ཀླད་ཀོར་གྱི་བརྩམས་སྒྲུང་། རོ་ལངས།

“ཁྱོད་རང་ང་ལ་དེ་འདྲའི་སུན་དོན་ཅི་ཡིན”

“ང་རང་ཁྱོད་ཀྱི་ཅི་ཡང་ཤེས་པ་དང་འདྲ་བའི་རྣམ་འགྱུར་དེ་ལ་སུན་གི”

སྐད་ཆ་དང་པོ་དེ་བུ་མོ་གཟུགས་རིང་པོ་སྐྲ་ཐུང་ཐུང་ཅན་ཞིག་གིས་འདྲི་བ་རེད་ལ་རྗེས་མ་དེ་བུ་མོ་གཟུགས་ཐུང་ཐུང་སྐྲ་ལོ་རིང་པོ་ཅན་ཞིག་གིས་ལན་བཏབ་པ་རེད།
དེ་དུས་ཀྱི་རྣམ་པ་ནི་བུ་མོ་གཟུགས་ཆུང་ཆུང་དེ་མགྱོགས་ཤིག་ཤིག་གི་གླིང་གའི་སྒོ་ནས་མར་ཐོན་པ་དང་བུ་མོ་གཟུགས་རིང་བ་དེས་མོའི་རྗེས་སུ་འདེད་འོང་ནས་སྐད་ཤུགས་ཆེན་པོས“ཁྱོད་རང་ང་ལ་དེ་འདྲའི་སུན་དོན་ཅི་ཡིན”ཞེས་འབོད་པར་བུ་མོ་གཟུགས་ཆུང་ཆུང་དེ་ཁོང་ཁྲོ་དང་བཅས་མགོ་ཤུགས་ཀྱི་ཚུར་བསྐོར་ནས“ང་རང་ཁྱོད་ཀྱི་ཅི་ཡང་ཤེས་པ་དང་འདྲ་བའི་རྣམ་འགྱུར་དེ་ལ་སུན་གི”ལན་འདི་ལྟར་བཏབ་ཚར་བ་དང“ཏུང་ཏུང”ཞེས་ངའི་སྐད་འཕྲིན་ནང་བརྡ་འཕྲིན་འོང་བའི་སྒྲ་གྲགས་བྱུང་།
གོང་གི་སྐད་ཆ་འདི་དང་རྣམ་པ་དག་ནི་མ་གཞི་ཉི་ཧོང་གི་གློག་བརྙན《རྒྱ་མཚོའི་ཐོག་ཏུ》ཞེས་པའི་ནང་གི་དུམ་བུ་ཞིག་རེད།  དེ་རིང་ང་རང་ཁོ་རེ་ཡ་དང་ཉི་ཧོང་གི་དལ་ལྷོད་ལྷོད་ཀྱི་གློག་བརྙན་དག་ལ་དགའ་པོ་ཡོད་པ་ཤེས་མཁན་གྱི་གྲོགས་པོ་ཞིག་གིས་ངའི་སྐད་འཕྲིན་ནང་གློག་བརྙན་འདིའི་དྲ་ཐག་སྐུར་བྱུང་། ངས་མུན་རུབ་པ་དང་ཁ་པར་ནས་གློག་བརྙན་དེ་ལ་ལྟ་བཞིན་ད་ཆ་ཕྱེད་ཙམ་ལ་སླེབ་དུས“ཏིང་ཏིང”ཞེས་སྐད་འཕྲིན་དུ་བརྡ་འཕྲིན་འོང་བའི་སྒྲས་གློག་བརྙན་དང་ཡོངས་སུ་འདྲེས་པའི་ངའི་བློ་ཡང་དཀྲོགས། དོན་དག་ཆེན་པོ་འདྲ་ཡོད་པ་མིན་ནམ་སྙམ་གྱིན་གློག་བརྙན་དེའི་དྲ་ལམ་ཁ་བརྒྱབ་རྗེས་སྐད་འཕྲིན་ན་ཡང་སྙིང་སྐད་ཆ་ཅི་ཞིག་སྐུར་འདུག་པར་བལྟས།

 རྒྱ་ཡིག་གི་མིང་ལ“རེ་བ”ཟེར་བའི་མི་ཞིག་གིས“ཨ་རོགས། ཁྱོད་པེ་ཅིང་ན་ཡོད་དམ”ཞེས་རྒྱ་ཡིག་གི་ལམ་ནས་དྲིས་འདུག ཁོའི་གྲོགས་པོའི་ཚོམས་མཛུབ་མོས་མནན་ནས་ཞིབ་ལྟ་ཞིག་བྱས་ན་མ་གཞི་ཁོ་རང་ནི་ངའི་ཆུང་དུས་ཀྱི་གྲོགས་པོ་ཞིག་ཡིན་འདུག་པས་ངས་ཁོའི་སྐད་ཆའི་ནང་དོན་ལ་ཁ་ཡ་དེ་ཙམ་མ་བྱེད་པར་ཅུང་མི་དག་པའི་རྒྱ་ཡིག་གི་ཡིག་འབྲུ་རེ་རེ་སླར་ཡང་ནན་ཏན་ངང་ཐེངས་གཅིག་བཀླགས།

ང་རང་ཕ་ཡུལ་དུ་ལོག་ན་ཞག་མ་རེད་གཉིས་ཙམ་ལས་མི་བསྡད་པ་མ་ཟད། ད་ལྟ་ཕྱི་དྲན་ཞིག་བྱས་ནས་ལག་པས་མཛུབ་མོས་བགྲང་བྱ་བརྩིས་ཚེ་ཕ་ཡུལ་དུ་མ་ལོག་པར་ལོ་གསུམ་ཙམ་འདས་ཟིན་པ་ཤེས་འོང་། ཕ་ཡུལ་གྱི་མི་རྣམས་ཀྱིས་མིང་ལ“འཕྲིན་ལས་བཟོད་པ”ཟེར་བའི་ཕྲུ་གུ་དམར་རྗེན་ཞིག་གི་ངོ་སྒྲའི་རོལ་དབྱངས་ཀྱིས་ཕ་ཡུལ་གྱི་རི་ཀླུང་ཁེངས་ནས་མི་ཡུལ་དུ་ཐོན་མྱོང་བ་སྔར་ནས་བརྗེད་ཟིན་པ་འདྲ་སྟེ། ཉི་མ་ལྡེ་བཞིན་རྗེས་དྲན་བྱེད་པ་ལ་དགའ་བའི་བགྲེས་སོང་ནང་ནས་ཨ་ཁུ་བློ་གྲོས་ཀྱིས་ཕ་ཡུལ་གྱི་ན་ཆུང་རྣམས་ཁོ་ཚང་གི་ར་ལུག་བཞིན་རྩི་སྐབས་གློ་བུར་དུ་གཅིག་ཚང་མེད་པའི་བློ་བསྐྱེད་ཅིག་བྱུང་བས་ཉེ་འགྲམ་གྱི་བགྲེས་སོང་རྣམས་ལ“ཨ་རོགས་ཚོ། བེ་ཐང་ཚང(ངེད་ཚང)ལ་ཕྲུ་གུ་དྲུག་ཡོད་ཨང”ཞེས་བཤད་མ་ཐག ཨ་ཡེ་གཡུ་མཚོས་དེ་མ་ཐག་ཏུ་ཁོ་ལ་དགག་ཅིང་བེ་ཐང་ཚང་ལ་ཕྲུ་གུ་ལྔ་ཡོད་པ་དང་དེ་ཚོ་ད་ལྟ་ས་ཆ་གང་ཞིག་ཏུ་ལས་ཅི་ཞིག་བྱེད་ཀྱིན་པ་སོགས་སྒྲུབ་བྱེད་དུ་བཀོད་པ་ན་ཨ་ཁུ་བློ་གྲོས་དང་ཁ་རྩོད་ཡང་ཡང་ཤོར།  ཁོ་གཉིས་ཀྱི་ཁ་རྩོད་ཀྱི་ཁྲོད་དུ་ཉེ་འགྲམ་གྱི་འགྲེས་སོང་རྣམས་ཀྱང་རྗེས་དྲན་དུ་རང་དབང་མེད་པར་ལྷུང་བ་དང་ཆུང་དུས་ངས་ཁོ་ཚོ་ལ་བཞག་པའི་བག་ཆགས་རྣམས་རིམ་གྱིས་སད་འོང་བ་འདྲ། འོ། ལོ་སར་གྱི་སྐབས་སུ་ལྕགས་ཐབ་ན་ཤོག་སྦག་འཕང་མཁན་དེ། འོ། བྱེའུ་མདར་གྱིས་ངེད་ཚང་གི་ཤེལ་སྒོ་གཅོག་མཁན་དེ། འོ། མགྲོན་པོ་སླེབས་ཡོང་དུས་ཁྱིའི་ལྕགས་ཐག་གྲོལ་མཁན་དེ…ཁོ་ཚོས་བེ་ཐང་ཚང་ལ་བྱིས་པ་པྲ་ཆལ་ཞིག་ཡོད་པ་རབ་རིབ་ཀྱིས་དྲན་ཐུབ་མོད། བྱིས་པ་དེའི་མིང་ལ་ཅི་ཟེར་བ་དང་ནར་སོན་རྗེས་གང་དུ་ཡོད་པ་སོགས་རྩ་བ་དྲན་མ་ཐུབ། 

ལོ་གསུམ་གྱི་སྔོན་དུ་ང་རང་ཕ་ཡུལ་དུ་ཐེངས་གཅིག་ལོག ང་རང་ཕ་ཡུལ་དུ་སླེབས་པའི་ཕྱི་ཉིན་ཞོགས་པར་ཞིང་ཐང་གི་མུ་ཁར་འགྲེང་ནས་ཡུན་རིང་མ་མཐོང་བའི་བྱིས་དུས་ཀྱི་རྩེད་ར་དག་ལ་ཞིབ་ལྟ་བྱེད་སྐབས་དེར་བ་གླང་རི་ལ་འདེད་བཞིན་པའི་ཕ་ཡུལ་གྱི་གཞོན་ནུ་མ་དག་གིས་ང་རང་མཐོང་སོང་བ་འདྲ་སྟེ། ཉིན་ཕྱེད་ལ་སླེབས་དུས་ཕ་ཡུལ་དུ“བེ་ཐང་ཚང་དུ་རྒྱ་ཕྲུག་ཅིག་སླེབས་འདུག”ཅེས་པའི་གསར་འགྱུར་དེས་ང་རང་དོགས་མི་བདེ་བ་བཟོས་སོང་། ཕྱི་ཉིན་ང་རང་རྒྱབ་ཁུག་ཡང་མོ་ཞིག་ཁུར་ནས་ཕ་ཡུལ་དང་བྲལ་བ་ཡིན།  རྫོང་ཁར་འགྲོ་བའི་ལམ་བར་དུ་རླངས་འཁོར་གྱི་ཁ་ལོ་པས་ཀྱང“ཁྱོད་རང་རྒྱ་ཕྲུག་ཅིག་དང་ཨ་ན་མ་ན་རེད”ཟེར།

