མི་མ་ཡིན།

“དེ་རིང་གི་ཉི་མ་དེ་ཚ་བ་ལ་ཨང་། ཁྱོད་ཀྱིས་ཀྱང་ཨ་རག་ཅུང་ཙམ་ཐུངས་དང་། ལམ་དུ་འགྲོ་དུས་བདེ་སྟངས་ཁག་ཁག་ཡིན་རེད ”

 ང་རང་ཡུལ་ནས་རུ་བའི་སར་འགྲོ་བའི་ལམ་བར་དུ་ང་ཚོ་སྡེ་བའི་རྒད་པོ་ཉག་གཅིག་སྟེ། ཨ་ཁུ་ཆོས་རྒྱལ་གྱིས་ཁོ་ཚང་གི་སྟར་གའི་སྡོང་པོའི་གྲིབ་མ་ན་ཨ་རག་འཐུང་བཞིན་ཡོད་པ་དང་འཕྲད།

ཁོའི་བསླུ་བྲིད་ཅན་གྱི་སྐད་ཆ་དེའི་རྐྱེན་གྱིས་ང་རང་དཀན་གཟར་གྱི་རི་བོའི་ལམ་ཕྲན་ཀྱག་ཀྱོག་དག་བརྒྱུད་སྐབས་ཀྱང་མོ་ཊའི་ནང་དུ་ཉལ་བཞིན་བསྐྱོད་པ་ལྟར་གྱི་སྣང་བ་ཞིག་སྐྱེས་སུ་བཅུག

དེ་རིང་ང་རང་ཅུང་ཙམ་བཟི་སོང་བ་འདྲ་སྟེ། ལུང་པ་ཞིག་གི་ནང་གི་ཟམ་པ་ཞིག་བརྒྱུད་སྐབས་ཨན་ཙམ་མེད་ན་ང་རང་ཆུ་ནང་ལྷུང་སོང་། དེའི་རྐྱེན་གྱིས་ཨ་རག་ཅུང་ཙམ་འཐུང་བ་དེས་ལམ་བར་གྱི་ཚ་བའི་གདུང་བ་མག་མོག་ཏུ་བཏང་མོད། དེ་དང་དེ་བཞིན་ཉེན་ཁ་ཡང་ངེས་ཅན་ཡོད་པའི་ངེས་ཤེས་རྙེད་པ་དང་ཆུ་ཁར་སོང་སྟེ་ཆུ་གྲང་མོས་མགོ་བོ་བཀྲུས་ནས་བཟི་དྭངས་ཅི་ཐུབ་བྱས།

འགྲོ་བཞིན་འགྲོ་བཞིན་སྐྲ་ལོ་རིམ་གྱིས་སྐམ་ལ་རིག་པ་ཡང་ཇེ་དྭངས་ནས་ཇེ་དྭངས་རེད།  

ང་རང་བཟི་ལས་དྭངས་དུས། ལུང་པའི་དཀྱིལ་དུ་ཆུ་བོ་ཤང་ཤང་རྒྱུག་སྟངས། གཡས་ཕྱོགས་ཀྱི་དེའུ་འབུར། ལུང་པའི་དཀྱིལ་གྱི་ལྷས་ར་ནག་པོ་གང་ཅིའི་ཐད་ལ་བལྟས་ན་ང་རང་ཐང་ནུབ་དུ་སླེབས་ཡོད་པ་འདྲ།  ཐང་ནུབ་ནི་ང་ཚོ་སྡེ་བའི་རུ་བ་རྣམས་ཀྱི་དཔྱིད་ས་ཡིན། དཔྱིད་ཀར་ཡུལ་ནས་ས་འདིར་སླེབས་དུས་མཛོ་གཡག་གི་རྭ་རྩལ་འགྲན་པའི་ལྟད་མོ་ཡོད། སྐབས་དེ་དུས་གཡག་ལོ་ན་ཅུང་ཆུང་བ་རྣམས་ཀྱིས་ས་གནས་ཡག་པོ་ཞིག་ལ་རྒྱབ་བརྟེན་ནས་དུས་རྒྱུན་རང་ཉིད་ལ་བརྙས་བཅོས་བྱེད་མཁན་གྱི་གཡག་རྒན་རྣམས་ལ་འགྲན་སློང་བའི་ང་རོ་སྒྲོག་པ་བྱེད། སུ་ཞིག་རྭ་རྩལ་ལས་རྒྱལ་སོང་ན་ལོ་གཅིག་དཔོན་སར་བཟུང་བ་ཡིན་པས་ལོ་གཅིག་གི་ནང་དུ་གསར་དུ་བསྐོས་པའི‘དཔོན་པོ’ལ་ཉམས་དམས་ཅི་བྱུང་ཡང་སུས་ཀྱང་འགྲན་སློང་བ་མི་བྱེད། གཡག་རྒན་གྱིས་འབྲི་དང་མཛོ་མོ་རྣམས་བདག་ཏུ་བྱེད་ཀྱང་གཡག་གཞན་དག་རྣམས་ནི་ཁོང་ཁྲོ་ཁོག་ཏུ་སྦས་ནས་ཕྱི་ལོའི་དཔྱིད་ཀ་བསྒུག་པ་ལས་ཐབས་གཞན་ཟད། རུ་བ་ཞིག་ལ་མཚོན་ན་དེ་དུས་ནི་ཟང་ཟིང་ཆེས་ཆེ་བའི་དུས་སྐབས་ཞིག་རེད།  ད་ལྟ་ནི་དཔྱིད་ཀ་ག་ལ་ཡིན། སྟོན་ཀ་ཚེས་ཟིན་པས་ལུང་པ་འདི་ནི་དུར་ཁྲོད་བཞིན་དུ་འཇམ་ཐིང་ཐིང་།

 ངས་རྒྱུས་མངའ་ཆེ་བའི་ལུང་པ་འདི་མཐོང་དུས། སྙིང་ལ་ཉེ་བའི་མི་ཞིག་མཐོང་བར་ལྟ་བུའི་སྣང་བ་སྐྱེས། ཁལ་མ[1]དང་མིའི་གྲིབ་མ་མེད་པའི་ལུང་པ་འདིའི་གང་སར་ཞིབ་ལྟ་ཞིག་བྱེད་དུས་ས་སྲོས་ཀྱི་རླུང་བུས་བསྐྱོད་བའི་རྩྭ་སྐམ་པོ་དག་གིས་ང་ལ་ལག་གཡུག་བྱེད་བཞིན་འདུག ད་ནི་ཉི་མ་ཡང་ནུབ་རིའི་རྩེ་ནས་ཡལ་ཟིན། དུས་རྒྱུན་དུས་ཚོད་འདིའི་སྐབས་སུ་ངས་མཛོ་མོ་རྣམས་བཞོས་ཟིན་ཞིང་སྦྲ་ནང་དུ་འོ་ཇ་ཚ་མོ་ཕོར་གང་འཐུང་བཞིན་མུན་རུབ་པར་སྒུག་བཞིན་ཡོད་ངེས། གལ་སྲིད་དེ་རིང་ངས་དུག་ཆུ་འདི་བཏུང་མེད་ན་ད་ལྟ་ང་རང་སྟོན་སར་སླེབས་ཡོད་ནའང་ཐང་སྙམ་ཚེ་ངའི་སྙིང་ལ་འཚུབ་ཆ་ཞིག་ལངས་བྱུང་བ་དང“དུག་ཆུ་འདི”ངས་རང་ཉིད་ཀྱི་ཨ་རག་ཅུང་ཟད་འཐུང་བར་དམོད་ཅིང“ཁྱོད་ཀྱིས་ཀྱང་ཨ་རག་ཅུང་ཙམ་ཐུངས་དང་། ལམ་དུ་འགྲོ་དུས་བདེ་སྟངས་ཁག་ཁག་ཡིན་རེད” ཅེས་པའི་ཨ་ཁུ་ཆོས་རྒྱལ་གྱི་སྐད་ཆ་འདི་ལ་འཚིག་པ་ཟ་བྱུང་།

ང་རང་ལུང་པའི་ནང་གི་ཆུ་ཕྲན་གྱི་ཐོག་གི་ཟམ་པ་རྙིང་ཧྲུལ་ཞིག་ཡོད་པ་དེ་བརྒྱུད་ནས་ངེད་ཚང་གི་དཔྱིད་སའི་ལྷས་ཀྱི་ཕྱོགས་སུ་སོང་། ལམ་བར་དུ་རི་མགོའི་ཐང་ཤིང་གི་ནགས་ཚལ་དག་རླུང་གིས་བསྐྱོད་པའི་སྒྲ་འུར་འུར་གྱིས་ང་ལ་མུན་རུབ་ལ་ཉེ་བའི་ཉེན་བརྡ་གཏོང་ཞིང་ལུང་པའི་གཡས་གཡོན་གྱི་བྲག་ལས་སྒྲ་དེ་ཇེ་ཆེར་འཁོར། སྐབས་མཚུངས་སུ་ཐག་རིང་གི་ཡུལ་ལྗོངས་དག་རྨི་ལམ་ནང་གི་ཞིང་ཁམས་བཞིན་མག་མོག་ཏུ་གྱུར་འདུག

དུས་ཚོད་ནི་ཅི་འདྲའི་སྙིང་རྗེ་མེད་པ་ལ། ང་རང་བཟི་ལས་སངས་དུས་སྙིང་ཉེ་བའི་ལུང་པ་འདི་རུ་མུན་པ་རུབ་བྱུང་། འདི་ནས་སྟོན་སའི་བར་ལམ་ཐག་ད་དུང་ཤིན་ཏུ་རིང་ཨང་།

 “གོའོ། གོའོ”

