུལ་གྱི་ཁེངས་ཡོད།དེ་བས་ཁོ་མོས་རང་གི་གནས་ཚུལ་དག་གཞན་ལ་ཤེས་སུ་འཇུག་མ་འདོད་པར།སློབ་གྲྭར་རེ་བ་ཞུས་ཏེ། སློབ་གྲྭས་ཀྱང་ཁོ་མོའི་རེ་བ་ཇི་བཞིན་མོའི་ཡིག་ཚགས་དག་གཞན་ལ་མི་བསྒྲགས་རྒྱུ་ཁས་བླངས་ཡོད་ཟེར།དེ་ལྟའི་བཤད་ཚུལ་རྣམ་པ་སྣ་ཚོགས་ཤིག་སློབ་གླིང་གི་རྭ་སྐོར་ཀུན་ཏུ་ཁྱབ་འདུག་མོད། ཡིད་ཆེས་ཆོག་ཆོག་གི་བདེན་དཔང་ཞིག་སུ་ལའང་མེད་པ་འདྲ།གང་ལྟར་ང་ལ་མཚོན་ན་ལོ་ངོ་འདི་དག་གི་རིང་ཁོ་མོའི་གདོང་གི་བྱད་དབྱིངས་ཅི་འདྲ་ཞིག་ཡིན་པ་བློས་བསླངས་བྱེད་རྒྱུ་ནི་སེམས་ཀྱི་ལོངས་སྤྱོད་ཅིག་ཏུ་ཆགས་ཡོད། དེ་བས་ང་ལྐོག་ལྐོག་སུད་སུད་ཀྱིས་ཁོ་མོའི་རྗེས་སུ་འབྲངས་ནས་ལོ་ངོ་གསུམ་ཙམ་འདས། གསང་བ་དེའི་ཆེད་དུ་ང་ཡང་ཁེར་རྐྱང་གི་མི་ཞིག་ཏུ་ཆགས།ཡིན་ན་ཡང་།གསང་བ་དེའི་མཐིལ་ནི་གཏོར་ཐབས་གཏན་ནས་མ་བྱུང་།འོན་ཀྱང་སློབ་གྲོགས་གཞན་དང་བསྡུར་ན་ང་ནི་མོ་ལ་གསལ་ཆ་ཤིན་ཏུ་ཆེ་སྟེ། ཁོ་མོ་རྒྱུན་དུ་སློབ་གླིང་འདིའི་ཆེས་སྔ་ཤོས་ཀྱི་སློབ་མ་གཅིག་པུ་ཡིན་ལ།ཁོ་མོས་ཟས་ཟ་དུས་ཟས་ཚོམ་ཁང་དུ་མི་ཟ་བར།སློང་ཁང་སྟོང་བ་དང་རྒྱུན་དུ་སློབ་མ་མེད་པའི་གསང་གནས་གང་རུང་དུ་ཟ་བ་དང་།ས་སྲོད་རེ་རེ་སློབ་གྲྭའི་རྒྱབ་རིར་འཛེགས་ནས་མུན་རུབ་སྟེ་ཟླ་འོད་འཆར་བའི་བར་དུ་བློ་འཛིན་བསྐྱར་སྦྱོང་བྱེད་པ་དང་།ཟླ་འོད་ཤར་རྗེས་འབྲི་དེབ་ནག་པོ་ཞིག་བླངས་ཏེ་སྙན་ངག་གམ་ཉིན་ཐོ་གང་རུང་འབྲི་བར་བྱེད།