དུས་རྒྱུན་ང་རང་མལ་ཁྲིའི་ཐོག་ཏུ་གཉིད་མ་སད་ཀྱིས་ང་དང་ངའི་ཕ་ཡུལ་བར་གྱི་འབྲེལ་བའི་སྐོར་ལ་བསམ་བློ་གང་མང་གཏོང་མྱོང་། ཕ་ཡུལ་ལ་མཚོན་ན་ང་ནི་གཡང་གཟར་གྱི་བྲག་རི་ནས་སྤོབས་པ་ཆེན་པོས་འཕུར་བའི་གླག་ཕྲུག་དེ་ཡིན་ནམ། ཡིན་ན་སླར་ལོག་བྲལ།  ང་ལ་མཚོན་ན་ཕ་ཡུལ་ནི་ཚེར་མ་སྐྱ་བོས་ཁེངས་པའི་ལུང་པ་དོག་དོག་དེ་ཡིན་ནམ། ཡིན་ན…
    ང་རང་ནི་འདི་ལྟར་ཕ་ཡུལ་དང་མི་ཡུལ་གྱི་བར་དུ་སྤྲིན་དཀར་བཞིན་ལང་ལིང་ངང་གཡོ།  ཕ་ཡུལ་དང་མི་ཡུལ་གཉིས་ཀ་ངའི་འབབ་ཆོག་པའི་མལ་ས་མ་རེད། དེ་བཞིན་དུ་ང་རང་ནི་སློབ་ཁང་ནང་དུ་ཙོག་པོར་བསྡད་ཐུབ་མཁན་གྱི་སློབ་མ་ཞིག་ཀྱང་མིན་པས་སློབ་ར་དང་སྤྱི་ཚོགས་ཀྱི་བར་དུ་སྲིང་བལ་བཞིན་གཡོ་བ་བྱེད།

ངའི་གྲོགས་པོ“རེ་བ”ཞེས་པ་དེས་ཀྱང་ཕ་ཡུལ་གྱི་མི་ཀུན་དང་འདྲ་བ་ང་རང་བརྗེད་ཟིན་མོད། ཁོས་ཀྱང་དུས་ཚོད་མི་འགྲོ་བའི་བར་སྐབས་ཞིག་ལ་སྐད་འཕྲིན་གྱིས་རྩེད་མོ་རྩེ་བའི་ཚེ་ན་སྐད་འཕྲིན་དུ་གློ་བུར་ང་རང་མཐོང་བ་ཡིན་ངེས་ལ་ང་རང་མཐོང་ནས་ཀྱང་ཁ་བདེ་ལྕེ་བདེ་དང་པྲ་ཆལ་ཅན་གྱི་ཁོའི་ཆུང་དུས་ཀྱི་གྲོགས་པོ་དེ་དྲན་པ་ཡིན་ངེས། དེའི་ཕྱིར“ཨ་རོགས། ཁྱོད་པེ་ཅིང་ན་ཡོད་དམ”ཞེས་འདྲི་བ་ཡིན་ངེས།
  ངས་ཁོའི་ཅུང་མི་དག་པའི་རྒྱ་ཡིག་གི་དྲི་བ་དེ་མཐོང་ཚེ། ཁོ་ལ་ལན་ཅི་འདྲ་ཞིག་གཏབ་པ་ལ་བསམ་བློ་མ་གཏོང་བར་ཁོའི་ཅུང་མི་དག་པའི་རྒྱ་ཡིག་གི་ཡིག་འབྲུ་དག་ལ་ཧད་ནས་ལུས། ཁོའི་མིང་ལ་བློ་བཟང་ཚེ་རྒྱལ་ཟེར། ད་ལྟ་དྲན་དུ་ཡོད་པའི་ཁོའི་སྣང་བརྙན་ཉག་གཅིག་ནི་ལོ་རིམ་དྲུག་པའི་སྐབས་སུ་བོད་ཡིག་དགེ་རྒན་གྱིས་ཁོ་ལ་རང་མིང་བཀླག་ཏུ་བཅུག་པའི་ངང་ཚུལ་དེ་རེད།
          “བློ་བཟང་ཚེ་རྒྱལ་ཁྱོད་ཀྱིས་རང་མིང་ཀློག་ཨེ་ཤེས”
          “རྒན་ལགས། ངས་རང་མིང་འདོན་ཤེས”
          “དེ་ན་གཅིག་ཀློགས་དང་ཡ”
          ཁོས་ཅུང་ནན་ཏན་གྱིས“བློ་དཱ་བློ། བཟང་དཱ་བཟང་། ཆོས་དཱ་ཆོས། རྒྱལ་དཱ་རྒྱལ”ཞེས་འདོན་བྱུང་།
          ལོ་རིམ་དྲུག་པའི་སྐབས་སུ་ང་ཚོ་འཛིན་གྲྭའི་ནང་དུ་རྒྱ་ཡིག་ཤེས་མཁན་གཅིག་ཀྱང་མེད་ལ་བློ་བཟང་ཚེ་རྒྱལ་བཞིན་བོད་ཡིག་གི་རང་མིང་འདོན་མི་ཤེས་པའི་སློབ་མ་ཡང་མང་དུ་ཡོད། ད་ལྟ་ནར་སོན་རྗེས་ཀྱི་བློ་བཟང་ཚེ་རྒྱལ་གྱིས་རྒྱ་ཡིག་ཅི་འདྲས་ཤེས་པ་ཡིན་ནམ་སྙམ་གྱིན་ཁོའི་དྲི་བ་ལ་ལན་མ་གཏབ་པར“ཁྱོས་རྒྱ་ཡིག་ཅི་འདྲས་ཤེས་པ་ཡིན”ཞེས་འདྲི་བ་ཡིན།

  ཁོས་བོད་མིའི་བསམ་བློ་གཏོང་སྟངས་དེ་རྒྱ་ཡིག་གི་ལམ་ནས་མཚོན་མི་ཐུབ་པ་ཡིན་ནམ། ངས་ཁོའི་སྐད་ལ་ཡུན་རིང་ཞིག་བསྒུགས་ཀྱང་ལན་ཅི་ཡང་མི་འདུག    ངས་ང་གཉིས་ཀྱི་ཁ་བརྡའི་ལྕོག་ངོས་ཁ་བརྒྱབ་པ་ན་ཚེ་རིང་མཚོས་སྔོན་མ་ཞིག་ནས་ང་ལ་སྐད་བསྐུར་ཡོད་པ་གཞི་ནས་མཐོང་བྱུང་། མོས“ཁ་སང་ང་ཚོ‘རོ་ལངས’ཚོགས་པའི་ལྷན་འཛོམས་ཀྱི་སྐབས་སུ་ཁྱོད་རང་མི་འོང་བའི་རྒྱུ་མཚན་ཅི་ཡིན”ཞེས་དྲིས་འདུག

རེད་ཨང་། ཡང་ལྷན་འཛོམས་མང་བའི་དུས་ཚོད་ཅིག་ཤར་བྱུང་སྙམ། དེ་ནི་ང་དང་ང་འདྲ་བའི་སློབ་ཐོན་སློབ་མ་རྣམས་སྐྱེལ་བའི་ཟང་ཟང་ལང་ལོང་གི་ལྷན་འཛོམས་ཀྱི་དུས་ཚོད་ཅིག་རེད། མི་མང་ཆེ་ཤོས་ནི་ལྷན་འཛོམས་ལ་དགའ་མོད་ཀྱང་ང་རང་ནི་ལྷན་འཛོམས་སྐབས་ཀྱི་འུད་ཤོབ་དང་མི་ཀུན་སྐད་ངག་ལ་སོགས་པ་ཅི་ཞིག་ངོམས་ཉམས་བྱེད་པའི་ཟང་ཟིང་ལ་ཤིན་ཏུ་སུན་པས་ལོ་བཞིའི་རིང་ལྷན་འཛོམས་ཀྱི་སྒོར་མོ་ཅི་ཙམ་བསྡུ་དགོས་པ་དེ་ཙམ་སྤྲད་རྗེས། རང་ཉིད་དགའ་པོ་ཡོད་པའི་བྱ་བ་དག་སྒྲུབ་དུ་སོང་།

ང་ཚོའི་འཛིན་གྲྭའི་ནང་དུ་ང་རང་ལྷན་འཛོམས་ལ་ཡོང་ཡོད་མེད་ལ་ཁ་ཡ་བྱེད་མཁན་མེད་པ་དེ་ངའི་བློ་དང་ཡོངས་སུ་མཐུན་པའི་ཆ་གཅིག་རེད། ཚེ་རིང་མཚོ་དང་ང་གཉིས་འཛིན་གྲྭ་གཅིག་མིན་ཡང་ང་ཚོ་ལྷན་འཛོམས་མ་བྱེད་གོང་དུ་མོས་ང་རང་སྐད་གཏོང་ངེས་པ་དང་ལྷན་འཛོམས་བྱེད་རྗེས་སུ་མོས་ང་ལ་ལྷན་འཛོམས་སུ་མི་ཡོང་བའི་རྒྱུ་མཚན་བཤད་དུ་བཅུག་ངེས། ཡིན་ཡང་ང་རང་དེ་ཙམ་གྱིས་མོ་ལ་སུན་པར་མི་བྱེད།

 ལྷན་འཛོམས་ཀྱི་སྐབས་སུ་མ་ཟད། དུས་རྒྱུན་འཚོ་བའི་ཐད་དང་སློབ་སྦྱོང་ཀྱི་ཐད་དུའང་ང་ཚོ་འཛིན་གྲྭའི་དགེ་སློབ་རྣམས་ཀྱིས་ང་རང་བརྗེད་འགྲོ་གི་ཡོད། ཁོ་ཚོ་ལའང་ངའི་ཕ་ཡུལ་གྱི་འགྲེས་སོང་རྣམས་དང་འདྲ་བའི་ཆ་ཞིག་ཡོད་པ་ནི་སློབ་ཚན་འཚོགས་སྐབས་མིང་ཐོ་འབོད་ཡོང་དུས་དགེ་སློབ་ཚང་མས་ང་རང་གློ་བུར་དུ་དྲན་འོང་བ་དེ་རེད། ཁོ་ཚོས་ང་དྲན་འོང་དུས་ང་རང་སློབ་བྱོལ་དུ་ཕྱིན་ཚར་བས་སློབ་ཁང་དུ་ཡོད་མི་སྲིད། སློབ་བྱོལ་དུ་ཕྱིན་པ་ནི་ངའི་གོམས་གཤིས་ཞིག་ཡིན་པ་བཞིན་རིམ་གྱིས་རྒན་ལགས་ཀྱིས་མིང་ཐོ་འབོད་དུས་ང་རང་སླེབས་མེད་པ་དེ་རྒྱུན་ལྡན་ཞིག་ཏུ་གྱུར། དེའི་ཕྱིར་དགེ་རྒན་ཁ་ཤས་ཀྱིས་སློབ་མའི་མིང་འབོད་དུས་ངའི་མིང་འབོད་ཀྱི་མེད། སྣང་ཚུལ་དེ་ཡང་རྒྱུན་ལྡན་དུ་སོང་བས་དགེ་སློབ་ཀུན་གྱིས་འཕྲིན་ལས་བཟོད་པ་ཟེར་བའི་སློབ་མ་དེ་སྔ་ས་ནས་བརྗེད་དུ་བོར།