 ལྟས་ངན་འདི་ཅིའི་སྐད་ཡིན་ནམ། ཕ་རིའི་བྲག་ལ་ཡང་བྲག་ཅ་མཆེད། ང་རང་གོམ་པ་ཁ་ཤས་ཤིག་མདུན་དུ་སྤོས་རྗེས“གོའོ། གོའོ”ད་དུང་ཡང་སྐད་བརྒྱབ་བྱུང་། ཞིབ་པར་མཉན་ན་སྐད་འདི་ཏག་ཏག་དེ་ཕོའི་སྐད་རེད། ལུང་བ་འདིའི་ནང་དུ་ད་ལྟ་མི་ཡང་མེད་པས་དེ་ཕོ་ཞིག་གང་ནས་བྱུང་ཨང་། མི་ཡོད་ཀྱང་ལ་ཁར་དེ་ཕོས་ཅི་བྱ། ལ་ཁ་ལ་དེ་ཕོའི་སྐད་ཐོས་པ་ནི་ཐན་ལྟས་བཅོ་བརྒྱད་ཀྱི་ཡ་གྱལ་ཡིན་པ་ངས་ཤེས་དང་ཤེས།

དེ་ནས་ང་རང་ཡར་ཡར་བསྐྱོད་པ་ན། ངེད་ཚང་གི་དཔྱིད་སར་གྱི་ལྷས་སུ་མེ་དམར་ལམ་ལམ་དུ་འབར་བཞིན་པ་མཐོང་། ང་རང་ཡང་མགྱོགས་ཤིག་ཤིག་གིས་དེ་ཕྱོགས་སུ་བསྐྱོད། མུན་རབ་རིབ་ཀྱི་ཁྲོད་དུ་བོད་ཁང་གྲུ་བཞི་ཞིག་མཐོང་བྱུང་། ཁ་སང་ང་རང་ཡུལ་དུ་ལོག་དུས་འདི་ན་ཅི་ཡང་མི་འདུག ད་ལྟ་ཡུལ་ནས་རུ་བ་སར་འགྲོ་དུས་གློ་བུར་དུ་བོད་ཁང་ཞིག་ཐོན་འདུག ཉིན་མོ་གཅིག་གི་རིང་བོད་ཁང་ཞིག་ཅི་ལྟར་བྱུང་བ་ཡིན་ནམ། མེ་དེ་ནི་བོད་ཁང་དེའི་སྒེའུ་ཁུང་ནས་འཕྲོ་བའི་འོད་སྣང་ཡིན་འདུག

 བོད་ཁང་དེ་དང་ཉེ་བར་སླེབས་དུས་བོད་ཁང་དེ་གསར་པ་ཞིག་མ་རེད། རྙིང་པ་ཞིག་རེད། ང་རང་ལམ་ནོར་འདྲ་ཤོར་བ་མིན་ནམ་སྙམ་གྱིན་ཕྱོགས་བཞི་ལ་བལྟ་དུས། བྲག་རི་དང་བྲག་རིའི་སྟེང་གི་ནགས་ཚལ། བྲག་རིའི་འོག་གི་ལྷས་ར་དང་ལྷས་རའི་དཀྱིལ་གྱི་ཤུག་སྡོང་ཆེན་པོ།  མུན་པ་རབ་རིབ་ཅིག་རུབ་ཟིན་ཡང་དེ་ཚོ་ནོར་ཐབས་མེད། ལྷག་པར་དུ་ཤུག་སྡོང་ཆེན་པོ་འདི་དཔྱིད་ཀའི་དུས་སུ་ངེད་ཚང་གི་ཁྱི་རྒྱ་བོ་དེ་བཏགས་ས་ཡིན།

 ང་རང་ལུང་པ་དཀྱིལ་གྱི་ཆུ་ཕྲན་དེ་བརྒལ་རྗེས་ཕ་རོལ་གྱི་ལམ་ཕྲན་བརྒྱུད་ནས་ལྷས་སུ་སོང་། ལྷས་ར་ནི་ངེད་ཚང་གི་ལྷས་ར་བསྙོན་མེད་རེད།

 “ཨ་རོགས། ཨ་རོགས”

  ངས་ཡང་ཡང་དུ་འབོད་པ་ན་བུད་མེད་ཅིག་གིས་སྒེའུ་ཁུང་ནས་མར་བལྟས་བྱུང་། མོས་ཀྱང་ང་ལ་ལད་མོ་བྱས་པ་བཞིན“ཨ་རོགས། ཨ་རོགས”ཟེར། མོ་རང་ད་ལྟ་ཉིད་དུ་མལ་ལས་སད་པ་འདྲ། སྒེའུ་ཁུང་ནས་འཕྲོ་བའི་འོད་སྣང་གི་ཁྲོད་དུ་སྐྲ་ལོ་རྣམས་ཟིང་འདུག་པ་མཐོང་། སྐད་མདངས་ལ་སོགས་པ་ཡོད་ཚད་ང་ཚོ་སྡེ་བའི་མི་དང་འདྲ་བ་བསམས་མོད། ངས་མོ་རང་མཐོང་མྱོང་མི་འདུག ང་ཚོ་སྡེ་བའི་མི་མིན་པར་ཐག་གིས་གཅོད་ཆོག

“ཁྱོད་ཚང་ས་འདི་རུ་ནམ་སླེབས་པ་རེད། ས་འདི་ངེད་ཚང་གི་དཔྱིད་སའི་ལྷས་ར་ཡིན་པ་མི་ཤེས་སམ”ངས་འདི་ལྟར་སྡིགས།

“སུ་རེད”ཁང་པ་ནང་ནས་སྐྱེས་པ་ཞིག་གི་གཉིད་མ་སད་ཀྱིས་འདི་ལྟར་འདྲི་བ་ཐོས། བུད་མེད་དེས་ང་ལ་ཁ་ཡ་མི་བྱེད་པར་མགོ་བོ་ཁང་པའི་ནང་དུ་བསྐོར་ནས“ཆང་འཐུང་ཞིག་རེད་བཞག ཁོ་བཟི་འདུག ངོ་མི་ཤེས”བུད་མེད་དེས་སྐྱེས་པ་དེ་ལ་ལན་འདི་འདྲ་བརྒྱབ་སོང་།

“གནམ་གཤིས་དེ་ཡང་གྲང་བ་ལ་ཨང་། ཁོ་རང་ནང་དུ་བསུས་ཤོག”སྐྱེས་པ་དེས་འདི་སྐད་ཟེར་བ་ཐོས།

བུད་མེད་དེ་སྒོ་ཁར་ཐོན་ནས་གུས་གུས་ཞུམ་ཞུམ་གྱིས་ང་རང་བསུས་བྱུང་།

ངས་མོ་ལ“ང་རང་བཟི་མེད། འདི་ངེད་ཚང་གི་ལྷས་ར་ཡིན”ཞེས་མོ་ལ་དམའ་འབེབས་ཡང་ཡང་བྱེད་ཀྱང་མོས་ང་ལ་ཁ་ཡ་བྱེད་ཀྱི་མི་འདུག

སྒོ་ནས་ཡར་འཛུལ་པ་ན་ཧ་ལས་དགོས་པ་ཞིག་ལ་ཡུལ་དུ་གནས་པའི་ཁྱིམ་ཚང་ཞིག་དང་འདྲ་བར་སྒོ་རའི་ནང་དུ་བ་གླང་དང་ཕག་སོགས་ཉལ་འདུག་ལ་གང་སར་སོག་མ་དང་རྩྭ་སྐམ་པོ་བཀྲམ་ཡོད་པ་མཐོང་། སྡོམ་རྒྱ་འཐེན་པའི་ཀ་བའི་སུབ་བར་དུ་ཟོར་བའང་ཁ་ཤས་བཅུག་འདུག ཀ་བའི་གཡས་གཡོན་དུ་འཇོར་བུ་དང་ལྕགས་ཁྱེམ་ལ་སོགས་ཞིང་ལས་ཡོ་བྱད་ཀྱིས་ཁེངས། གང་ཅི་ཐད་ནས་ལ་ཁའི་རུ་བ་དང་མི་འདྲ་བར་ཡུལ་གྱི་ཞིང་པ་དང་ཨ་ན་མ་ན་རེད།

ང་རང་སྒོ་ནས་ཡར་འཛུལ་བ་དང་སྒོ་ལེབ་གཡོན་གྱི་གདུང་མའི་ཐོག་ཏུ་ཉལ་བཞིན་པའི་དེ་ཕོ་དེ་གློ་བུར་ཡར་ལངས་ནས་གཤོག་པ་ཐེངས་གསུམ་བརྡེབས་རྗེས“གོའོ། གོའོ”ཞེས་སྐད་རྒྱག་བྱུང་བས་ངས“ཐན་བྱ་ཁྱོད། ཐན་བྱ་ཁྱོད། མུན་རུབ་ལ་ཉེ་དུས་སྐད་བརྒྱབ་རྒྱུ་ཅི་ཡོད། ཐན་བལྟས”ཅེས་དམོད་ནས་དེ་ཕོ་དེའི་ཕྱོགས་སུ་མཆིལ་མ་འཕངས། ཕྱོགས་གཞན་ཞིག་ནས་མུན་རུབ་ཁའི་ལ་ཁའི་དེ་ཕོའི་སྐད་དེ་ལ་ཡ་མཚན་ཆེན་པོ་སྐྱེས་ནས་དེ་ཕོ་དེ་ལ་ཞིབ་ལྟ་ཞིག་བྱས་པས། ཁོས་མུན་རབ་རིབ་ཀྱི་ཁྲོད་དུ་མགོ་བོ་གློ་བུར་ཡར་བཀྱགས་པ་ལ་བལྟས་ན་ཁོས་ང་ལ་དགའ་བསུ་ཞུ་བཞིན་པ་དང་འདྲ་ལ་དམག་མི་ཞིག་གིས་དམག་དཔོན་ཆེན་མོར་གུས་འདུད་ཞུ་བ་དང་ཡང་མཚུངས།

ཕྱི་རོལ་ནི་ལ་ཁའི་ལུང་པ་ཆུང་ཆུང་ཞིག་ཡིན་མོད་ཀྱང་། ཁང་པའི་ནང་ནི་ཞིང་ཐང་གི་དཀྱིལ་གྱི་ཁང་པ་རྣལ་མ་ཞིག་དང་ཨ་ན་མ་ན་རེད། ཁང་པ་འདི་འདྲ་ཞིག་ལ་ཁ་ལ་ཡོད་མི་སྲིད་ཀྱང་མིག་གི་དངོས་སུ་མཐོང་བས་ན་བདེན་དུ་འཛིན་དགོས་སོང་།