   དེ་ཡང་ནམ་ཟླ་ཤིན་ཏུ་གྲང་བའི་དགུན་གཞུང་ཞིག་ལ།ཁོ་མོ་རྒྱབ་རིའི་ངོས་ཀྱི་གནས་ཅུང་མཐོ་ཤོས་ཀྱི་སྒང་འབུར་ཞིག་ཏུ་བཙོག་སྟེ།ལག་པ་གཡས་པར་འགྲམ་པར་བསྙེས་ཏེ་ཁི་སིམ་མེར་གནས་འདུག ཟླ་འོད་འོག་ཏུ་ཁོ་མོའི་ལུས་ཀྱི་ཆ་སྤྱད་རེ་རེ་ཤིན་ཏུ་གསལ་ལ།རླུང་དལ་བུར་ལྡང་སྟེ་ཁོ་མོའི་ནག་ཅིང་སྣུམ་པའི་སྐྲའི་ཉག་མ་རེ་རེ་གཡོ་བར་བྱེད།ཁོ་མོའི་ཕྲག་པ་ནས་ཤར་བའི་ཟླ་འོད་ཀྱི་ཟེགས་མ་དག་སིལ་བུར་ཐོར་བའི་སྐྲའི་ཉག་མ་དག་གིས་ལན་རེར་འགེབས་པར་བྱེད་ལ་ལན་རེར་འཆར་བར་བྱེད།རེས་འཆར་རེས་མོག་གི་ཟླ་འོད་དང་ཟླ་འོད་ལ་ཅེར་བའི་ཁོ་མོའི་རྒྱབ་གཟུགས་སོགས་འཆར་ཡན་ལྡན་པའི་སྣུམ་མཚོན་རི་མོ་ཞིག་དང་ཨ་ན་མ་ན་རེད།མཚན་མོ་དེར་ང་རང་ཤིན་ཏུ་ཡང་བའི་ཤོག་སྐྱ་ཞིག་དང་འདྲ་བར་སྒྱུ་རྩལ་གྱི་ཞིང་ཁམས་སུ་རླུང་གིས་དལ་བུར་ཁུར།དུས་དེ་ནས་བཟུང་ངས་མཛེས་སྡུག་འབར་བའི་སྒྱུ་རྩལ་གྱི་སྣང་བརྙན་དེ་མྱོང་རོལ་བྱེད་མ་ཕོད།དེ་ནི་ངས་ཁོ་མོར་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་པ་ཡིན་ལ།ཡང་ན།ང་རང་ཉིད་ལ་རང་དབང་ཞིག་སྦྱིན་པའང་ཅི་ལ་མིན།ལོ་ངོ་གསུམ་དེ་ལྟར་མིག་རྡེབ་དབང་ཙམ་ལ་ཚར་སོང་།སང་ཉིན་ནས་བཟུང་སློབ་གྲོགས་སོ་སོ་སོ་སོའི་ཕ་ཡུལ་དུ་ལོག་དགོས།ཤོག་དཀར་ལྟ་བུའི་དྲི་མའི་མ་གོས་པའི་གསར་བུ་གསར་མོ་འདི་དག་གི་མིག་མདུན་དུ་སྤྱི་ཚོགས་ནི་ཅི་འདྲའི་འཇིགས་གཡེར་བ་ཞིག་དང་རང་ཉིད་ནི་ཅི་འདྲའི་ཉམས་ཆུང་བ་ཞིག་རེད་ཨང་།

  དོ་དགོང་ནི་མཐར་ཕྱིན་དགོང་ཚོགས་ཡིན་པས།དགེ་སློབ་དང་ཕོ་མོ་མཆོག་དམན་མེད་པར་མཉམ་དུ་ཆང་འཐུང་ཆོག་པའི་རང་དབང་གི་ཁོར་ཡུག་ཉམས་དགའ་བ་ཞིག་ཆགས་འདུག ང་ལ་མཚོན་ན་རྒྱུན་དུ་ཆང་འཐུང་བར་གོམས་མེད་ལ།སྔར་གྱི་ བག་ཆགས་ཤིག་གིས་ཡིན་ནམ་ཆང་འཐུང་བར་ཞེད་སྣང་སྐྱེ་བཞིན་ཡོད། ཡིན་ན་ཡང་། དེ་རིང་སློབ་གྲོགས་དག་གིས་ཆང་འཐུང་བར་བསྐུལ་བར་མ་ཟད།དགེ་རྒན་དག་གིས་ཀྱང་མགྲིན་གཅིག་ཏུ་མ་འཐུང་མི་ཆོག་ཚུལ་ལབ་བྱུང་བས།མི་འཐུང་ག་མེད་དུ་གྱུར།“འཐུང་ན་འཐུང་འབྲོང་རྒོད་པོས་རྫ་ཆུ་འཐུང་འཐུང་བྱེད།”ངའི་གམ་གྱི་ང་དང་འདྲ་བར་ཆང་འཐུང་བར་གོམས་མེད་ལ།ཁ་མཚར་རྩེད་རྒྱུ་དགའ་བའི་སློབ་གྲོགས་རྡོ་རྗེས་དེ་ལྟར་ལབ་བཞིན་ང་ལ་ཆང་ཕོར་གཏད་བྱུང་།དེ་དང་འདྲ་བར་རྒྱུན་དུ་སྙན་ངག་འབྲི་རྒྱུར་དགའ་ལ་ཆང་དང་ཐ་མག་སྤྱོད་པར་གོམས་པའི་སློབ་གྲོགས་ཚེ་རིང་གིས“ཆང་མ་འཐུང་ཚེ།སྙན་ངག་འབྲི་རྒྱུ་ག་ལ་ཡོད།ཁྱོས་སྙན་ངག་འབྲི་མི་ཤེས་བ་ནི་ཆང་མ་འཐུང་བའི་སྐྱོན་རེད”ཟེར།