ང་རང་ནི་ལྷན་འཛོམས་ལ་དགའ་མཁན་ཞིག་མིན་མོད། སྔོན་མར་ང་རངརོ་ལངསཀྱི་ཚོགས་མི་ཡིན་དུས་བགྲང་དུ་མེད་པའིརོ་ལངསཀྱི་ལྷན་འཛོམས་ལ་གཅིག་ཀྱང་ཆད་མ་མྱོང་། ཉིན་ཞིག་ང་རང་རྗེས་སུ་ལུས་པས་ཚོགས་མི་གཞན་རྣམས་ཀྱིསསྦི་རག་ཤེལ་དམ་གང་དབུགས་ཐེངས་གཅིག་གིས་ཞབས་དག་སྐྱོན་དགོསཟེར། ངས་ཀྱངཁ་བའི་འདབ་མརྟགས་ཅན་གྱི་སྦི་རག་རག་ཤེལ་དམ་གང་དབུགས་ཐེངས་གཅིག་གིས་ཞབས་དག་བརྒྱབ་པ་ཡིན། ངའི་མིག་ཟུར་ནས་མིག་ཆུ་ཁྲོ་ལོ་ལོ་མར་འཛག་འོང་བ་མཐོང་ཚེ་ཁོ་ཚོ་ཡིད་ཚིམ་ནས་དགོད་པར་བྱེད།

  ཚེ་རིང་མཚོས་བཤད་པའི‘རོ་ལངས’ནི་ལོ་རིམ་དང་པོའི་སྐབས་སུ་ང་དང་ཞབས་བྲོ་གླིང་གི་ཀྲང་ཙི་ཨུན་གཉིས་ཀྱིས་བཙུགས་པའི་སྙན་ངག་གི་ཚོགས་པ་ཞིག་ཡིན། ལོ་རིམ་དང་པོ་ནས་གསུམ་པའི་སྐབས་སུ་ཚོགས་མི་བུ་མོ་དྲུག་དང་བུ་ལྔ་བསྡོམས་པས་མི་བཅུ་གཅིག་ཡོད་ཅིང་ལོ་རིང་གསུམ་པར་སླེབས་སྐབས་ང་དང་ཀྲང་ཙི་ཨུན་གཉིས་ཀ་ཚོགས་པ་དེ་དང་བྲལ་བ་ནས་བཟུང་ཚོགས་མི་ག་ཚོད་ཡོད་པ་ངས་ཀྱང་མི་ཤེས།
           ང་རང‘རོ་ལངས’དང་ཁ་བྲལ་ཟིན་ནའང་ཚོགས་པ་དེའི་ལྷན་འཛོམས་ཀྱི་སྐབས་སུ་ཚེ་རིང་མཚོས་ང་ལ་སྐད་གཏང་རྒྱུ་བརྗེད་ཀྱི་མེད། དེ་རིང་ཡང་མོས་ང་ལ་འདྲི་བའི་སྐད་ཆ་དེ་ཨ་ལན་ཡོད་མི་སྲིད་པ་ཤེས་པ་འདྲ“ཉིན་གསུམ་གྱི་རྗེས་སུ་ང་གཉིས་ཀྱང་སློབ་གྲྭ་འདི་ནས་ཁ་བྲལ་ཏེ་ཕ་ཡུལ་དུ་ལོག་དགོས་པས་དེ་རིང་འུ་གཉིས་ཀྱིས‘རོ་ལངས’ལ་རྗེས་དྲན་ཞིག་ངེས་པར་དུ་བྱེད་དགོས”ཟེར།
            ངས་ཁ་པར་གྱི་ལྕོག་ངོས་ཀྱི་ཡིག་འབྲུ་འདི་དག་བཀླགས་རྗེས། ཁ་བརྒྱབ་ནས་སྔས་འོག་ཏུ་བཅུག སྐབས་དེར་སུ་ཞིག་གི་ཡིན་པ་མི་ཤེས་པའི་ཨུ་མུ་སུ་ཞིག་ངའི་མལ་ཁྲིའི་ཟུར་དུ་སྐམ་འདུག དེ་ལས་ལྡང་བའི་དག་རྫས་དང་རྐང་དྲི་འདྲེས་མའི་དྲི་མ་གཞན་ཞིག་གིས་ང་རང་ཞེན་ཁ་ལོག་ཏུ་བཅུག་པས་མགྱོགས་པོར་རོ་སྒམ་ལྟ་བུའི་མལ་ཁྲི་འདི་དང་བྲལ་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས།

       ངས་ཟོར་ཡང་བའི་ལུས་རྩལ་གྱི་ལྭ་བ་ཆ་ཚང་ཞིག་གྱོན་རྗེས་འཁྲུད་ཁང་དུ་སོང་ནས་མེ་ལོང་ལ་ཐེངས་གཅིག་བལྟས། དྲི་མས་ཁེངས་པའི་མེ་ལོང་གི་ངོས་སུ་མི་ཞིག་རབ་རིབ་ཀྱིས་ཤར་བྱུང་། ངས་ཁོ་ལ་ཞིབ་ལྟ་ཞིག་བྱས་ཚེ་མི་དེས་ཀྱང་ང་ལ་འཛུམ་ཙམ་བྱས། ནང་དོན་ནི“ངོ་བཀྲུ་དགོས་པ་མི་འདུག རྫིག་པོ་འདུག”ཅེས་ཟེར་བ་དང་འདྲ་བས་ང་རང་ཡང་ངོ་མ་བཀྲུ་བ་ཉལ་ཁང་ནས་མར་ཐོན།

ཕྱི་རོལ་དུ་ཐོན་མ་ཐག་དེ་རིང་ཕྱི་དྲོར་ཆར་བ་ཆེན་པོ་ཞིག་བབས་པའི་འབྲས་སུ་ཤིན་ཏུ་བསིལ་བའི་རླུང་བུས་ང་ལ་བདེ་བ་སྦྱིན་པར་བྱེད། ཁོག་ཏུ་སྦས་པའི་མཁའ་རླུང་རུལ་བ་དག་མར་སྐྱུགས་པ་དང་སྣུམ་ཤིག་ཤིག་གི་མཁའ་རླུང་གཙང་མ་ཆུ་བཞིན་བཞིབས། ཨུ་མུ་སུའི་དྲི་ངན་དག་ངའི་དྲན་པ་ནས་བདས་ཚར་རྗེས་དེ་རིང་ང་རང་གང་དུ་འགྲོ་དགོས་སམ་སྙམ་པ་དང་། ང་རང་ཚེ་རིང་མཚོ་འཚོལ་དུ་འགྲོ་དགོས་པ་དྲན་བྱུང་། མོ་རང་འཚོལ་བ་ནི་ཤིན་ཏུ་སླ་སྟེ‘ཟླ་བདུན་པའི་ཚེས་བདུན’ཞེས་པའི་ཆང་ཁང་དུ་སོང་ན་མོས་རྒུན་ཆང་དམར་པོ་ཞིག་འཐུང་བཞིན་ང་རང་སྒུག་བཞིན་ཡོད་ངེས།

‘ཟླ་བདུན་པའི་ཚེས་བདུན’ཞེས་པའི་ཆང་ཁང་དེ་ནི་ང་ཚོ་སློབ་རའི་བྱང་ཕྱོགས་སུ་ཡོད་པའི་ཆང་ཁང་ཞིག་རེད། སྒོ་གྱང་ལ‘ཟླ་བདུན་པའི་ཚེས་བདུན་གནམ་གཤིས་དྭངས’ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་ལྔ་བྲིས་ཡོད། དེ་ནི་ང་ཚོ‘རོ་ལངས’ཀྱི་ལྟེ་གནས་དང་ལྷན་འཛོམས་བྱེད་ས་ཡང་ཡིན། ཚེ་རིང་མཚོས“ང་གཉིས་ཀྱིས‘རོ་ལངས’ལ་རྗེས་དྲན་ཞིག་བྱེད་དགོས”ཟེར་བར་བལྟས་ན་ང་གཉིས་འཛོམས་སའི་ས་གནས་ཀྱང་དེ་རུ་ཡིན་པ་གདོན་མི་ཟ།
        ང་རང་སློབ་གྲྭའི་ནུབ་སྒོ་ནས་ཐོན་རྗེས་བྱང་ཕྱོགས་སུ་འཐེན་པའི་གཞུང་ལམ་དེ་བརྒྱུད་ནས་སོང་། ལམ་གྱི་གཡས་གཡོན་དུ་ཟ་མ་བཟའ་བཞིན་པའི་མི་རྣམས་ཀྱིས་ཟང་ཟིང་ལང་ལོང་བྱེད་བཞིན་འདུག  ཚུལ་དེ་དག་མཐོང་བ་ན་སྐྱག་པ་ཞེས་པའི་དྲི་ངན་ཅན་དེ་གཏང་རྒྱུ་མེད་ན། འཇིག་རྟེན་གྱི་ཡོད་ཚད་མི་གྲོད་པ་ན་ཟད་ངེས་རེད་སྙམ་བཞི‘‘ཟླ་བདུན་པ་ཚེས་བདུན’དང་ཇེ་ཉེ་རུ་སོང་བ་དང་ཟང་ཟིང་ཡང་རིམ་གྱིས་འཇགས།
       ཆང་ཁང‘ཟླ་བདུན་པའི་ཚེས་བདུན’གྱི་སྒོར་ཁར་སླེབས་ཚེ་ཁོར་ཡུག་ཡོད་ཚད་འཇམ་ཐིང་ངེར་གནས། ང་ཤེལ་ལས་བཟོས་པའི་སྒོ་དེ་ལས་ཡར་བུད་ཚེ་སྦྱིན་བདག་གིས་ངའི་མདུན་བསུ་བ་དང“ཡུན་རིང་ཞིག་ལ་ཁྱོད་ཀྱི་གྲིབ་མ་ཙམ་ཡང་འཐོང་རྒྱུ་མེད་པ་འདི་ཅི་རེད”ཟེར།
       ངས་ཀྱང“རེད་ཨང་། ང་རང‘རོ་ལངས’ནས་བུད་པ་ནས་བཟུང་སྟེ་འདི་རུ་མ་སླེབ་པ་ལོ་གཅིག་ཙམ་ཕྱིན་སོང”ཞེས་ལན་བཏབ་ཅིང་ངས་ད་དུང་མང་པོ་ཞིག་བཤད་གྲབས་བྱེད་སྐབས་ཁོས“ད་ང་གཉིས་སྐད་ཆ་བཤད་ནས་མི་བསྡད། ཚེ་རིང་མཚོས་ཡུན་རིང་ཞིག་ལ་ཁྱོད་རང་བསྒུགས་ནས་བསྡད་སོང”ཟེར་བ་དང་ང་རང་ཚེ་རིང་མཚོ་ཡོད་སར་འཁྲིད། བར་ཁྱམས་སུ་ངས་སྦྱིན་བདག་གི་གྲིབ་མ་རྐང་པས་རྫི་བཞིན་ཡར་སོང་བ་དང་ཁོའི་རྒྱབ་གཟུགས་ལ་ཞིབ་ལྟ་ཞིག་བྱེད་དུས་མ་མཇལ་ལོ་གཅིག་གི་རིམ་ཁོའི་ལུས་ལ་རྒས་ཉམས་ཆགས་ཟིན་པའི་སྣང་བ་ཞིག་སྐྱེས་བྱུང་།