ཤིང་གི་སྐས་ལས་འཛེགས་ནས་ཁང་པའི་ནང་དུ་ཐོན་ཚེ། ཕོ་གསར་ཞིག་གིས་མགྱོགས་ཤིག་ཤིག་ངང་སྐེ་རགས་འཆིང་བཞིན་ང་སྒོ་ནས་ཐོན་པ་མཐོང་འཕྲལ“མགྲོན་པོ་སླེབས་སོང་། ཨ་ཁ་ཁ། དེ་རིང་མལ་ལས་ལངས་པར་ཕྱི་དྲགས་པས་ཇ་ཡང་བསྲུབ་མེད། ཁྱོད་རང་གི་ཅུང་ཙམ་སྒུག་རོགས”ཟེར་བ་དང་བུད་མེད་དེས་དུ་བ་སྔོ་ཐོལ་ཐོལ་བྱེད་བཞིན་པའི་ལྕགས་ཐབ་ནང་དུ་ཕུ་བརྒྱབ་ནས་མེ་དམར་ལྷང་ལྷང་དུ་འབར་བཅུག

“ཅི་ཟེར། ཁྱོད་གཉིས་ཀྱིས་ང་སྨྱོན་པ་ཞིག་རེད་བསམ་གྱིན་ཡོད་དམ། སྨྱོ་ངོ་མ་ཁྱོད་གཉིས་སྨྱོ་འདུག ས་སྲོས་ཀྱི་དུས་སུ་མལ་ལས་ལངས་ནས་ཇ་སྲུབ་མཁན་ཞིག་སུ་ཡོད་དམ། རྣ་བར་མི་འགྲོ་བའི་སྐད་ཆ”ངས་ངེད་ཚང་གི་དཔྱིད་སར་ཁང་པ་ཞིག་གློ་བུར་ཐོན་དང་ཁང་པ་ནང་གི་མི་གཉིས་ཀྱི་སྨྱོན་པ་ཞིག་དང་འདྲ་བའི་སྐད་ཆ་བཤད་ལུགས་སོགས་རྣམ་པ་མཚར་པོ་རྣམས་མཐོང་མ་ཐག ཁོང་ཁྲོ་ཞིག་དང་སྐྲག་སྣང་ཞིག་མཉམ་དུ་སྐྱེས་བྱུང་། ཡིན་ཡང་ངའི་མིག་མདུན་གྱི་མི་འདི་གཉིས་ནི་ང་ཚོ་འབུ་ཚ་སྡེ་བར་མཐོང་རྒྱུ་ཡོད་པའི་མི་རྣམས་དང་མི་འདྲ་བའི་ཁྱད་པར་ཅི་ཡང་མི་འདུག་པས་དངངས་སྐྲག་ཞི་བ་དང་ཁོང་ཁྲོ་འཕེལ་བས་ཁོ་གཉིས་བར་མེད་དུ་སྡིགས།

ངའི་སྐད་ཆ་རྣམས་ཐོས་པ་ན་ཇ་བསྲུབ་གྲབས་བྱེད་བཞིན་པའི་བུད་མེད་དེས་ང་ལ་མི་རངས་བའི་མིག་གིས་བལྟས་བྱུང་། སྐྱེས་པ་དེས་བུད་མེད་དེ་ལ་ལག་བརྡ་བྱེད་བཞིན་འདུག ལག་བརྡ་དེ་ནི་ལག་བརྡ་ཕལ་བ་ཞིག་མ་རེད། ཁོས་ཅི་ཞིག་འཐུང་བའི་བརྡ་སྟོན་བཞིན་འདུག དེ་ནི་ཇ་མགྱོགས་པོ་སྲུབས་ཅིག་ཟེར་བ་དེ་མིན་པར་ང་རང་ཆང་འཐུངས་ནས་བཟི་འདུག་ཟེར་བའི་བརྡ་སྟོན་བཞིན་པར་སྣང་།

ཕོ་གསར་དེ་མལ་ལས་ལངས་རྗེས“ཨ་ཁུ། ཁྱོད་རང་ཕ་ཡུལ་གང་ནས་ཡིན། དེ་རིང་མཚན་མོར་ཁྱོད་གང་ནས་འོང”ཞེས་དྲིས།

“ང་འབུ་ཚ་སྡེ་བ་ནས་ཡིན། དེ་རིང་ཉིན་དཀར་འབུ་ཚ་སྡེ་བ་ནས་འོང་། རུ་བར་འགྲོ་རྒྱུ་ཡིན”ཞེས་བཤད་པ་དང་སེམས་ནང་དུ་སྔར་བཞིན་ཁོ་རང་སྨྱོ་འདུག་སྙམ། ད་ལྟ་ནི་ས་སྲོས་ཡིན་པས་ས་སྲོས་ཀྱི་སྔོན་དུ་ཉིན་དཀར་ལས་མཚན་མོ་ཡིན་མི་སྲིད་ཨང་།

“འབུ་ཚ་སྡེ་བ་ཟེར་བ་དེ་ས་ཆ་ག་ན་ཡོད་དམ”ཁོའི་རྣམ་འགྱུར་རུ་ཅི་ཞིག་མི་ཤེས་པའི་ཚུལ་སྟོན་བཞིན་འདུག ཡིན་ཡང་ཁོ་རང་ང་ཚོ་འབུ་ཚ་སྡེ་བའི་དཔྱིད་སར་རུ་སྡོད་བཞིན་ད་དུང་འབུ་ཚ་སྡེ་བ་ཟེར་བ་ག་ན་གནས་པ་མི་ཤེས་པར་ཡ་མཚན།

“ཁང་པ་འདི་ངེད་ཚང་གི་དཔྱིད་སར་བརྒྱབ་དོན་ཅི་ཡིན་ནམ”ངས་ཕྲུ་གུ་ཞིག་གི་དྲི་བ་དང་འདྲ་བའི་ཁོའི་སྐད་ཆ་ལ་ལན་མ་བཏབ་པར་ཅུང་ཁྲོ་བའི་ངང་ནས་ད་སྔོན་དྲིས་མྱོང་བའི་སྐད་ཆ་དེ་སླར་ཡང་འདྲི།

“ཨ་ཁུ། ཁྱོད་རང་ཨ་རག་འཐུངས་ནས་ལམ་ནོར་ཤོར་བ་འདྲ། འདི་ནི་རུ་བའི་དཔྱིད་ས་མ་རེད། འདི་ནི་ཞིང་གྲོང་ཞིག་རེད། ཁྱེད་ཀྱིས་སྒེའུ་ཁུང་ནས་མར་ལྟོས་དང་། གཡས་གཡོན་གང་སར་ཞིང་ཐང་ཡིན། ཁང་པ་སྙིང་པ་འདི་མི་རབས་གསུམ་གྱི་སྔོན་ནས་ཡོད”ཁོས་ང་ལ་གསལ་བཤད་བྱས། ཁོའི་ཕྱི་ཚུལ་ལ་བལྟས་ན་མི་དྲང་པོ་ཡིན་པ་འདྲ། ཁོའི་སྐད་ཆ་ལའང་ནན་ཏན་གྱི་གདངས་ཅིག་ཐོན་གྱིན་འདུག ཡིན་ཡང་ངས་སྒེའུ་ཁུང་གི་ཕྱི་རོལ་ལ་ཞིབ་ལྟ་ཞིག་བྱེད་ཀྱང་མུན་པ་རུབ་འདུག་པས་ཅི་དང་གང་ཡང་མཐོང་མ་ཐུབ།  སྐད་ཆ་མེད་པར་ལུས།

ངས་རྨི་ལམ་རྨིས་བཞིན་པ་མིན་ནམ། ཨ་ལ་ལ་འཇིག་རྟེན་འདི་ལ་ཅི་བྱུང་སོང་། དེ་རིང་ཉིན་མོར་ང་རང་ཡུལ་དང་བྲལ་ནས་རུ་བ་སར་འོང་པ་ནི་རྨི་ལམ་ཞིག་ག་ལ་ཡིན།  ཞིང་ཐང་དཀྱིལ་གྱི་བོད་ཁང་དང་འདྲ་བའི་ཁང་པ་འདི་རུ་མུན་གསལ་ལམ་ཡང་ན་མུན་རུབ་སོང་། ངས་ཤེས་ཐབས་མི་འདུག

ཁང་པའི་ནང་དུ་བུད་མེད་དེ་དང་སྐྱེས་པ་དེ་གཉིས་ཀྱིས་བྱེད་ལུགས་ལ་བལྟས་ན་མུན་གསལ་བ་འདྲ་ཡང་། དེ་རིང་ངས་རྒད་པོ་ཆོས་རྒྱལ་གྱི་ས་ནས་ཆང་འཐུང་དུས་ཉིན་ཕྱེད་ཡིན་ཨང་། ད་ལྟ་ཅིའི་ཕྱིར་གློ་བུར་དུ་མུན་གསལ་བ་ཡིན་ནམ། ཏན་ཏན་རྒད་པོ་ཆོས་རྒྱལ་ཞེས་པའི་ཀླད་མེད་དེ་ལན། ང་རང་རྔུལ་ཆུ་ཁྲུམ་ཁྲུམ་ངང་རྒད་པོ་ཆོས་རྒྱལ་གྱི་སྒོ་འགྲམ་དུ་འཛེགས་ཡོང་དུས་རྒད་པོ་ཁོ་རང་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོད་པའི་སྟར་སྡོང་གི་གྲིབ་མ་འོག་ཏུ་ཤེལ་དམ་ཞིག་ནས་དཀར་ཡོལ་འབྲུག་རེས་མ་ནང་དུ་ཨ་རག་དྭངས་མོ་བླུགས་ནས་འཐུང་བ་དང་དབུགས་རིང་ནར་ནར་གཏོང་བཞིན་འདུག