  དེ་ལྟར་སློབ་གྲོགས་རེ་རེས་རང་རང་གི་སྐད་ཆ་ཁྱེར་ཏེ་ཆང་ཕོར་གཏད་པས།ང་དང་ང་ལྟ་བུའི་སློབ་གྲོགས་དག་ར་བཟི་སྟེ།ངུ་བ།བགད་པ།བསྐྱུགས་པ།གླུ་ལེན་པ།བྲོ་འཁྲབ་པ་སོགས་རང་རང་གི་གནས་ན་ཁོམ་གྱི་མི་འདུག ཁོ་མོ་ཁོ་ན་སྒོ་འགྲམ་གྱི་མདུན་ ཅོག་ཅིག་གི་སྣེ་ན་ཁེར་རྐྱང་དུ་ལྷག་འདུགསུས་ཀྱང་ཁ་ཡ་བྱེད་ཀྱིན་མི་འདུག

  ངའི་རྩ་ལམ་ཡོངས་བད་ནས་འདུག་ལ་གློ་བུར་དུ་བསྐྱུག་རྒྱུ་ཞིག་བྱུང་བས་ཁོ་མོ་ཡོད་སའི་ཕྱོགས་དེར་གཏན་ནས་སོང་།ཁོ་མོའི་གམ་དུ་ཐོན་དུས་ང་ཐང་ལ་འགྱེལ་སོང་།དེ་རིང་ཉི་མ་ནུབ་ནས་ཤར་བ་ཡིན་ནམ།ཁོ་མོས་ང་བསྐྱོར་ནས་ཆང་ཁང་གི་ཕྱི་རོལ་དུ་བུད།ངའི་མིག་ལམ་དུ་ཟླ་བ་གཉིས་ཤར་བྱུང་།བལྟས་ཀྱིན་བལྟས་ཀྱིན་ཁོ་མོ་ཡང་གཉིས་རུ་འགྱུར་འགྲོ།ངས“དོ་དགོང་ཟླ་བ་གཉིས་ཤར་འདུག ཟླ་བ་གཅིག་ཁྱོད་ཀྱི་པང་དུ་ལྷུང་འདུག”ཅེས་བཤད་ཀྱང་ཁོ་མོས་མ་གོ་བའི་ཚུལ་གྱིས་ཅི་ཡང་མི་སྨྲ། ཡང་ན་གཏན་ནས་གོ་མེད་ཀྱང་སྲིད།  དེ་ནས་ངའི་དྲན་ལམ་དུ་ཅི་ཡང་མི་འདུག ལམ་དུ་ཇི་ལྟར་ཡོང་བ་ཡང་ཡིད་ན་མི་འདུག

   ངས་དྲན་ལམ་དུ་ཡོད་པ་ནི་སློབ་གྲོགས་རྡོ་རྗེས་ཁ་པར་ཐོན་ནས་དཀྲོགས་དུས།ང་རང་སེང་ལྕམ་འབྲུག་མོ་ཞེས་པའི་མགྲོན་ཁང་ཞིག་ཏུ་གསང་དོར་ཞིག་ཀྱང་གྱོན་མེད་པར་གཅེར་བུར་ཉལ་ནས་ཡོད་པ་དེ་རེད།ད་དུང་དངུལ་གྱི་ལག་གདུབ་ཅིག་ཀྱང་ངའི་སྔས་མགོར་བཞག་འདུག

  ངས་ལྭ་བ་དག་སུས་ཕུད་པ་ཡིན་ནམ། ལག་གདུབ་དེ་ཡང་སུས་ཡིན་ནམ། ངས་དེ་ལྟར་དྲན་བཞིན་འཚབ་འཚུབ་ཏུ་གྱུར་ནས་ཡར་ལངས་བ་ན། ཉེན་རྟོག་པ་ལྔ་དྲུག་ཅིག་གློ་བུར་དུ་ཐོན་ནས་ཅི་ཡིན་འདི་ཡིན་མེད་པར་ངའི་གཡས་གཡོན་ནས་བཟུང་སྟེ“བུ་མོ་དེའི་ཤི་རྐྱེན་ཁྱོད་དང་ཐད་ཀར་དུ་འབྲེལ་བ་ཡོད་པས།ཉེན་རྟོག་ཁང་དུ་འགྲོ་དགོས”ཟེར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

                                                 ༢༠༡༥ལོའི་ཟླ༡༡པའི་ཚེས༢ཉིན་བྲིས།

                                                                                                རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིང་ཡིག་ནག་པོ།

2016-05-05 དུར་སྲི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།