   ང་རང་ཚེ་རིང་མཚོ་སྡོད་སའི་སྒྲོག་ཙེའི་འགྲམ་དུ་སླེབས་དུས། མོས་ལག་ནང་གི་པེ་ཙི་དེ་སྒྲོག་ཙེའི་ཐོག་ཏུ་བཞག་རྗེས་འཛུམ་མུལ་མུལ་གྱིས་དུས་རྒྱུན་ལྟར“ཁ་སང་ཁྱོད་རང‘རོ་ལངས’ཀྱི་ལྷན་འཛོམས་ལ་མི་འོང་བའི་རྒྱུ་མཚན་ཅི་ཡིན”ཟེར།

ངས་མོ་ལ་ལན་ཅི་ཡང་མ་བཏབ་པར་མོའི་ཁ་གཏད་དུ་ཙོག ངས་སྒྲོག་རྩེའི་ཐོག་གི་པེ་ཙི་ལ་ཞིབ་ལྟ་ཞིག་བྱས་པས་ནང་གི་ལྦུ་བ་ཅན་གྱི་ཁ་ཧྥེ་མཐོང་བྱུང་། “དེ་རིང་རྒུན་ཆང་དམར་པོ་མི་འཐུང་བའི་རྒྱུ་མཚན་ཅི་ཡིན”ཞེས་དྲིས་པ་ན་མོས“དེ་རིང་ང་གཉིས་ཀྱིས་རྗེས་དྲན་ཞིག་བྱེད་དགོས་པས་རྒུན་ཆང་དམར་པོ་བཏུང་ན་རྗེས་དྲན་ལ་སྣང་བ་མག་མོག་གི་མཛེས་རྒྱན་སྤྲས་སྲིད་ན་དོན་གྱི་སྙིང་བོ་དག་དྲན་པར་བར་ཆད་བཟོ་ངེས”ཟེར་བ་དང་ཁ་ཧྥེ་ངོས་སུ་ཕུ་ཞིག་བཏབ་སོང་བས་ལྦུ་བ་དག་ཕྱོགས་གཅིག་ཏུ་འཚང་། དེ་ནས་མོས་ཞིམ་ཉམས་ཀྱིས་ཁ་ཧྥེ་ཁམ་མོ་གང་བཏུངས་པ་ན་མོའི་མཆུ་ཏོ་ལྦུ་བས་རྒྱན་འདུག

  “ད་ནི་ང་གཉིས་རྗེས་དྲན་གྱི་འགོ་བཙུགས་དགོས” མོ་རང་ནི་ང་ལ་བཅའ་འདྲི་བྱེད་མཁན་གྱི་གསར་འགོད་པ་ཞིག་དང་འདྲ་བར་ངའི་ཁ་ནས་ཅི་ཞིག་ཐོན་པ་བསྒུགས་འདུག  ངས“གང་ནས་བཤད་དགོས་རེད”ཟེར་བའི་རྣམ་འགྱུར་དང་བཅས་མོ་ལ་བལྟས་པ་ན་མོས“ང་གཉིས་དང་པོ་འཕྲད་དུས་ཀྱི་རྣམ་པ་ཤོད”ཟེར་བའི་སྐབས་དེར་སྦྱིན་བདག་ལགས་ཀྱིས་ཁ་ཧྥེའི་པེ་ཙི་ཆེན་པོ་ཞིག་ངའི་འགྲམ་དུ་བཞག་བྱུང་། ངས་པེ་ཙི་ཕར་གཡུགས་ཚུར་གཡུགས་ཀྱི་ཁམ་གང་འཐུང་ཁུལ་བྱེད་ཀྱང་ངོས་ཀྱི་ལྦུ་བ་ལས་ཅི་ཡང་བཏུང་རྒྱུ་བྱུང་མ་སོང་། ལྦུ་བ་དག་ངའི་ཀླད་པ་ནང་འཚང་སོང་བ་བཞིན་ངའི་སྣང་བ་སྲོད་དུས་བཞིན་མུན་ནག་གིས་རུབ་པ་བྱེད།

ངས་ཚེ་རིང་མཚོ་དང་པོ་མཐོང་དུས་ནི་ང་ཚོ‘རོ་ལངས’ཚོགས་པའི་ལྷན་འཛོམས་ཀྱི་དུས་སུ་རེད། སྐབས་དེར་ང་ཚོས་ཆང་ཁང་འདིའི་ནང་དུ་བྲོ་འཁྲབ་བཞིན་ཡོད་དུས་ཀྲང་ཙི་ཨུན་ངའི་འགྲམ་དུ་འོངས་ནས“དེ་རིང་ཡང་ཚོགས་མི་གསར་པ་ཞིག་ཡོད། ཕར་སོང་ནས་ཁ་བརྡ་ཞིག་བྱོས”ཅེས་ཟེར་བཞིན་ཁོའི་མཆུ་ཏོ་ཟུར་ཞིག་ཏུ་གཏད་པ་ན་ངས་མོ་རང་མཐོང་བྱུང་།

མོས་ཐ་མག་རྐང་ཅིག་འཐེན་ཞོར་སྨྱོན་པའི་ཚོགས་བཞིན་བྲོ་ལ་རོལ་བའི་ང་ཚོ་ལ་ལྟད་མོ་ལྟ་བཞིན་འདུག ང་རང་ཁ་དོག་སྣ་ལྔའི་འོད་ལམ་ལམ་དུ་འཐབ་བཞིན་པའི་གར་སྟེགས་ནས་བབས་ཏེ་མོའི་འགྲམ་དུ་སླེབས་དུས་མོས་འཛུམ་ཙམ་བྱས་ནས“ཁྱོད་བདེ་མོ། ང་ལ་ཚེ་རིང་མཚོ་ཟེར། རྩིས་འཁོར་གླིང་ནས་ཡིན”ཞེས་རང་ཉིད་མཚམས་སྦྱར་བྱེད་བྱུང་བས་ང་རང་རེ་ཞིག་ཧད་དགོས་བྱུང་སོང་།

“ཁྱོད་རང་བོད་ཡིན་ནམ”ངས་འདི་ལྟར་དྲིས་རྗེས་མོའི་ཚབ་ཏུ“ད་འགྲིག་སོང་། ང་ཚོ་ཚོགས་པའི་ནང་དུ་བོད་མི་གཉིས་ཡོད་སོང་བ་རེད”ཅེས་རང་གིས་རང་ལ་ལན་བཏབ་པ་ན་མོས་ཐ་མག་རྐང་གཅིག་བླངས་ནས་ང་ལ་སྤྲད་བྱུང་བས་ངས་གློག་འོད་ལྗང་ཁུའི་འོག་ཏུ་ཐ་མག་རྐང་དེ་ལ་ཞིབ་ལྟ་ཞིག་བྱས་པ་ན་དེ་ནིxxརྟགས་ཅན་གྱི་བུ་མོའི་ཐ་མག་ཅིག་ཡིན་འདུག་པས“ངས་ཐ་མག་འདི་མི་འཐེན། བུ་མོའི་ཐ་མག་བུས་འཐེན་ན་ལུས་ལ་གནོད་རེད་ཟེར”ཞེས་བཤད་པ་དང་མོ་རང་གློ་བུར་གད་མོ་ཤོར་སོང་། བགད་ཚར་རྗེས“ཁྱོད་རང་ལོ་ཉི་ཤུ་ལ་སོན་ཙམ་ཡིན་བཞིན་དུ་ནུས་པ་ཉམས་པར་སྐྲག་གི་འདུག་གམ”ཞེས་བཤད་པ་དང་དུ་རྐང་གཞན་ཞིག་གི་སྲིང་བལ་གྱི་ནང་གི་སྲིང་བལ་དམར་པོ་ཞིག་སེན་མོས་མར་འཐེན་ཏེ་དུ་རྐང་དེ་ང་ལ་སྤྲད་བྱུང་། ངས་དེ་སྔོན་གྱི་ཐ་མག་རྐང་གཅིག་དེ་མོ་ལ་ཕར་སྤྲད་པ་ཡིན།

 ང་གཉིས་མཉམ་དུ་སྒྲོག་རྩེ་གཅིག་གི་ཐོག་ཏུ་སྡོད་བཞིན་ཐ་མག་འཐེན། རྒུན་ཆང་དམར་པོ་འཐུང་།

 བར་སྐབས་ཞིག་ལ་ངས་རང་གཏམ་བཤད་པ་བཞིན“ཁོ་ཚོས་ཞབས་བྲོ་འཁྲབ་སྟངས་འདི་བཙོག་པ་ལ”ཞེས་བཤད་པ་ན་མོས་ཀྱང“ཐག་རིང་ནས་བལྟས་དུས་ཞབས་བྲོ་ཞིག་དང་འདྲ་མོད། འགྲམ་ནས་བལྟས་ན་ནད་པ་ཁྱུ་གཅིག་གིས་འཕག་འཚག་རྒྱག་བཞིན་པ་དང་འདྲ་བོ་འདུག”ཅེས་བཤད་བྱུང་བས་ང་གཉིས་མཉམ་དུ་གད་མོ་ཤོར།

སྐབས་དེར་ཀྲང་ཙི་ཨུན་ཞབས་བྲོ་རྒྱག་བཞིན་པའི་མི་རྣམས་ཀྱི་བར་སྲུབ་ནས་ཚུར་ཐོན་འོང་བ་དང་ངའི་པེ་ཙི་ནང་གི་རྒུན་ཆང་ཡོད་ཚད་ཞབས་དག་བརྒྱབ་རྗེས“ཁྱོད་གཉིས་ཀྱིས་ཅི་ཞིག་འཆད་བཞིན་ཡོད”ཟེར།

ངས་ལན་དུ“གསང་བ་ཡིན”ཞེས་བཤད་པ་ན་ཁོས“བོད་པ་ཟེར་བ་དེ་ཡ་མཚན་ཡིན་ཡ”ཟེར།

ལོ་གསུམ་གྱི་རྗེས་སུ་ངས་ཚེ་རིང་མཚོ་དང་ང་གཉིས་དང་པོར་འཕྲད་དུས་ཀྱི་རྣམ་པ་འདི་དག་ཁ་ཧྥེ་འཐུང་བཞིན་པའི་མོ་ལ་ཇི་བཞིན་དུ་བཤད་པ་ན་མོསད་ལྟ་རྗེས་དྲན་ཞིག་བྱས་ན་ང་གཉིས་འཕྲད་དུས་ནི་ཁ་སང་མཚན་མོ་ཡིན་པ་འདྲ་ཨངཟེར་བཞིན་ཁ་ཧྥེ་དེ་ཞི་མི་ཞིག་གིས་འོ་མ་འཐུང་བ་བཞིན་འཐུང་བྱུང་།