ངས་རྒྱུན་གཏན་མེད་པའི་ཁོའི་རྣམ་འགྱུར་དག་མཐོང་མ་ཐག“ཨ་ཁུ་ཆོས་རྒྱལ་ལགས། ཁྱོད་རང་སེམས་སྡུག་ནས་ཅི་ཞིག་བྱེད་ཀྱི་ཡོད”ཅེས་དྲིས་པ་ན། ཁོས་གཞི་ནས་ཁོ་ཚང་གི་སྒོ་འགྲམ་དུ་འོང་བཞིན་པའི་ང་རང་མཐོང་བས་འཛུམ་མུལ་མུལ་གྱིས“འོ། ཁྱོད་ཡིན་ནམ། ཁྱོད་དེ་རིང་ཡང་རུ་བ་སར་ལོག་དགོས་པ་ཡིན་ནམ”ཞེས་དྲི་བར་བྱེད། ཁོ་རང་ཨ་རག་གིས་ཅུང་ཙམ་བཟི་འདུག་པས“ཕོ་གསར། ཨ་རག་ཁམ་གང་ཐུངས་དང་། ཨ་རག་ཞིག་འཐུངས་ནས་རི་ལ་འཛེགས་ན་ལུས་ཀྱང་བདེ། ཉི་མ་ཡང་མི་ཚ”ཟེར། ངས་ཀྱང་ཁོས་བཤད་པ་རྣམས་ཉམས་མྱོང་རྒད་པོའི་འབེལ་གཏམ་ཡིན་སྙམ་གྱིན། ཁོ་འགྲམ་དུ་ཙོག་ལ་ཨ་རག་འཐུང་བ་ཡིན།

ཨ་རག་འཐུང་བཞིན་འཐུང་བཞིན་ཁོ་རང་འདས་སོང་གི་རྗེས་དྲན་གྱི་འདམ་རྫབ་དུ་རང་དབང་མེད་པར་ལྷུང་སོང་། ཁོས་དང་པོ་གཞོན་ནུའི་སྐབས་ཀྱི་གཏམ་རྒྱུད་བཤད། གཏམ་རྒྱུད་དེ་དག་གི་བསྒྲུབ་བྱ་ནི་བརྩེ་དུང་རེད་འདུག ཁོས་བུ་མོ་མང་པོས་ཁོ་རང་འདེད་རབས་བཤད། དེ་ནས་བུ་མོ་མང་པོ་དང་ཆགས་པ་སྤྱོད་རབས་བཤད། ཁོའི་གཞོན་ནུ་སྐབས་ཀྱི་དཔེ་མཚོན་རང་བཞིན་གྱི་གཏམ་རྒྱུད་ནི་ཁོ་རང་ལ་ཁར་རྔོན་པ་འགྲོ་སྐབས་ཆགས་པ་ལངས་ནས་མི་བཟོད་པས་མཚན་གང་ཡུལ་དུ་རྒྱུག་ཡོང་བ་ཡིན་ཟེར། ཐོ་རངས་ཙམ་ལ་གཞོན་ནུ་མ་ལྔའི་རུམ་དུ་འཛུལ། ཕྱི་ཉིན་ཞོགས་པར་རི་ལ་ཡར་འཛེགས་དུས་དཀའ་ནས་འཛེགས་ཐུབ་ཀྱི་མི་འདུག་ཟེར།  ཕོ་གསར་གྱི་སྐབས་སུ་ཁོས་ཇག་པ་དང་འཛིང་མོའི་རྣམ་ཐར་སྐྱོང་འདུག ད་ལྟ་རྒས་སོང་དུས་གཞོན་ནུའི་སྐབས་ཀྱི་འོད་སྣང་ལྡན་པའི་གཏམ་རྒྱུད་རྣམས་དྲན་ནས་སེམས་པ་སྐྱོ་གདུང་གིས་མནར་གྱིན་ཡོད། རྒས་དུས་ཀྱི་དཔེ་མཚོན་རང་བཞིན་གྱི་གཏམ་རྒྱུད་ནི་ཨ་རག་འཐུང་བཞིན་འཐུང་བཞིན་སྐྱོ་བ་འཕེལ་བ་དང་གང་སར་འཆམ་འཆམ་དུ་འགྲོ་བ་དེ་རེད།   ཉིན་ཞིག་ཁོ་རང་ཁོ་ཚང་གི་འོག་ཏུ་བཙུགས་ཡོད་པའི་ཟམ་པ་དེ་བརྒྱུད་ནས་སྡེ་དཔོན་ཚང་དུ་ཨ་རག་དཀར་པོ་ཉོ་བ་སོང་། ཡིན་ཡང་ཉིན་དེར་ཟམ་པའི་དཀྱིལ་དུ་ཁོ་ཚང་གི་གླང་རྒན་དམར་པོས་ལྕི་བ་མཛོ་འདྲ་ཞིག་བཏང་ཡོད་འདུག ཁོས་བཤད་མཚམས་འདི་སླེབས་དུས་ངས“ལྕི་བ་དེ་ཁྱོད་ཚང་གི་གླང་དམར་པོའི་ལྕི་བ་ཡིན་པ་ཅི་ལྟར་ཤེས”ཅེས་དྲིས་པ་ན་ཁོས“བལྟས་པ་ཙམ་གྱིས་ཤེས། ཧ་ལས་དགོས་པ་ཆེན་པོ་ཡོད”ཟེར།

གང་ལྟར་ཉིན་དེར་ཕར་ཨ་རག་ཉོ་བ་འགྲོ་དུས་ནས་ཅུང་ཙམ་བཟི་ཡོད་པ་འདྲ། ཟམ་པའི་སྟེང་གི་ལྕི་བ་དེ་ཕར་བལྟས་ན་སྐམ་ཟིན་པ་འདྲ་བས་རྐང་པ་གཡས་པ་དེ་རྐང་བཙུགས་ནས་དེའི་ཐོག་ཏུ་སྤོས་པས་གློ་བུར་འདྲེད་བརྡར་ཤོར་བ་དང་ཐད་ཀར་ལུང་ཆུ་ནང་ལྷུང་སོང་ཟེར། སྟབས་ལེགས་པ་ཞིག་ལ་ཞིག་ལ་ལུང་ཆུ་ནང་ཆུ་རྩེད་བྱེད་བཞིན་པའི་བྱིས་པ་ཁ་ཤས་ཤིག་གིས་ཁོ་རང་སྐྱོབ་པ་རེད་ཟེར།

ངས་ཁོའི་གཏམ་འདི་དག་མཉན་ཚར་རྗེས“ཁྱོད་རང་སྒྲུང་འཆད་མཁན་ཞིག་བྱེད་ན་ཡག་པོ་འོང་ས་རེད”ཅེས་ཐལ་བས་ཁོ་རང་ཅུང་ཁྲོས་ནས“འདི་སྒྲུང་ག་ལ་ཡིན། དོན་དངོས་ཡིན” ཟེར།

“ང་ཚོ་སྡེ་བ་ནང་ཁྱོད་རང་ལུང་ཆུ་ནང་ལྷུང་བའི་གཏམ་རྒྱུད་ཞིག་མི་འདུག”

“ཁྱོད་འདྲ་བའི་རུ་བ་ཚོའི་དུས་བཞི་ལ་ཁར་བསྐྱལ་བས་ནོར་རྣམས་སྤྱང་ཀིས་གསོད་པའི་གཏམ་རྒྱུད་ལས་ཅི་ཡང་གོ་མི་སྲིད”ངས་ཀྱང་ཁོའི་སྐད་འདི་ལ་བདེན་སྣང་ཞིག་ཤར་བྱུང་།

ཉི་མ་དེ་ནས་བཟུང་ཁོ་རང་ཟམ་པ་དེ་བརྒལ་བའི་སྤོབས་པ་བྲལ་སོང་། རང་ཉིད་ཀྱི་བཏུང་རྒྱུའི་ཨ་རག་ཀྱང་ཉོ་བ་འགྲོ་མི་ཐུབ་པས་ཉི་མ་སྐྱེལ་བ་ནི་འཆི་བ་སྒུག་པ་དང་ཨ་ན་མ་ན་རེད་ཟེར། ཡིན་ཡང་ཁོས“ང་རང་འཆི་བ་ལ་མི་སྐྲག”ཅེས་གསལ་བཤད་བྱེད། ངས“རྒྱུ་མཚན་ཅི་ཡིན་ནམ”ཞེས་དྲིས་པ་ན“ཨ་ཁུ་ཆོས་རྒྱལ་དང་ང་གཉིས་མིང་གཅིག་པ་རེད། སྐབས་སྐབས་སུ་ང་རང་ཉིད་ནི་ཨ་ཁུ་ཆོས་རྒྱལ་ངོ་མ་དེ་ཡིན་པའི་སྣང་བ་སྐྱེས་འོང་། གལ་སྲིད་ང་རང་ཉིད་ནི་ཨ་ཁུ་ཆོས་རྒྱལ་ཡིན་ན་ངས་རང་ཉིད་ལ་གུ་ཡངས་གནང་སྲིད”ཅེས་བཤད་བྱུང་བས་ངས་ཀྱང་བདེན་དུ་བཟུང་ནས“གལ་སྲིད་ངའི་སྲོག་དུས་མེད་འཆི་བས་འཕྲོག་སོང་ན་ཁྱེད་ཀྱིས་ཀྱང་ང་ལ་གུ་ཡངས་གནང་རོགས”ཅེས་ཞུ་བ་ཕུལ་བ་ན་ཁོས“གཡག་གཅིག་ཆང་རིན་གྱི་ཚུལ་དུ་ལག་བཏགས་ཕུལ་དང་ཆོག”ཟེར།

ང་གཉིས་སྡེ་བ་གཅིག་གི་མི་ཡིན་པས་ཁོའི་སྐད་ཆ་རྣམས་གང་ཞིག་བདེན་པ་དང་གང་ཞིག་ནི་རྫུན་ཡིན་པ་གསལ་པོ་ཤེས་མོད། བདེན་ཅོག་ཅོག་གིས་བཤད་པའི་རྫུན་གཏམ་དག་ལ་ཉན་བཞིན་ང་རང་ཡང་ཁོའི་རྗེས་དྲན་གྱི་འདམ་དུ་རང་དབང་མེད་པར་ལྷུང་སོང་།