ད་ལྟ་ང་གཉིས་སྡོད་སའི་ཆང་ཁང‘ཟླ་བདུན་པའི་ཚེས་བདུན’ནི་ལོ་གསུམ་སྔོན་གྱི་རོལ་དབྱངས་ཀྱི་ཁེངས་པའི་ཆང་ཁང་དེ་ཡིན་ཟེར་ན་སུས་ཀྱང་བདེན་དུ་འཛིན་མི་སྲིད། ད་ནི་རྒྱ་ཆེ་བའི་ཆང་ཁང་དེའི་ནང་དུ་རོལ་དབྱངས་མི་འདུག  ཞབས་བྲོ་འཁྲབ་མཁན་ཡང་མི་འདུག  ང་གཉིས་ཕུད་པའི་ཀྲང་ཙི་ཨུན་སོགས་ཀྱི་ཚོགས་མི་དགུ་པོའི་གྲིབ་མ་ཙམ་ཡང་མི་འདུག

ཚེ་རིང་ཚོས“གལ་སྲིད་སུའུ་མོ་ཏའི་པར་ཆས་དེ་འབོར་མེད་ན་ང་གཉིས་ཀྱི་རྗེས་དྲན་འདི་གསལ་ཆ་ལྡན་པ་ཞིག་ཡིན་ངེས”ཟེར།
        ‘རོ་ལངས’ཀྱི་ཚོགས་མི་སུའུ་མོ་ཏ་ནི་རིག་རྩལ་གླིང་གི་བུ་མོ་ཞིག་ཡིན། མོའི་སྐྲ་ལོ་རྒྱ་ལྕང་བཞིན་མར་འཕྱང་ཞིང་སྐེ་ལ་དུས་རྒྱུན་དུ་པར་ཆས་ཆུང་ཆུང་ཞིག་བཏགས་ཡོད། མོས་རང་ཉིད་ཀྱི་ཡིད་ལ་འོང་བའི་དངོས་པོ་ཞིག་མཐོང་མ་ཐག་ལམ་སང་བྲང་ངོས་ཀྱི་པར་ཆས་དེ་ཡར་ལེན་ནས་པར་ལེན་པར་བྱེད།

 མོ་རང་ནི་‘རོ་ལངས’ཀྱི་ནང་དུ་སྐྲ་ལོ་ནག་པོ་ཅན་དེ་ཡིན། གཞན་ཚེ་རིང་མཚོའི་སྐྲ་ལོ་སེར་པོ་དང་ངའི་སྐྲ་ལོ་ཅུང་དམར་པོ །  ཀྲང་ཙི་ཨུན་གྱི་སྐྲ་ཅུང་དཀར་པོ། ད་དུང་སྐྲ་ལོའི་ཁ་དོག་སྔོན་པོར་བཟོས་པའི་སློབ་མ་བུ་ཞིག་ཀྱང་ཡོད། དེའི་ཕྱིར་ཉིན་ཞིག་ང་ཚོ‘རོ་ལངས’ཀྱི་ཚོགས་མི་རྣམས་རྐང་འཁོར་རེ་བཞོན་ནས་པེ་ཅིང་གི་སྲང་ལམ་ཐོག་ཏུ་ཉུལ་སྐབས་ཉེན་རྟོག་པ་གསུམ་གྱིས་ང་ཚོ་བཀག་སོང་།
       “ཁྱོད་ཚོ་ལས་ཀ་ཅི་ཞིག་བྱེད་མི་ཡིན”ཉེན་རྟོག་ཞིག་གིས་ལག་པས་ང་ཚོ་མདུན་དུ་འགྲོ་མི་ཆོག་པའི་བརྡ་སྟོན་བཞིན་འདི་ལྟར་འདྲི།
       “ང་ཚོ་ནི་སྙན་ངག་པ་ཡིན”ང་ཚོའི་ནང་ནས་མི་ཞིག་གིས་ལན་བཏབ།
        སྐད་དེ་ཐོས་པ་དང་ཉེན་རྟོག་པ་གསུམ་པོ་ཧ་ཧ་ཞེས་དགོད་བྱུང་། དགོད་མཚམས་དང་པོ་འཇོག་མཁན་དེས“ངས་སྙན་ངག་པ་མང་པོ་མཐོང་མྱོང་། ཁོ་ཚོ་ལ་ཁྱད་ཆོས་ཞིག་ཡོད་པ་ནི་ཁ་སྤུ་རིང་པོ་ཡོད་པ་དང་ལྟོ་བ་ཆེན་པོ་ཡོད་པ། མིག་ཤེལ་གྱོན་ཡོད་པ། ལག་ཏུ་དཔེ་དེབ་ཅིག་བཟུང་ཡོད་པ་བཅས་རེད། ཡིན་ཡང་ཁྱོད་ཚོའི་མགོ་ནས་རྐང་པ་བར་གཅིག་ལྟོས་དང་སྤྱི་ཚོགས་ནག་པོའི་མི་དང་ཨ་ན་མ་ན་རེད”ཟེར།
         ཏག་ཏག་སྐབས་དེར་སུའུ་མོ་ཏས་རོ་ལངས་ཀྱི་ཚོགས་མའི་རྣམ་འགྱུར་བརྗོད་བྱ་བྱེད་པའི་འདྲ་པར་ཕུལ་བྱུང་བརྒྱ་དང་བཅུ་ལེན་ཟིན། མོས་འདྲ་པར་རྣམས་བཀྲུས་ནས་དེབ་ཅིག་བཟོས་རྗེས་སུ་ང་ཚོ་ཚོགས་མི་རེ་ལ་དྲན་རྟེན་གྱི་ཚུལ་དུ་བགོ་དགོས་ཟེར། ཡིན་ཡང་ཉིན་ཞིག་ལ་ང་ཚོ་ཚོགས་མི་ཀུན་རྐང་འཁོར་བཞོན་ནས་པེ་ཅིང་གི་ཕྱི་རོལ་ཀྱི་ཞིང་ཐང་གི་ཁྲོད་དུ་འཆམ་འཆམ་དུ་སོང་། ཉིན་དེར་མོ་རང་ནི་དུས་རྒྱུན་དང་མི་འདྲ་བར་སྐད་ཆ་མང་བར་མ་ཟད་ཕྲུ་གུ་ཞིག་ལྟར་ཤིན་ཏུ་པྲ་ཆལ་བྱེད། མོས་དཔྱིད་ཀྱི་མེ་ཏོག་དང་ཐག་རིང་གི་རི་བོ་དག་ལའང་པར་བརྒྱབ་མ་སོང་།  ཕྱི་དྲོར་ང་ཚོ་ཚུར་ལོག་པའི་ལམ་བར་དུ་མོ་རང་གློ་བུར་དུ་ངུས་བྱུང་། ང་ཚོས་མོ་ལ་ཅི་བྱུང་འདྲི་དུས། མོས་རང་གི་སྐེ་ལ་ལག་པས་བྱིལ་བཞིན“ངའི་པར་ཆས་བོར་འདུག”ཅེས་ངུས། ང་ཚོས་ཀྱང་མོ་ལ་ཞིབ་ལྟ་ཞིག་བྱེད་དུས་དུས་རྒྱུན་མོའི་སྐེ་ལས་མ་བཅོས་ལྷུན་གྱི་འགྲུབ་པ་ལྟར་གྱི་པར་ཆས་ཆུང་ཆུང་དེ་མཐོང་རྒྱུ་མི་འདུག
  “པར་ཆས་གང་དུ་འབོར་བ་དྲན་རྒྱུ་ཨེ་འདུག”ཀྲང་ཙི་ཨུན་གྱིས་འདི་ལྟར་དྲིས་པ་ན་མོས“ངས་དེ་རིང་ཉིན་གང་པར་ཆས་ལ་དོ་སྣང་མ་བྱེད”ཟེར། མོའི་སྐྱོ་སྣང་གི་རྣམ་འགྱུར་ལ་ཧད་ནས་ལུས་པའི་ང་ཚོ་ཡང་ཐབས་མེད་སོང་།
          ང་རང་ཆུང་དུས་ནས་ད་བར་མི་གཞན་ལ་སེམས་གསོ་བྱེད་མྱོང་མེད། གཙོ་བོ་ནི་སེམས་གསོ་ཅི་འདྲ་ཞིག་བྱེད་དགོས་པ་མི་ཤེས་པས་རེད། ཉིན་དེར་ང་རང་སུའུ་མོ་ཏའི་འགྲམ་དུ་ཕྱིན་ནས་མོའི་ཁ་ནང་དུ་སོང་བའི་སྐྲའི་ཉག་མ་དེ་མར་བླངས་རྗེས་མིག་ཆུས་ཁེངས་པའི་གདོང་ལ་ལག་པས་རེག་ཙམ་རེག་ཙམ་ཞིག་བྱས་པ་ན་མོ་ཡང་ངུ་མཚམས་བཞག་སོང་།
          རེད་ཨང་། གལ་སྲིད་སུའུ་མོ་ཏའི་པར་ཆས་དེ་འབོར་མེད་ན།‘ཟླ་བདུན་པའི་ཚེས་བདུན’གྱི་ནང་ཚེ་རིང་མཚོ་དང་ང་གཉིས་དང་པོ་འཕྲད་དུས་ཀྱི་རྣམ་པ་གསོན་པོ་ཞིག་པར་རིས་ཀྱི་ལམ་ནས་ང་ཚོའི་མིག་ནང་གསོན་པོར་མངོན་ཐུབ། ཉིན་དེར་ཆང་ཁང་གི་གར་སྟེགས་ཐོག་གི་དུ་རླངས་དཀར་པོ་དེ་འཕྱུར་མ་ཐག་མོས་པར་མིག་ཚེ་རིང་མཚོ་དང་ང་གཉིས་ལ་གཏད་ནས་པར་བླངས་འདུག པར་དེའི་ནང་དུ་ཚེ་རིང་མཚོས་ལག་པས་མཆུ་ཏོ་འགེགས་བཞིན་དགོད་ཀྱིན་འདུག་ལ་ང་རང་ནི་ཁ་གདངས་ནས་དགོད་བཞིན་འདུག དུ་རླངས་ཀྱི་ཁྲོད་དུ་འཕྲོ་བའི་འོད་ལྗང་ཁུ་ནི་ང་གཉིས་ཀྱི་དགོད་སྒྲ་བཞིན་ཆང་ཁང་གི་གང་སར་ཁྱབ། འོད་དང་དུ་རླངས་ཆེས་མང་ས་ན་མི་ཞིག་གར་སྟེགས་ནས་མར་བབས་ནས་ང་གཉིས་ཀྱི་ཕྱོགས་སུ་འོང་བཞིན་འདུག འོ། མི་དེ་ནི་ཀྲང་ཙི་ཨུན་ཡིན་དགོས། ཏག་ཏག་ཚེ་རིང་མཚོ་དང་ང་གཉིས་དགོད་དོན་ཡང་མོས་ཆང་ཁང་ནང་དུ་བྲོ་ལ་རོལ་བའི་མི་རྣམས་ཀྱི་ཉམས་ཚུལ་ལ་ཟུར་ཟ་བྱེད་པའི་གཏམ་དེའི་ཕྱིར་ཡིན་ངེས། སུའུ་མོ་ཏའི་པར་ཆས་མ་འབོར་གོང་དུ་ངས་མོའི་པར་ཆས་ཆུང་ཆུང་དེའི་ནང་གི་པར་དག་ཡང་ནས་བསྐྱར་དུ་བལྟས་མྱོང་། ངས་སུའུ་མོ་ཏ་ལ“ཁྱོད་རང་གི་པར་འདི་དག་ནི་ང་ཚོ‘རོ་ལངས’ཀྱི་ལོ་རྒྱུས་གསོན་པོ་ཞིག་རེད”ཅེས་བཤད་མོད་མོ་རང་དགོད་ཙམ་བྱེད་པ་ལས་ལན་ཅི་ཡང་བཏབ་མ་སོང་། གལ་སྲིད་ལན་བཏབ་སོང་ན་མོ་རང་ནི་སུའུ་མོ་ཏ་མིན་དགོས་པ་འདྲ།
            དུས་ད་ལྟ་མོའི་པར་དེ་ཚེ་རིང་མཚོ་དང་ང་གཉིས་ཀྱི་རྗེས་དྲན་ནང་ཡོད་པ་མ་གཏོགས། འཇིག་རྟེན་འདི་ནས་བོར་ཟིན་ལ་སུའུ་མོ་ཏ་ཡང་རིག་རྩལ་གླིང་ནས་བསྐྲད་ཟིན། མོ་རང་སློབ་གྲྭ་ནས་བུད་པའི་ཟླ་གཉིས་ཀྱི་རྗེས་སུ་ངས་གཞི་ནས་གནད་ཚུལ་འདི་གོ་བ་ཡིན། སྐབས་དེར་མོ་རང་སློབ་གྲྭ་ནས་བྲལ་ཁར་ངས་སེམས་གསོ་ཞིག་ཀྱང་བྱེད་མ་ཐུབ་པར་འགྱོད་པ་གཏིང་ནས་སྐྱེས་བྱུང་།