ངའི་མདུན་གྱི་ཅོག་ཙེའི་ཐོག་ཏུ་ཤིང་ཕོར་དུ་ཇ་ལྡུག་པའི་སྒྲ་ཤང་ཤང་གིས་ང་རང་ཉིན་གཅིག་གི་རྗེས་དྲན་ལས་དཀྲོགས། ཤིང་ཕོར་གྱི་འགྲམ་དུ་རྩམ་པའི་རས་ཁུག་ཞིག་དང་རླངས་པ་དཀར་ཐོལ་ཐོལ་བྱེད་པའི་ཤ་ཁུ་དཀར་ཡོལ་གང་ཡང་བཞག་འདུག བུད་མེད་དེས་གདོང་ཐོག་ཏུ་གཡོ་བའི་སྐྲའི་ལན་བུ་དེ་རྣ་རྒྱབ་དུ་དྲངས་རྗེས“ཤ་ཁུ་གསོལ་དང་བཟི་དྭངས་ངེས”ཟེར། ཁོ་གཉིས་ཀྱི་ལྷག་བསམ་དྭངས་པའི་རྣམ་འགྱུར་དག་མཐོང་དུས་ངས་དེ་སྔོན་ཁོ་གཉིས་ལ་སྟོན་པའི་རྣམ་འགྱུར་ངན་པ་དག་དྲན་པ་དང་འགྱོད་པ་ཡང་སྐྱེས། ངའི་ཁ་ནས་ཐོན་པའི་སྐད་ཆ་དག་ཀྱང་རྫུན་གཏམ་ལྟ་བུར་འགྱུར་བས་ང་ངོ་གནོང་དགོས་པར་འགྱུར། ཁོ་གཉིས་ནི་ང་ལ་ཁ་ཡ་དེ་ཙམ་མི་བྱེད་པར་མགྱོགས་ཤིག་ཤིག་གིས་ཤ་ཁུ་འཐུང་ཚུལ་དེ་མཐོང་བ་ན་རང་ཉིད་ཀྱང་ལྟོགས་ཡོད་པ་ཤེས་ནས་རྩམ་པ་འགམ་བཞིན་ཤ་ཁུ་སྤོད་བ་ཡིན།

ཁོ་གཉིས་ཟ་མ་ཟོས་རྗེས“ལས་ཀ་ཡོད”ཅེས་ཟེར་ནས་ཐོན་སོང་། དེ་ནས་ཁང་པའི་འོག་ཏུ་ར་བདས་པའི་སྒྲ“འབའ་འབའ” དང་བ་གླང་གྲོལ་བའི་དྲིལ་སྒྲ་སིང་སིང་གྲགས།

ཁང་པ་ཡོངས་སུ་འཇམ་ཐིང་ཐིང་། ལྕགས་ཐབ་ནང་གི་འུར་འུར་དུ་འབར་བའི་མེའི་སྒྲ་ཇེ་ཆེར་སོང་། ངས་སྒེའུ་ཁུང་ཕྱི་རོལ་དུ་ཞིབ་པར་བལྟས་ཀྱང་ཅི་ཡང་མཐོང་གི་མི་འདུག་ཡོད་ཚད་མུན་པ་རེད། སྣང་ཚུལ་དེ་དག་གིས་ངའི་ལུས་ཀྱི་ནང་གི་ནང་དུས་རྒྱུན་ཡོད་མ་མྱོང་བའི་སྐྲག་སྣང་གི་ཕྲ་ཕུང་དག་མལ་ལས་བསླངས་སོང་། ངའི་ལུས་ཀྱི་བ་སྤུ་ཀུན་གཟེངས་བ་བྱེད།

 དུས་ཡུན་གང་ཙམ་སོང་བར་མ་ཤེས་པར་སྐྱེས་པ་དེ་མགྱོགས་ཤིག་ཤིག་གིས་སྒོ་ནས་ཐོན་བྱུང་། ཁོའི་གདོང་ལ་མི་དཀྱུས་མ་ཞིག་ལས་ལྷ་འདྲེའི་ཉམས་ཅི་ཡང་མངོན་གྱི་མི་འདུག ཁོ་རང་མཐོང་བ་དང་ངའི་དངངས་སྐྲག་ཡང་རིམ་གྱིས་ཞི།

ཁོས་ངའི་གདོང་ལ་ཞིབ་ལྟ་ཞིག་བྱས་རྗེས“ཨ་ཁུ་ཁྱོད་ཀྱི་ངོ་གདོང་བཙོག་པ་ལ། ད་དུང་ཡང་བཟི་ལས་དྭངས་མེད་པར་འདྲ”ཟེར་རྗེས་བསམ་བློ་ཞིབ་པར་བཏང་ནས“འདི་འདྲ་བྱེད་དོ། ད་ལྟ་ཉི་མ་ཤར་དུས་ང་གཉིས་ཀྱིས་གྲོ་དག་ཞོགས་རྔ་བྱེད་དགོས། ཁྱེད་རང་བཟི་མ་དྭངས་བར་འདིར་སྡོད་དང་སྐྱོན་མེད། ཞོར་དུ་ད་དུང་གཉིད་ནས་ཡོད་པའི་ངའི་བུ་ཆུང་དེ་བལྟ་རོགས། ད་ལྟར་ཉི་མ་ཤར་ཙམ་རེད། བྲེལ་བ་ཡོད་པ་མ་རེད། བཟི་དྭངས་རྗེས་འགྲོ་རྒྱུ་བྱོས”ཟེར།

ངས་ཀྱང་འཐད་པའི་བརྡ་ལ་མགོ་བོ་སྒུར་སྒུར་བྱེད་པ་ལས་གཞན་ལན་གང་ཡང་མ་བཏབ། མུན་པ་རབ་རིབ་བརྒྱུད་ནས་བལྟ་དུས་མལ་ས་ན་ཕྲུ་གུ་ཞིག་གི་མགོ་བོ་ཕྱིར་ཐོན་ནས་ཉལ་ཡོད་པ་གཞི་ནས་མཐོང་བྱུང་།

སྐྱེས་པ་སྒོ་ནས་ཡལ་རྗེས་ང་རང་བལ་གདན་ཐོག་ཏུ་གཉིད་རབ་རིབ་ཅིག་ཁུག་སོང་། དེ་ནི་ང་རང་བཟི་ལས་ཡོངས་སུ་དྭངས་མ་ཐག་གཉིད་ལ་ཤོར་བའི་གོམས་གཤིས་ཤིག་ཡོད་པའི་རྐྱེན་གྱིས་རེད། གང་ལྟར་རྨི་ལམ་ནང་དུ་ས་སྲོས་ཅིག་ལ་ངེད་ཚང་གི་དཔྱིད་སའི་ལྷས་རའི་ནང་དུ་ངས་མཛོ་མོ་འཇོ་བཞིན་འདུག འོ་ཟོའི་ནང་དུ་ལྦུ་བ་སོབ་སོབ་ཀྱི་འོ་མས་ཁེངས། ཆེས་ཆེ་བའི་ལྦུ་བའི་ནང་དུ་ང་རང་འཆར། ལྦུ་བའི་ངོས་ཀྱི་ང་རང་ནི་འཇིག་རྟེན་འདི་ན་ཡོད་པ་འདྲ་ལ་མེད་པ་དང་ཡང་འདྲ། རིམ་གྱི་ལྦུ་བ་དང་ལྦུ་བ་ངོས་ཀྱི་ང་རང་ངུ་སྒྲ་ཕྲ་མོ་ཞིག་གིས་གཏོར་སོང་། འཇིག་རྟེན་འདི་ན་ངུ་སྒྲས་ཁེངས་པ་དང་ང་རང་ཡང་གཉིད་ལས་སད།

གཉིད་ལས་སད་དུས་ཁང་པའི་ནང་ཕྲུ་གུ་ཞིག་གི་ངུ་སྒྲ་ལྷང་ལྷང་གྲགས་བཞིན་པ་ཐོས། ངས་མིག་རབ་རིབ་ཀྱི་མུན་པ་བརྒྱུད་ནས་ལྟ་ཚེ། ཕྲུ་གུ་གཅེར་བུ་བ་ཞིག་གིས་ཞི་མི་དམར་པོ་ཞིག་གི་རྔ་མ་འཇུ་བཞིན་གོམ་པ་ཁྱ་ཁྱོར་གྱིས་ཞི་མི་ཅི་ལྟར་ཉུལ་ན་ཁོ་རང་ཡང་དེ་ལྟར་ཉུལ་བཞིན་པར་མཐོང་། དེ་ནས་ཁོའི་ངུ་སྒྲ་གསལ་པོ་ཐོས་བྱུང་ལ་ངུ་སྒྲའི་ནང་སྐད་ཆ་ཁ་ཤས་ཀྱང་འདྲེས་ཡོད་པ་གོ    སྐད་ཆ་དེ་དག་ནི“ཨ་མ། ངས་འོ་མ་འཐུང་དགོས། ཨ་མ། ངས་འོ་མ་འཐུང་དགོས”ཅེས་ཟློས་བཞིན་པ་དེ་རེད།

“བུ་ཆུང་ལོ་ལོ། ཨ་མ་གྲོ་རྔ་བར་ཕྱིན་སོང་། ཨ་ཁུའི་འགྲམ་དུ་ཤོག་ལ་ངས་ཇ་ལྡུད”ངའི་སྐད་ཐོས་པ་ན་ཁོ་རང་ཡང་ངུ་མཚམས་བཞག ལག་ནང་གི་ཞི་མིའི་རྔ་མ་ཡང་ཤོར་སོང་། ཞི་མི་དེ་རྔ་མ་རིང་པོ་དེ་གཡུག་གཡུག་བྱེད་ཀྱིན་ལྕགས་ཐབ་འོག་ཏུ་འཛུལ།

ཁོ་རང་ཁྱ་ཁྱོར་གྱི་ངང་ངའི་འགྲམ་དུ་འོང་། ང་རང་ནི་ཁོའི་ཨ་ཁུ་ངོ་མ་ཡིན་པ་བཞིན་ཁོའི་མིག་དང་ངོ་གདོང་ལས་སྐྲག་སྣང་ཅི་ཡང་མངོན་གྱི་མི་འདུག འོང་ཞོར་དུ“ངས་ཇ་མི་འཐུང་། ང་ལ་འོ་མ་དགོས”ཟེར། 

“ཨ་ཁུ་ལ་འོ་མ་མེད། ཇ་ཐུངས་དང་། འོ་མ་ལས་ཇ་ཞིམ”