ཚེ་རིང་མཚོ་དང་ང་གཉིསརོ་ལངསལ་རྗེས་དྲན་བྱས་ནས་བར་མཚམས་འདི་ཙམ་ལ་སླེབས་དུས་སྐད་ཆ་མེད་སོང་། མོས་པེ་ཙི་ལ་འོ་བྱེད་པ་ལྟ་བུའི་ཉམས་ཀྱིས་ཁ་ཧྥེ་འཐུང་བའི་སྐབས་དེར་ངས་ཆང་ཁང་གི་གྱང་ངོས་ལ་ལྟ་ཙམ་བྱས་པས་སྔོན་མ་དཀར་ཞིང་གཙང་བའི་གྱང་ངོས་དེ་ད་ལྟ་ཁྲ་ཁྲ་རུ་གྱུར་འདུག རི་མོ་དང་ཡི་གེ་མང་པོས་གྱང་ངོས་ཀྱི་ཁ་དོག་དེ་རྣམ་པ་གཞན་ཞིག་ཏུ་བསྒྱུར་འདུག གྱང་ངོས་སུ་བྲིས་པའི་རི་མོ་ཕལ་ཆེར་ནི་ཕོ་མཚན་དང་མོ་མཚན་རེད་ལ་དེ་དང་དེ་གཉིས་བར་གྱི་གསོན་ཉམས་ལྡན་པའི་འབྲེལ་བ་དག་ཀྱང་རེད། ངས་རི་མོ་དེ་དག་ལ་ལྟ་མི་ཕོད་པར་ཁ་ཚུར་འཁོར་དུས་ཚེ་རིང་མཚོས་ཁ་ཧྥེ་པེ་ཙི་གང་དེ་བཏུངས་ཟིན་འདུག་ལ་མོས་ཀྱང་གྱང་ངོས་ཀྱི་རི་མོ་དག་ལ་ཞིབ་འཇུག་བྱེད་བཞིན་འདུག མོས་དོན་དངོས་ཡིན་ལ་རྩེད་མཚར་ཡིན་པའི་ཚུལ་གྱིས་རི་མོ་དེ་དག་ལ་འཛིན་པའི་ལྟ་ཚུལ་བརྗོད་བྱུངརི་མོ་འདི་དག་འབྲི་མཁན་རྣམས་སྒྱུ་རྩལ་ལ་བྱང་ཆུབ་པ་ལ་ཨངཟེར།

དེའི་རྗེས་སུ་གསར་འགོད་པའི་ཚུགས་ཀ་དེ་འདོར་མེད་པར“‘རོ་ལངསཀྱི་ཚོགས་མི་བཅུ་གཅིག་གི་ནང་དུ་ཁྱོད་རང་དགའ་ཆེ་ཤོས་སུ་ཡིནཞེས་འདྲི་བྱུང་།

ངས་ཐེ་ཚོམ་སྤུ་ཙམ་ཡང་མེད་པརང་རང་དགའ་ཤོས་ནི་ཀྲང་ཙི་ཨུནཞེས་ཐལ་བས་མོའི་གདོང་མདོག་ཀྱང་ཅུང་འགྱུར་སོང་ནའངཁོ་ནི་ང་ཚོརོ་ལངསཀྱི་རྐང་འཛིན་པ་ཡིན་པས་ཚོགས་མི་ཐམས་ཅད་ཁོ་ལ་དགའ་ངེསཅེས་བཤད་བྱུང་།

 ང་གཉིས་ཀྱིས‘རོ་ལངས’ལ་རྗེས་དྲན་བྱེད་པའི་བརྗོད་བྱ་དེ་ཀྲང་ཙི་ཨུན་གྱི་ཕྱོགས་སུ་སོང་། ཁ་ཧྥེའི་དྲི་མ་ཤིན་ཏུ་སྟུག་པའི་ཆང་ཁང་འདིའི་ནང་དུ་ང་གཉིས་ཀྱིས་ཀྲང་ཙི་ཨུན་གླེང་དུས་ངའི་རིག་པ་དྭངས་ཤིང་གསལ།

ཉིན་ཞིག་ང་རང་སློབ་གྲྭའི་ཟུར་ཞིག་ན་སྒྲུང་དེབ་ཅིག་ལ་མགོ་འཁོར་ནས་བསྡད་དུས་སློབ་མ་གཟུགས་རིང་ལ་སྐྲ་ལོ་ཅུང་དཀར་པོ་བཟོས་པ་ཞིག་ངའི་འགྲམ་དུ་ཡོང་ནསསློབ་གྲོགས  ཁྱོད་བདེ་མོ། ང་གཉིས་ཀྱིས་ཆོས་ལུགས་སྐོར་ལ་ཁ་བརྡ་ཞིག་བྱས་ན་ག་འདྲ་འདུགཅེས་དྲིས་བྱུང་།

ང་ཚོ་སློབ་གྲྭ་ནང་ཡེ་ཤུ་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་འཆད་མཁན་གྱི་སློབ་མ་ཤིན་ཏུ་མང་བས་ཁོ་རང་དེ་འདྲ་འཆད་མཁན་ཞིག་ཡིན་ངེས་སྙམ་གྱིན་རྒྱ་ལྕང་གི་གྲིབ་མ་ནང་ཙོག་པའི་ངས་མིག་རུབ་རུབ་བྱེད་བཞིན་ཉི་འོད་ན་འགྲེང་བའི་ཁོ་ལ་ཞིབ་ལྟ་ཞིག་བྱས། ཁོའི་སྐྲ་ལོ་དཀར་པོ་དེས་ཉི་འོད་འོག་ཏུ་དངུལ་འོད་ལམ་ལམ་དུ་འཕྲོས་པས་ཁོ་དང་སློབ་མ་གཞན་དག་གྱི་བར་དུ་མི་འདྲ་ས་ཅུང་ཙམ་ཡོད་པ་ཤེས་ནས་འདུག་སྟེགས་ཐོག་གི་དཔེ་ཁུག་དེ་ང་རང་ཉིད་ཀྱི་པང་དུ་བླངས་རྗེས་ཁོ་རང་ངའི་འགྲམ་དུ་ཙོག་ཏུ་བཅུག
     ཁོས་ཡེ་ཤུ་ཆོས་ལུགས་ཀྱི་ལྟ་བ་ཆུ་བཞུར་བཞུར་བཤད་རྗེས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་བཤད་བྱུང་། བར་སྐབས་ཤིག་ལ“གལ་སྲིད་སངས་རྒྱས་ཀྱིས་ལམ་སྟོན་པ་དེ་ནོར་སོང་ན་ང་ཚོ་རྗེས་དྲངས་པ་རྣམས་ཀྱིས་ཅི་འདྲ་བྱེད་ཨང”ཞེས་དྲིས་བྱུང་བས་ང་རང་རེ་ཞིག་ཨར་ལ་གཏད་པ་ད་ལྟའང་དྲན་རྒྱུ་འདུག ཡིན་ཡང་ཁོ་རང་ནི་ནན་ཏན་བྱེད་མཁན་ཞིག་མེད་པ་འདྲ་སྟེ “གཅིག་བྱས་ན་ངའི་དྲི་བ་འདི་དགོད་བྲོ་བ་ཞིག་དང་ནོར་འཁྲུལ་ཆེན་པོ་ཡོད་པ་ཞིག་ཡིན་ངེས”ཅེས་རང་གིས་རང་ལ་ལན་བཏབ་སོང་། ཁོ་དང་ཆོས་འཆད་མཁན་གྱི་སློབ་མ་གཞན་དག་བར་མི་འདྲ་བའི་ཁྱད་ཆོས་ཤིག་འདུག་པ་ནི་ལྷ་དང་སྟོན་པའི་གསུངས་ལས་འདྲེའི་སྐོར་གྱི་ལྟ་བ་མང་བ་དེ་རེད། ཁོས་སྟོན་པ་བཅོམ་ལྡན་འདས་ཀྱིས་གྲོང་དང་གྲོང་ཁྱེར། གཙུག་ལག་ཁང་དང་ལྷ་ཁང་སོགས་གང་ཡང་འདྲེ་མེད་པའི་གནས་གཅིག་ཀྱང་མེད་གསུངས་བ་བཞིན་ང་ཚོའི་སློབ་གྲྭའི་སློབ་ཁང་དང་ཉལ་ཁང་། ཟ་ཁང་གང་སར་འདྲེས་ཁེངས་ཡོད་པ་གདོན་མི་ཟ་ཟེར་བས་ངའི་བ་སྤུ་ཡང་ལངས་བྱུང་། ཡང་ཁོས“ང་ཚོ་མིའི་མིག་ནི་ཤ་ཁྲག་ལས་གྲུབ་པས་འཇིག་རྟེན་འདིའི་བརྒྱ་ཆ་གཅིག་ཀྱང་མཐོང་ཐུབ་ཀྱི་མེད”ཅེས་བཤད་བྱུང་།
    ངས་ཁོའི་ཤིན་ཏུ་རིང་བའི་ཆོས་ཀྱི་ལྟ་བ་དག་ལ་མཉན་ཚར་རྗེས་ཁོས་གཞི་ནས་རང་ཉིད་ངོ་སྤྲོད་བྱེད་བྱུང“ངའི་མིང་ལ་ཀྲང་ཙི་ཨུན་ཟེར། ང་རང་ཞབས་བྲོ་སློབ་གླིང་གི་སློབ་མ་ཡིན”ཟེར།
      “ངའི་མིང་ལ་འཕྲིན་ལས་བཟོད་པ་ཟེར། བོད་རིག་པ་གླིང་གི་སློབ་མ་ཡིན”ཞེས་བཤད་ཚེ་ཁོས“སྔོན་མར་ངས་བོད་རིགས་སློབ་མ་ཞིག་ལ་ཆོས་ཀྱི་ལྟ་བ་བཤད་མྱོང་། བཤད་མ་ཚར་གོང་དུ་ཁོ་རང་ཁྲོས་ནས་ང་རང་བདས་བྱུང་། ཁྱོད་ཀྱིས་ང་མ་བདའ་བའི་རྒྱུ་མཚན་ཅི་ཡིན”ཞེས་འདྲི།
       ངས་ནི“ཁོ་རང་ཆུ་ཚད་ཞན་པ་དང་ལྟ་རྒྱ་ཆུང་བས་ལན”ཞེས་བཤད་པ་ཡིན།
       ཁོས“དེ་ན་ང་གཉིས་ད་ནས་བཟུང་གྲོགས་སུ་གྱུར་བ་ཡིན། ངས་ཁྱོད་ལ་བཟོད་པ་ཞེས་འབོད་ན་ཆོག་གམ”ཞེས་འདྲི་བྱུང་།
       ངས“ཆོག”ཅེས་ལན་བཏབ།