ཁོས“ང་ལ་འོ་མ་དགོས། འོ་མ་མེད་ན་ང་ངུ་རྒྱུ་ཡིན”ཟེར་ནས་ང་རང་ཨ་ལ་གཏད་སྙམ་བྱས། ངས་པར་ཁུག་དག་ཉུལ་བཞིན་ཁོ་ལ་སྟེར་རྒྱུའི་རྔན་པ་འཚོལ། སྟབས་ལེགས་པ་ཞིག་ལ་པར་ཁུག་ནང་དུ་སྨན་རྩྭའི་དྲི་མ་ཅན་གྱི་འགྱིག་བྱེ་རིལ་ཞིག་འདུག ངས“ཟོས་དང་འདི་འོ་མ་ལས་ཞིམ། ག་ཚོད་འཆའ་ཡང་རྗོགས་རྒྱུ་མེད”ཟེར་ནས་འགྱིག་བྱེ་རིལ་དེ་ཁོ་ལ་སྦྱིན།

ཁོས་ཐང་ཆུའམ་འགྱིག་བྱེ་རིལ་དེ་ཞིམ་ཉམས་ཀྱིས་འཆའ་བཞིན་སྣ་གླུ་ཡང་རབ་རིབ་ཅིག་ལེན་གྱིན་ཁང་པའི་གང་སར་ཉུལ། སྒེའུ་ཁུང་གི་ཕྱི་རོལ་ནི་རྫ་མའི་ཞབས་ལྟར་ནག་པ་ལ། ཁོ་ཚོའི་མིག་ནང་དུ་འདི་ནི་སྟོན་གྱི་ཉི་འོད་ལམ་ལམ་དེ་ཡིན་ནམ།

བུ་ཆུང་དེ་སླར་ཡང་མུན་པ་ནས་ངའི་འགྲམ་དུ་ཐོན། ད་ནི་ཁོའི་གདོང་ལ་ཐང་ཆུ་འཆའ་བཞིན་པའི་ཞིམ་ཉམས་དེ་མཐོང་རྒྱུ་མི་འདུག སྣ་ལུད་ནི་དབུགས་ཀྱི་རྒྱུ་བ་དང་བསྟུན་ནས་ཡར་འགྲོ་མར་འགྲོ་བྱེད། ཁོས་བྱ་རོག་གི་ལག་པ་འདྲ་བོ་དེ་ཚུར་བསྲེངས་ནས“ཨ་ཁུ་ལོ་ལོ། ད་དུང་གཅིག་སྟེར་དང་འགྲང་མ་བྱུང”ཟེར།

“ཐང་ཆུ་ག་ན་ཡོད”ངས་དྲིས།

“ཟོས་ནས་མིད་པ་ཡིན”

“ད་དཔེ་བསགས་སོང”ངས་རང་ཉིད་ཀྱི་བརླ་ལ་ཐལ་ལྕག་ཞུས་ནས“ཐང་ཆུ་མིད་མི་ཉན། ཐང་ཆུ་མིད་ན་རྒྱུ་མ་དང་ཕོ་བ་མཉམ་དུ་འཚིག་ངེས”ངས་ཁོའི་གྲོད་པ་ཆུང་ཆུང་དེ་སྐྲག་ཉམས་ཀྱིས་རེག་བཞིན་བཤད།

ངའི་སྐད་ཆ་དེ་མཉན་རྗེས་ཁོའི་ངོ་གདོང་ལ་སྐྲག་སྣང་ཞིག་རྒྱས་བྱུང་ལ་ལག་པས་རང་ཉིད་ཀྱི་གྲོད་པར་རེག་ཙམ་རེག་ཙམ་བྱས། ཧ་ལམ་ཁོས་རང་གི་གྲོད་པ་ནང་གི་དོན་ལྔ་སྣོད་དྲུག་འཚིག་ཡོད་མེད་ལ་བརྟག་པར་འདྲ། དེ་ནས་ཁོའི་མཛུབ་མོ་ཁ་ནང་དུ་བཅུག་ནས་ཅི་ཞིག་ལེན་པར་རྩོམ། མཐར་མཛུབ་མོར་ཁ་ཆུས་བརླན་པ་ལས་ཅི་ཡང་ལེན་མ་ཐུབ་པས་སླར་ཡང་ངུ་བྱུང་། ད་སྔོན་གྱི་ངུ་སྐད་བསྡུར་ན་ཕྲ་ལ་རིང་ཞིང་ངུ་སྒྲའི་ནང་དུ་དངངས་སྐྲག་གི་འདར་སྒྲས་ཁེངས་འདུག

“ཨ་ཁུས་རྩེད་མོ་རྩེ་བ་ཡིན། མིད་ན་མིད་པ་རེད། སྐྱོན་ཡོད་མ་རེད”ཅེས་དང“མ་ངུ་མ་ངུ། ཨ་ཁུ་རྗེས་མ་ཁྱོད་ཚང་དུ་འོང་དུས་འགྱིག་བྱེ་རལ་རུམ་གང་འཁུར་འོང”ཞེས་ཞུ་བ་ཅི་འདྲ་བྱེད་ཀྱང་ཁོའི་ངུ་སྒྲ་ཇེ་ཆེར་སོང་།

ཡུན་རིང་མ་སོང་བར་ཁོའི་ཕ་མ་གཉིས་པོ་ཟོ་བ་ཡང་ལག་ཏུ་འཐོག་བཞིན་རྔུལ་ཆུ་ཁྲུམ་ཁྲུམ་གྱིས་ཐོན་བྱུང་། ཁོ་གཉིས་ཀྱིས་བུ་ཆུང་ལ“ཅི་བྱུང་། ཅི་བྱུང”ཞེས་སེམས་འཚབ་ཆེན་པོས་དྲིས་ཀྱང་བུ་ཆུང་གི་ལན་ནི་ཁ་འདང་བཞིན་ངུ་རྐྱང་བྱེད་པ་ལས་ཅི་ཡང་བཤད་རྒྱུ་མི་འདུག  དེ་ནས་ང་ལ་ཕྱོགས་ནས་དྲིས། ངས་ལན་དུ“ཐང་ཆུ་མིད་སོང”ཞེས་ལན་བཏབ་པ་ཡིན། ཡིན་ཡང་ཁོ་གཉིས་མ་གྲོས་གཅིག་མཐུན་གྱིས“ཐང་ཆུ་ཞེས་པ་དེ་ཅི་ཡིན་ནམ”ཟེར།

ངས“འགྱིག་བྱི་རིལ་ལ་ཟེར་བ་ཡིན”ཞེས་ལན་བཏབ།

ཁོ་གཉིས་ཀྱིས་སླར་ཡང“འགྱིག་བྱེ་རིལ་ཟེར་བ་ནི་ཅི་ཞིག་རེད”ཅེས་དྲིས་བྱུང་བས་ང་ལ་སྐད་ཆ་མེད་སོང་།

 ང་ཚོའི་ནང་དུ་སྐྱེས་པ་དེ་སེམས་དང་པོ་ལྷོད་ལ་འབབ་པ་དང་ཁོས་འཚབ་ཚུབ་མེད་པར“ཁྱོད་གཉིས་ཀྱིས་སྒུགས་དང་། ང་རིན་པོ་ཆེ་གདན་དྲངས་འགྲོ”ཟེར་རྗེས་ཐོན་སོང་། དེའི་རྗེས་ཀྱི་ངུ་སྒྲའི་ཁེངས་པའི་ཁང་པ་ནང་དུ་ཅི་ཞིག་ཐོན་ཡོང་བ་ལ་སྒུག་རྒྱུ་ནི་ཅི་འདྲའི་སུན་སྣང་སྐྱེས་དགོས་པ་ཞིག་རེད་ཨང་།

སྔ་མོ་ཞིག་ལ་ཨ་ཇོ་བ་ཞིག་གིས་ཁོ་རང་ནི་དབུས་ནས་ཡོང་བའི་སྤྲུལ་སྐུ་ཞིག་ཡིན་ལུགས་བཤད་བཞིན་དུ་འབུ་ཚ་སྡེ་བ་རུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གྲབས་བྱེད་པ་ན་ང་ཚོ་སྡེ་བའི་ཕོ་གསར་ཁ་ཤས་ཀྱིས“སྤྲུལ་སྐུ་བརྒྱ་ཡོད་སྟོང་ཡོད། ཨ་ཇོ་རྫུན་མ་ཁྱོད་འདྲ་སྤྲུལ་སྐུ་ཡིན་དོན་མེད”ཅེས་བཤད་པས་ཨ་ཇོ་བ་དེ་ཁྲོས་ནས“ས་འདིར་ལོ་བརྒྱ་ལ་ཆོས་ཀྱི་སྒྲ་གྲག་པ་མི་གྱུར་རོ”ཞེས་སྨོན་ལམ་ལོག་པའི་སྟབས་ཀྱིས་ལོ་མང་པོའི་རིང་ལ་ང་ཚོ་སྡེ་བ་རུ་བླ་མ་དང་སྤྲུལ་སྐུ།  རིན་པོ་ཆེ་སོགས་གཅིག་ཀྱང་བྱུང་མེད། དེའི་ཕྱིར་སྐྱེས་པ་དེས་རིན་པོ་ཆེ་ཞིག་གང་ནས་གདན་དྲངས་དགོས་སམ། ངས་རང་གིས་རང་ལ་ཡང་ཡང་དྲིས།

ཡུན་རིང་ཞིག་མ་སོང་བར་ངའི་དྲིས་ལན་ཐོན་བྱུང་། དེ་ནི་བླ་རྒན་ཞིག་རེད། ཁོ་རང་བུ་ཆུང་གིས་ངུ་སྒྲ་མ་ཐོས་པ་བཞིན་དལ་བྲེལ་གང་ཡང་མེད་པར་ཡར་འོང་། དལ་བྲེལ་མེད་པའི་སྒོ་ནས་བུད་མེད་དེ་ན་བཀྲ་ཤིས་བདེ་ལེགས་སོགས་ཀྱིས་མཚམས་འདྲི་བྱས།