ཆུང་དུས་ཨ་མྱེས་ང་ལ་བཟོད་པ་ཞེས་འབོད་ཀྱི་ཡོད། ཀྲང་ཙི་ཨུན་གྱིས་ང་ལ་བཟོད་པ་ཞེས་འབོད་ཐེངས་རེ་ངའི་སེམས་ནང་དྲོད་སྣང་ཞིག་འུར་རེ་རྒྱས་པར་བྱེད། ང་ཚོ་སློབ་གླིང་གི་སློབ་མ་རྣམས་ཀྱིས་ནི་ང་ལ་འཕྲིན་ལས་ཞེས་འབོད་ཀྱིན་ཡོད། ངས་ཁོ་ཚོ་ལ“འཕྲིན་ལས་ནི་ངའི་མིང་མིན་པར་སྒོང་སྐོགས་ལས་སྲབ་པའི་ཐོབ་ཐང་ལག་འཁྱེར་གྱི་མིང་ཡིན”ཞེས་གསལ་བཤད་ཡང་ཡང་བྱེད་མོད་ཁོ་ཚོས་ནི་ང་ལ་འཕྲིན་ལས་འཕྲིན་ལས་ཅེས་འབོད་རྐྱང་བྱེད། དེ་ཡང་དངོས་པོ་ལ་མིང་འདོགས་པའི་དགོས་པ་བཞིན་སློབ་མ་གཞན་དང་མ་ནོར་ཙམ་དུ་འབོད་པ་ལས་ཁོ་ཚོའི་སྣང་ངོར“འཕྲིན་ལས”དང“བཟོད་པ”“འཕྲིན་ལས་བཟོད་པ”སོགས་ཀྱི་བར་དུ་ཁྱད་པར་ཅི་ཡང་ཡོད་པར་མ་སྣང་།  དེ་ན་ངས“ང་ལ་འཕྲིན་ལས་བཟོད་པ་ཟེར”ཞེས་ཡང་ནས་བསྐྱར་དུ་རང་ཉིད་ངོ་སྤྲོད་བྱེད་པ་ནི་ངལ་བ་འབྲས་མེད་དུ་ཟད།
     ཀྲང་ཙི་ཨུན་གྱིས་ང་ལ་བཟོད་པ་ཞེས་འབོད་རྗེས“ངས་སྙན་ངག་གི་ཚོགས་པ་ཞིག་གཟུག་རྒྱུ་ཡིན། ཁྱོད་ཀྱིས་ང་ལ་རོགས་ཅེས་བྱེད་ན་ཆོག་གམ”ཞེས་དྲིས་བྱུང་།
     “ངས་སྙན་ངག་གཅིག་ཀྱང་འབྲི་མ་མྱོང”ཞེས་ལན་བཏབ།
       ཁོས“མི་ཀུན་སློབ་ཁང་ན་རྒྱུགས་ཤོག་ལ་ཧད་ནས་སྡོད་སྐབས། ཁྱོད་རང་ནི་ཕྱི་རོལ་གྱི་རྒྱ་ལྕང་གི་གྲིབ་མ་ན་སྒྲུང་བཀླགས་ནས་བསྡད་པ་ན་ཁྱོད་ལ་སྙན་ངག་པའི་ཆ་རྐྱེན་ཡོངས་སུ་ཚང་འདུག”ཟེར།
   “དེ་ན་ངས་ཁྱོད་ལ་རོགས་བྱེད་ཆོག ཁྱོད་རང་རྫུན་ལབ་མཁན་ཞིག་མིན་པཱ”ངས་འདི་ལྟར་དྲིས་པ་ན་ཁོ་རང་ཧ་ཧ་དགོད་ཀྱིན་མིན་ཟེར།
      ང་གཉིས་གཟའ་འཁོར་གཅིག་ཙམ་ལ་སློབ་རའི་གང་སར་ཉུལ་ནས་སྙན་ངག་པ་འཚོལ། གཟའ་འཁོར་གཅིག་གི་རྗེས་སུ་ང་གཉིས་ཀྱིས་སྙན་ངག་པ་བརྒྱད་རྙེད་སོང་། ང་ཚོས་མི་བཅུ་ཡོད་པའི་སྙན་ངག་པའི་སྡེ་འདིའི་མིང་ལ‘རོ་ལངས’ཞེས་བཏགས།  ང་ཚོ་གཟའ་འཁོར་རེ་ལ་ལྷན་འཛོམས་ཐེངས་གཉིས་བྱ་རྒྱུ་ཐག་བཅད། གཟའ་པ་སངས་ཀྱི་མཚན་མོར་ཆང་ཁང‘ཟླ་བདུན་པའི་ཚེས་བདུན’ནང་ལྷན་དུ་འཛོམས་ནས་རྒུན་ཆང་དམར་པོ་དང་གར་ལ་རོལ། གཟའ་ཉི་མའི་ཉིན་དཀར་མི་རེ་རྐང་འཁོར་རེ་བཞོན་ནས་པེ་ཅིང་གི་སྲང་ལམ་གང་སར་ཉུལ།    རྗེས་སུ་གཟའ་པ་སངས་ཀྱི་མཚན་མོ་ཞིག་ལ་གློ་བུར་དུ‘རོ་ལངས’ནང་འཛུལ་ཡོང་བའི་ཚེ་རིང་མཚོ་བསྡོམས་ན་ཚོགས་མི་བཅུ་གཅིག་ཡོད།
     ‘རོ་ལངས’ཀྱི་རྐང་འཛིན་པ་ཀྲང་ཙི་ཨུན་ནི་ངས་ཐེངས་དང་པོར་མཐོང་བའི་སྙན་ངག་པ་དེ་ཡིན། ཁོ་རང་ཅི་ཁེ་སེན་གྱི་རོ་ལངས་བྱེད་པ་ལྟ་བུའི་ཞབས་བྲོ་ལ་ཤིན་ཏུ་མཁས། ཁོས་རྒྱུན་དུ“གཞས་འདི་འཁྲབ་སྐབས་ངའི་ཤ་ཁྲག་གིས་རང་བྱུང་གི་ངང་ནས་སྙན་ངག་མཚོན་ཐུབ་པ་ན།  ཡི་གེ་ཞེས་བྱ་བའི་ཚིག་རོ་སྐམ་པོ་ལ་བརྟེན་ནས་སྙན་ངག་འབྲི་དགོས་དོན་མེད”ཟེར།
    ཁོས་དུས་རྒྱུན་དུ་ང་ལ་ཞབས་བྲོ་འདི་བསླབ་དགོས་ཅེས་ཡང་ཡང་དུ་བཤད་ཀྱི་ཡོད། ཁོས་དངོས་སུ་ང་ལ་ཞབས་བྲོ་དེ་སློབ་པའི་དུས་ནི་ལོ་གཉིས་ཀྱི་རྗེས་སུ་ཡིན། དུས་དེར་ཁོས་ང་ལ་ཅི་ཁེ་སེན་གྱི་ཞབས་བྲོ་ཁྲིད་ནས་སྐར་མ་བཅུ་ཙམ་འདས་ཙ་ན་ཁོའི་ཁ་པར་གྱི་སྒྲ་གྲགས་བྱུང་། ཕ་རོལ་པོ་ནི་དགེ་རྒན་ཞིག་ཡིན་འདུག་ལ“མགྱོགས་པོ་གཞུང་ལས་ཁང་དུ་ཤོག”ཟེར། ཉིན་དེའི་ཕྱི་ཉིན་ཁོ་རང་ཞབས་བྲོ་གླིང་ནས་བདས་པའི་བརྡ་ཐོ་ཡང་འབྱོར་བྱུང་། སློབ་གྲྭ་ནས་བདས་པའི་རྒྱུ་མཚན་ཡང་སློབ་བྱོལ་བྱེད་པ་མང་དྲགས་པ་དང་གཅིག  ཉིན་ཞིག་ཁོ་ཚོ་འཛིན་གྲྭའི་ཚོགས་འདུ་གལ་ཆེ་ཞིག་འཚོགས་སྐབས་ཁོ་རང་ཆང་བཟི་ཡོད་པ་དང་གཉིས་ཀྱིས་ཡིན་འདུག        