བུད་མེད་དེ་ངུ་ལ་ཁད་ཀྱིས“ཁོས་བཤད་པ་བལྟས་ན་ཐང་ཆུ་ཞེས་པ་ཟོས་སོང་ཟེར། དེ་ཅི་ཡིན་མི་ཤེས། ངའི་བུ་ད་བར་ངུ་མཚམས་ཆད་མ་སོང་། བླ་མ་མཁྱེན་ནོ”ཞེས་ཕྱག་ཡང་ཡང་འཚལ་སོང་།

 བླ་རྒན་དེས་ཕྱག་འཚལ་མི་དགོས་པའི་བརྡ་སྟོན་པ་དང་དལ་བྲེལ་མེད་པའི་ངང་ནས“ཁྱོད་གཉིས་སེམས་འཚབ་བྱེད་མི་དགོས། སྐྱོན་ཡོད་པ་མ་རེད། ངས་དང་པོ་མོ་ཞིག་བཏབ་ན་ཡོད་ཚད་གསལ་འོང”གསུངས་ཀྱང་ཁོ་རང་བཞུགས་ས་མེད་པ་ལྟར་སྣང་བས་ང་རང་བལ་གདན་ལས་ཡར་ལངས་ནས་ཁ་གཏད་ཀྱི་ལྕགས་ཐབ་འགྲམ་དུ་ཙོག་པ་ཡིན། བླ་མ་ཁོ་རང་ང་སྡོད་སའི་བལ་གདན་ཐོག་བཞུགས་པ་དང་ཕྲེང་བ་དམར་པོ་དེ་ལག་པས་ཡང་ཡང་བརྡར་རྗེས་ཕྱག་བརྒྱ་བྱས་ནས་འཇམ་ཐིང་ཐིང་ངང་བཞུགས་སོང་།

དུས་ཚོད་དེའི་ནང་སྐྱེས་པ་དེས་སྒྲོག་རྩེའི་ཐོག་ཏུ་མར་མེའི་ཀོང་ཕོད་མང་པོ་སྟར་ནས་མེ་སྒྲོན། དེའི་ཐོག་ཏུ་གསོལ་བ་འདེབས་བཞིན་ཆུ་གཏོར། བུད་མེད་དེས་བླ་མའི་མདུན་དུ་ཤིང་ཏོག་སོགས་ཀྱི་བཟའ་བྱ་སྒྲིག་པ་དང་ཤིང་ཕོར་གྱི་ནང་དུ་ཇ་ཉུང་ཙམ་ཉུང་ཙམ་བླུགས་ནས་བཀང་བ་ལ་སོགས་པ་བྱས།

 མར་མེའི་འོད་སྣང་ཇེ་ཆེར་སོང་བ་དང་མུན་པས་ཁེངས་པའི་ཁང་པ་ཡོངས་སུ་གསལ་ལམ་ལམ་འགྱུར། ངས་བླ་མའི་ཞལ་རས་གསལ་པོར་མཐོང་བྱུང་། ཁོང་གི་ཞལ་ལ་གཉེར་མས་ཁེངས་ཡོད་ནའང་བྱམས་བརྩེའི་འོད་སྣང་དམར་ལམ་ལམ་འཕྲོ། ཁོང་གི་སྐུ་ལ་གཡོ་འགུལ་སྤུ་ཙམ་ཡང་མི་འདུག རི་བོ་བཞིན་བརྗིད་ཉམས་ལྡན།  ཁོའི་རྣམ་པ་ལ་བལྟས་ན་མི་སེམས་ལ་ཟ་འཕྲུག་སློང་བ་བྱེད་པའི་བུ་ཆུང་དེའི་ངུ་སྒྲ་དེ་རྩ་བ་ནས་མེད་པ་དང་འདྲ།

ངས་ཁོང་གི་ཟུམ་ཟིན་པའི་སྤྱན་དེ་གློ་བུར་ཕྱེ་བར་བསྒུགས། ང་རང་ཁོང་གི་ཞལ་རས་ལ་ལྷད་པའི་སྐབས་དེར་ཁོང་གི་སྤྱན་གློ་བུར་ཕྱེ་བྱུང་། སྤྱན་ལས་འོད་དམར་ལྷང་ལྷང་འཕྲོས་པ་དང་ང་རང་སྐྲག་ནས་ཚ་འཕག་ཅིག་བྱས། ངའི་ཀླད་པའི་ནང་དུ་སིང་སྒྲ་ཞིག་འུར་རེ་གྲགས་པ་ཐོས།

ཁོང་གིས་ངུ་བཞིན་པའི་བུ་ཆུང་དང་ཕ་མ་གཉིས་རེ་རེ་བཞིན་སྤྱན་གྱིས་གཟིགས་སྐབས་བྱམས་བརྩེའི་འོད་སྣང་གིས་ཁེངས་ལ་ངའི་ཕྱོགས་སུ་གཟིགས་སྐབས་མིག་ལས་རལ་གྲིའི་ངོས་ཀྱི་འོད་སྣང་དང་འདྲ་བའི་རྣོ་འོད་ཅིག་གཏད་བྱུང་། འོད་དེ་མཐོང་བའི་ང་ནི་ཉེས་ཅན་ཞིག་དང་འདྲ་བར་ཁོག་འདར་ཡང་ཡང་ཤོར།

ཕ་མ་གཉིས་ཀྱིས་བླ་མའི་ཞབས་ལ་པུས་མོ་བཙུགས་ནས་གསུང་ལ་བསྒུགས་འདུག ང་རང་ཡང་ཁོ་གཉིས་བཞིན་པུས་མོ་བཙུགས་བསམ་ཡང་འཛུགས་པའི་སྤོབས་པ་བྲལ་བའི་སྣང་བ་ཞིག་སྐྱེས། དོག་མི་བདེ་ངང་ནས་ལྕགས་ཐབ་ཀྱི་འགྲམ་དུ་སྔར་བཞིན་ཙོག་པོར་སྡོད་དགོས་བྱུང་།

བླ་མས་ཞལ་ནས“བུ་ཆུང་ལ་སྐྱོན་ཆེ་བར་མི་འདུག གནད་སྐབས་ཀྱི་བར་ཆད་ཅུང་ཙམ་བྱུང་འདུག་པས། རྔ་སྦུག་མགྱོགས་པོ་འཁྱེར་ཤོག བར་ཆད་ལམ་སེལ་འདོན་དགོས་པར་འདུག”གསུངས་།

སྐད་དེ་ཐོས་འཕྲལ་ཕ་མ་གཉིས་ཀྱི་གདོང་གི་དངངས་སྐྲག་ཞི་བ་དང་འཛུམ་མདངས་གསལ་ལ་མི་གསལ་བ་ཞིག་རྒྱས་འོང་པ་མཐོང་། སྐྱེས་པ་དེ་མགྱོགས་ཤིག་ཤིག་མར་སོང་རྗེས་མགྱོགས་ཤིག་ཤིག་གི་ཡར་ཐོན་བྱུང་། ལག་དུ་རྔ་ཆུང་ཆུང་ཞིག་དང་སྦུག་ཆུང་ཆུང་ཞིག་འཁུར་འདུག

བླ་མས་སྦུག་དེ་པང་དུ་བཞག་པ་དང་ཤུག་པའི་འདབ་མ་ཞིག་ཐལ་རྫ་ནང་འཕངས་པ་ན་ཤུག་པའི་དྲི་གསུང་ཁང་པའི་ཡོངས་སུ་ཁྱབ། བླ་མས་བར་ཆད་ལམ་སེལ་མ་འདོན་གོང་དུ་གསུང་རྒྱུ“བུ་ཆུང་འདི་མི་མ་ཡིན་གྱི་གནོད་པ་བྱས་པ་འདྲ་བས། ཁྱོད་ཕ་མ་གཉིས་ཀྱང་གུ་རུ་རིན་པོ་ཆེ་ལ་གསོལ་བ་བརྩེ་གཅིག་ཏུ་འདེབས་དགོས”གསུངས།

ཁོང་གིས“མི་མ་ཡིན་གྱིས་གནོད་པ་བྱེད་པ་འདྲ”ཞེས་པ་དེ་གསུང་སྐབས་ཁྲོ་བའི་མིག་གིས་ང་ལ་གཏོད་པ་དང་མཉམ་དུ་ཁོའི་ངོ་གདོང་ལས་མེ་ལྕེ་འདྲ་བའི་འོད་དམར་ལམ་ལམ་མཆེད་པ་མཐོང་ཚེ། ང་རང་ནི་མི་མ་ཡིན་གང་དེ་ཡིན་པ་བཞིན་དུ་བལྟས་མི་བཟོད་པའི་མགོ་བོ་མར་སྒུར་དགོས་བྱུང་།

ཁོང་གིས་བར་ཆད་ལམ་སེལ་གྱི་སྔོན་འགྲོའི་ཚུལ་དུ་བཛྲ་གུ་རུ་དབྱངས་ཀྱིས་གྱེར་བ་རྩོམ་ཚེ། ངའི་ཀླད་པ་ནང་དུ་སིང་སྒྲ་སླར་ཡང་གྲགས་བྱུང་། རྔ་རྡུང་དུས་སུ་ངའི་རྣ་བར་བུ་ག་རྟོལ་བ་ལྟར་གྱི་ན་ཟུག་བྱུང་། ཁོང་གིས་གྱེར་བའི་བར་ཆད་ལམ་སེལ་རིམ་གྱིས་མི་ཐོས་པར་འགྱུར་ནས་རྣ་བ་དང་ཀླད་པ་ཡོད་ཚད་སིང་སྒྲའི་ཁེངས། སྦུག་རྡུང་ཚེ་ཁོང་གིས་བརྡུངས་བ་ནི་སྦུག་མ་ཡིན་པར་ངའི་མགོ་ཡིན་པར་བཞིན་ངའི་མགོ་རུས་དང་ཀླད་པ་ཡོད་ཚད་རྩམ་པ་བཞིན་འགྱུར་བའི་སྣང་བ་སྐྱེས། དེ་ནས་ངའི་དབང་པོ་ལྔའི་ཚོར་བ་ཀུན་རིམ་གྱིས་ཡལ་བ་དང་ངའི་རྣམ་ཤེས་ནི་གཤོག་པ་ཐོག་པའི་བྱིའུ་ཞིག་ལྟར་ཐག་རིང་གི་ནམ་མཁའ་རུ་འཕུར་བཞིན་འདུག

ང་རང་གཉིད་ལས་སད་པ་དང་།  དང་པོར་ནམ་མཁའ་མཐོང་བྱུང་། དེ་རིང་གི་ནམ་མཁའ་ནི་ཅི་འདྲའི་དྭངས་ཞིང་གཙང་བ་ལ་ཨང་། སྤྲིན་པ་བྱིའུ་ཡི་མགོ་ཙམ་ཡང་མཐོང་རྒྱུ་མི་འདུག ཉི་མའི་འོད་ཟེར་ནི་འཇའ་འོད་བཞིན་ངའི་མིག་ལམ་དུ་གར་སྟབས་བསྒྱུར། ངས་རང་ཉིད་ཤི་ཟིན་པར་ངོས་འཛིན་བྱས། ཤི་དམྱལ་བར་སོང་ན་ཨ་ཁུ་ཆོས་རྒྱལ་མཇལ་མི་བསམ་ནའང་མི་མཇལ་རང་མཇལ་ཡིན་པས་ངས་ཁོ་ལ་ལག་རྟགས་གཡག་རྒན་ཐོད་དཀར་དེ་སྦྱིན་དགོས་སམ་མཛོ་མོ་རྔ་མེད་དེ་སྦྱིན་དགོས། འདི་ལྟར་ཐེ་ཚོམ་གྱི་གནས་སུ་ལྷུང་པ་ན་ལྷས་རའི་ལྕི་བ་སྐམ་པོའི་དང་སེར་ཆེན་མཉམ་དུ་འདྲེས་པའི་དྲི་ངད་ཞིག་ངའི་སྣ་རུ་འཛུལ་བྱུང་བ་ན་ཤི་དམྱལ་བ་ནའང་ལྷས་ར་ཡོད་པ་འདི་ཅི་འདྲ་ཡིན་ནམ་སྙམ་གྱིན་ངས་རང་གི་ལུས་པོ་ཡོངས་སུ་ལག་མྱུལ་བྱེད་ཀྱང་ན་ཟུག་ཡོད་པ་མ་ཚོར། དལ་བར་ཡར་ཙོག་པ་ན་ངས་རྒྱུས་ཡོད་ཀྱི་ས་གཞིའི་ཟུར་ཀུན་མཐོང་བྱུང་། ནགས་ཚལ་དང་བྲག་རི། ཤང་ཤང་དུ་རྒྱུ་བའི་ཆུ་ཕྲན། དཔྱིད་དུས་སུ་ངས་ཁལ་མ་བཏགས་མྱོང་བའི་ལྷས་ར་འདི།  ངས་ངེད་ཚང་གི་ཁྱི་རྒྱ་བོ་བཏགས་མྱོང་བའི་ལྷས་དཀྱིལ་གྱི་ཤུག་སྡོང་ཆེན་པོ་དེ། ངས་ཆུ་ཡང་ཡང་ལེན་མྱོང་བའི་ལྷས་འདབ་ཀྱི་ཆུ་ཕྲན་དེ། ང་རང་ཡང་སྙིང་ངེད་ཚང་གི་དཔྱིད་སའི་ལྷས་ར་ནང་ཉལ་ནས་ཡོད་པ་ཤེས།

ཁ་སང་གི་ས་སྲོས་ལ་ངེད་ཚང་གི་དཔྱིད་སའི་ལྷས་ར་ནང་དུ་བོད་ཁང་གྲུ་བཞི་ཞིག་ཡོད་པ་མིན་ནམ། ད་ནི་རླངས་པ་བཞིན་ཡལ་ཟིན་པ་འདི་ཅི་ཡིན། བླ་མ་དེས་གསུངས་བའི་མི་མ་ཡིན་དྲན་བྱུང་། ང་རང་མི་མ་ཡིན་ཡིན་ནམ། ཡང་ན་ཕ་མ་དེ་གཉིས་དང་ཕྲུ་གུ་དེ། བླ་མ་དེ། ད་དུང་ས་སྲོད་ལ་མཐོང་བའི་ཁང་པ་དེ་ཡོད་ཚད་མི་མ་ཡིན་ཡིན་ནམ་ཡང་ན་རྨི་ལམ་ཡིན།

ངས་མདང་དགོང་གི་མཚན་མོའི་དོན་དག་དེ་རྨི་ལམ་ཡིན་པ་སྙམ་གྱིན་རང་སེམས་གསོ། ཡིན་ཡང་ངའི་སྟོད་ཐུང་གི་པར་ཁུག་ན་ལག་ཉུལ་ཞིག་བྱེད་པ་ན་ཁ་སང་ཡོད་པའི་སྨན་རྩྭའི་དྲི་མ་ཅན་གྱི་འགྱིག་བྱེ་རིལ་ལམ་ཐང་ཆུ་རྡོག་པོ་དེ་མཐོང་རྒྱུ་མི་འདུག

 སྐྱེས་པ་དེ་དང་བུད་མེད་དེ། ད་དུང་བུ་ཆུང་སྣ་ལུག་དེ། ཁོ་ཚོ་འཇིག་རྟེན་འདི་ན་དངོས་སུ་ཡོད་པར་ཡིད་ཆེས་བྱེད་དགོས་བྱུང་། ཁོ་ཚོ་ངེད་ཚང་གི་དཔྱིད་སའི་ལྷས་ར་ནང་ཁང་པ་བརྒྱབ་ཀྱང་ང་ངོ་ཤེས་ཀྱི་མི་འདུག ས་འདི་ནི་ངེད་འབུ་ཚ་སྡེ་བའི་རྩྭ་ས་ཡིན་ཡང་ཁོ་ཚོས་འབུ་ཚ་སྡེ་བ་ཟེར་བ་ཐོས་མ་མྱོང་ཟེར། ང་ཚོའི་ས་སྲོས་ནི་ཁོ་ཚོའི་ཐོ་རངས་ཡིན་ལ་ངའི་མཚན་མོ་ནི་ཁོ་ཚོའི་ཉིན་དཀར་ཡིན། ད་དུང་ངེད་ཚང་གི་དཔྱིད་ས་ནི་ཁོ་ཚང་གི་ཞིང་ཐང་ཡིན། ད་ལྟ་ཁོ་ཚོས་ཅི་ཞིག་བྱེད་བཞིན་ཡོད་དམ། བུ་ཆུང་དེ་ད་དུང་ཡང་ངུ་བཞིན་ཡོད་དམ། འོ། ངའི་ཉིན་དཀར་ནི་ཁོ་ཚོའི་མཚན་མོ་ཡིན་པས་ཁོ་ཚོ་ད་ལྟ་རྨི་ལམ་གྱི་ཞིང་དུ་རྒྱུ་བཞིན་ཡོད་ངེས། 

ང་རང་ངེད་ཚང་གི་དཔྱིད་སའི་ལྷས་ར་ནས་ཡར་ལངས་པ་ན་ངའི་གྲོད་པ་ན་ནས་གཟེར་བྲེང་ངེར་བྱེད་བཞིན་པར་ཚོར། ང་རང་བཟོད་སྒོམ་བྱེད་བཞིན་གོམ་པ་ཁ་ཤས་ཕར་ལ་བསྐྱོད་པ་ན་གྲོད་པ་ནང་གི་ཡོད་ཚད་མགྲིན་པ་ནས་གློ་བུར་སྐྱུགས་བྱུང་། ཁམ་མོ་གང་རེ་སྐྱུགས་དུས་ངའི་དོན་ལྔ་སྣོད་དྲུག་སྐྱུགས་པ་དང་འདྲ་བའི་ན་ཟུག་ཚད་མེད་སྐྱེས།

 སྐྱུགས་ཚར་རྗེས་མཆིལ་མ་ཕུ་བཞིན་རྐང་འགྲམ་གྱི་སྐྱུགས་པ་ལ་ཞིབ་ལྟ་ཞིག་བྱས། ཧ་ལས་ཧང་སངས་སོང་། ངའི་སྐྱུགས་པ་ཡོད་ཚད་ས་རྡོ་རྐྱང་རྐྱང་རེད་འདུག ས་རྡོའི་འབྱུང་ཁུངས་ནི་ཡ་མཚན་གྱི་ཁང་པ་དེ་ནས་ཟས་པའི་རྩམ་པ་དང་འཐུང་བའི་ཤ་ཁུ་ཡིན་དགོས། གཞན་དུ་ན་ངས་ས་དང་རྡོ་སོགས་བཟའ་མ་སྲིད་ཨང་། ཁོ་ཚོའི་རྩམ་པ་དེ་ང་མཚོན་ན་ས་དང་རྡོ་ཡིན་ན་ངའི་འགྱིག་བྱེ་རིལ་དེ་ཁོ་ཚོ་ན་མཚོན་ན་ཅི་ཞིག་ཡིན་དགོས།

ང་རང་མི་མ་ཡིན་ཡིན་ནམ།  ངས་དྲི་རྟགས་ཆེན་པོ་འདི་རྒྱབ་ཏུ་ཁུར་ནས་ངེད་ཚང་གི་དཔྱིད་སའི་ལྷས་དང་བྲལ་བ་སྟེ་མུ་མཐུད་དུ་སྟོན་སའི་ཕྱོགས་སུ་འཛེགས། ཉིན་གཅིག་གི་མཛོ་མོ་བཅོ་ལྔའི་འོ་མ་དག་འཕྲོ་བརླག་ཏུ་སོང་བར་དྲན་ཚེ་ངའི་གོམ་པ་ཡང་རང་འགུལ་གྱིས་ཇེ་མགྱོགས་སུ་སོང་།  དཔྱིད་ས་ནས་སྟོན་སའི་བར་ད་དུང་ཆུ་ཚོད་ལྔ་ཙམ་གྱི་ལམ་ཐག་ཡོད་ཨང་།

[1] སྨར་ཁམས་ཀྱི་ཁ་སྐད་དུ་འདི་སྐྱེལ་འདྲེན་ལ་བཀོལ་བའི་གནག་གི་མིང་ཙམ་མ་ཟད། མཛོ་དང་མཛོ་མོ། འབྲི་གཡག་སྤྱིའི་མིང་ལའང་གོ

                                                                               རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་མ་ཡིན།

2016-07-18 ཀླད་ཀོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།