ཁོ་རང་སློབ་གྲྭ་ནས་བདས་པའི་ཉིན་དེར་ངས་ཁོ་ལ་སེམས་གསོ་ཞིག་བྱེད་གྲབས་ཡོད་སྐབས་ཁོས“ཉིན་འདི་བསྒུགས་ནས་དུས་མང་པོ་ཞིག་འགོར་སོང”ཟེར། དེའི་རྐྱེན་གྱིས་ལོ་གསུམ་གྱི་རྗེས་སུ་ཡང་ངས་ཅི་ཁེ་སེན་གྱི་ཞབས་བྲོ་ཡག་པོ་ཞིག་འཁྲབ་ཤེས་ཀྱི་མེད་ལ་ཤ་ཁྲག་གིས་སྙན་ངག་འབྲི་བའི་སྨྲ་བསམ་བརྗོད་འདས་ཀྱི་མྱོང་བ་དེའང་མྱོང་ཐབས་བྲལ་སོང་།
    ཁོ་རང་སློབ་གྲྭ་ནས་བསྐྲད་པའི་ཉིན་དེར་ངའི་ལག་ནང་དུ་ཆུ་ཕྱེད་ཙམ་ལས་ལྷག་མེད་པའི་གཏེར་ཆུ་དམ་བེ་དེ་ཁོ་ལ་སྤྲད་རྗེས“ཁ་བྲལ་ཁར་ཁྱོད་ལ་འདུན་པ་ཅི་ཡོད”ཅེས་དྲིས་པས་ཁོས“ངའི་དཔེ་ཁུག་དང་དཔེ་དེབ།  རྒྱུགས་ཤོག་ཡོད་ཚད་པུར་སྲེག་ཐབ་ཀྱི་ནང་ནས་ཐལ་བར་གཏོང་དགོས”ཅེས་བཤད་རྗེས་གཏེར་ཆུ་ཤེལ་དམ་གང་དེ་མགྲིན་པ་འགུལ་ཐེངས་གཅིག་གིས་ལྟོ་བའི་ནང་བླུགས་སོང་།
       ཉིན་དེའི་ཕྱི་དྲོར་ང་གཉིས་ཀྱིས་དྲ་ལམ་ནས་དུར་སྲེག་བྱ་ཡུལ་གྱི་ཁ་པར་ཨང་གྲངས་དང་ས་གནས་རྣམས་ཁ་པར་གྱི་ནང་དུ་ཟིན་བྲིས་ཕབ་རྗེས།   པེ་ཅིང་གི་སྲང་ལམ་མང་པོ་ཞིག་བརྒྱུད་ནས་པུར་སྲེག་ཐབ་ཞིག་འཚོལ་དུ་སོང་།
     དུས་རྒྱུན་འཆི་བ་དང་འབྲེལ་ཅི་ཡང་མེད་པ་དང་འདྲ་བའི་གྲོང་ཁྱེར་ཆེན་པོ་འདིའི་ནང་དུ་དུར་སྲེག་ས་ཞིག་འཚོལ་བ་ཤིན་ཏུ་སླ་མོ་ཡིན་འདུག ང་གཉིས་སྤྱི་སྤྱོད་རླངས་འཁོར་ནས་བབས་ཏེ་ཁ་པར་ནང་ཕབ་པའི་ས་གནས་བཅུ་ལྷག་གི་ནང་ནས་དང་པོ་དེ་ཡོད་སར་སླེབས་པ་ན་དེ་ནི་དུར་སྲེག་ཁང་ཆེན་མོ་ཞིག་རེད།  དུར་སྲེག་ཁང་དེ་ནི་པེ་ཅིང་གི་ཐོག་བརྩེགས་ཁང་ཆེན་དུ་མའི་ནང་དུ་སིམ་པའི་ཁང་པ་ཕལ་པ་ཞིག་ཡིན་འདུག་པས་གཞན་དང་མི་འདྲ་བའི་ཁྱད་པར་གང་ཡང་མཐོང་རྒྱུ་མི་འདུག མཁའ་རླུང་ན་མི་རོ་སྲེག་པའི་དྲི་ངན་མི་འདུག་ལ་ནམ་མཁར་རུ་དུ་བ་སྔོན་པོ་ཡང་འཕྱུར་གྱིན་མི་འདུག

ར་བའི་ནང་དུ་སླེབས་དུས་ཁང་པ་ཕལ་པ་འདི་ནི་མི་ཡུལ་དང་དམྱལ་བའི་བར་གྱི་འགག་མདོ་དེ་ཡིན་པ་ཤེས་འོང་། འགག་མདོ་འདིའི་ནང་དུ་ང་ཚོ་མི་རྣམས་ཀྱིས་རང་ཉིད་ཀྱི་ཤ་ཁྲག་ལས་འགྲུབ་པའི་ལུས་འདི་འཛིན་ཤོག་བཞིན་དུ་མེ་ལྕེ་ཞིག་ལ་ཞིབ་བཤེར་བྱེད་དུ་བཅུག་རྗེས་འཇིག་རྟེན་འདིའི་ཐོག་ཏུ་དུ་བ་དཀར་པོ་ཞིག་ཀྱང་འཇོག་མི་ཐུབ་པར་དམྱལ་བའི་དོང་དུ་ལྷུང་འགྲོ

དུར་སྲེག་ཁང་གི་ར་བའི་ནང་དུ་མགོ་མེད་པ་དང་ལག་པ་མེད་ལ་རྐང་པ་མེད་པའི་མི་རོ་མང་པོ་གྲལ་སྒྲིག་ནས་བཞག་འདུག མི་རོ་དེ་འདྲ་མང་པོ་ཞིག་མཐོང་མ་ཐག་པེ་ཅིང་ན་དམག་འཁྲུག་གམ་ས་འགུལ་ཞིག་བྱུང་བ་མིན་ནམ་སྙམ་པའི་དོགས་པ་སྐྱེས། མི་རོའི་ཚོགས་ཀྱི་གཡས་གཡོན་དུ་ལྭ་བ་དཀར་པོ་གྱོན་པའི་སྨན་པ་དང་ལྭ་བ་ནག་པོ་གྱོན་པའི་རོ་སྲེག་མཁན། ད་དུང་ཉེན་རྟོག་པ་བཅས་ཀྱི་ཟང་ཟིང་བྱེད་བཞིན་འདུག   དེ་གསུམ་པོ་ནི་འཆི་བ་དང་འབྲེལ་བ་ཆེས་ཆེ་བའི་ལས་ཀ་གསུམ་ཡིན་པ་ངས་ད་ལྟ་གཞི་ནས་རྟོགས། ལྭ་བ་ནག་པོ་གྱོན་པ་རྣམས་ཀྱིས་མིའི་རོ་ཁྲག་དམར་གྱིས་སྦངས་པ་རྣམས་ཁང་པ་དེའི་གཡོན་ཕྱོགས་ཀྱི་སྒོ་ནས་ཡར་འདུད་བཞིན་འདུག་ལ་མིག་དོང་དུ་ལྷུང་བའི་མི་ཁ་ཤས་ཀྱིས་ཐལ་བའི་ཁེངས་པའི་བུམ་པ་རེ་ལག་ཏུ་བཟུང་ནས་གཡས་ཕྱོགས་ཀྱི་སྒོ་ནས་མར་ཐོན། ཁོ་ཚོ་ར་བའི་ནང་སླེབས་དུས“ང་ཚོའི་ཉེ་བ་དག་གིས་ཐལ་རྡུལ་ཞིག་དང་དུ་བ་ཞིག་ཀྱང་འཇིག་རྟེན་འདིའི་ནམ་མཁའ་ལ་བཞག་མི་ཐུབ་པར་མི་ཡུལ་ནས་འདི་ལྟར་འཇམ་ཐིང་ངེར་བྲལ་སོང་བ་ཨེ་རེད”ཅེས་བཤད་པ་དང་འདྲ་བར་མིག་རུབ་རུབ་ཀྱི་ངང་ནས་ནམ་མཁའ་ལ་ཅེར་བཞིན་འདུག དེ་རིང་གི་ནམ་མཁའ་ནི་སྔོ་ཞིང་དྭངས། ཐ་ན་གནམ་གྲུ་འཕུར་བའི་རྗེས་ཤུས་ཀྱང་མཐོང་རྒྱུ་མི་འདུག

 མིའི་རོ་འདི་འདྲ་མང་པོ་ཞིག་མཐོང་བས་ང་རང་མགོ་ཡོམ་བར་མེད་དུ་འཁོར་བྱུང་། སྐབས་དེར་ལྭ་བ་ནག་པོ་གྱོན་པའི་མི་ཞིག་ང་གཉིས་ཀྱི་ཕྱོགས་སུ་རྒྱུག་ཡོང་ནས“ཨ་རོགས་གཉིས། ཕུང་པོ་སྲེག་དགོས་ན་ཐོ་ཞིག་ཁོད་ཅིག”ཟེར་བཞིན་ང་གཉིས་ལ་ཤོག་ལེབ་རེ་རེ་སྦྱིན།
  ཀྲང་ཙི་ཨུན་གྱིས“ང་གཉིས་ཀྱིས་དཔེ་ཁུག་དང་དཔེ་ཁུག་ནང་གི་དཔེ་དེབ་དང་རྒྱུགས་ཤོག་སོགས་ཕུང་བོའི་ཚུལ་དུ་པུར་སྲེག་བྱེད་འདོད་པ་ཡིན།  གླ་ཆ་ལྡབ་་གཅིག་གིས་ཆེ་བར་སྤྲད་ཆོག”ཅེས་བཤད་པ་ན་མི་དེ་སྤོ་ལངས་ནས“མར་རྒྱུགས། མར་རྒྱུགས”ཅེས་ལག་པ་གཡུགས་ཀྱང་ང་གཉིས་ད་དུང་སྔར་མལ་ན་འགྲེང་ནས་བསྡད་པ་མཐོང་ཚེ“ལྟོས་དང་། ཕུང་བོ་འདི་དག་གི་མིང་ནི་ཉེན་རྟོག་པས་ཀྱང་ཤེས་ཀྱི་མི་འདུག ཁོ་ཚོ་འཇིག་རྟེན་འདིའི་ཐོག་ཏུ་རང་གི་མིང་ཞིག་ཀྱང་བཞག་མ་ཐུབ་པར་ཐལ་བར་གྱུར་འགྲོ”ཅེས་མིང་མེད་པའི་ཕུང་བོ་དེ་དག་ལ་འཛུབ་མོ་གཏད་ནས་བཤད། སྐབས་དེར་སྦྲང་ནག་ཁ་ཤས་ཀྱིས་མི་རོ་ཞིག་གི་མིག་འགྲམ་གྱི་ཁྲག་དམར་འདྲེས་པའི་ཆུ་རྣམས་འཐུང་བཞིན་འདུག ཁོས་མིང་མེད་པའི་ཕུང་བོ་འདི་དག་དཔེ་ལ་བཞག་རྗེས་སླར་ཡང་བཤད་རྒྱུ“ཁྱོད་གཉིས་ཀྱིས་མིང་ཐོ་འདིའི་ཐོག་ཏུ‘མིང་མི་ཤེས། ས་ཆ་མི་ཤེས། ཤི་རྐྱེན་མི་ཤེས’ཅེས་ཕྲིས་དང་ང་ཚོས་ཁྱོད་གཉིས་ཀྱང་དཔེ་ཁུག་ནང་གི་སློབ་དེབ་དང་རྒྱུགས་ཤོག་དང་མཉམ་དུ་བསྲེག་ཆོག དེ་ན་མི་སུས་ཀྱང་ཁྱོད་གཉིས་གང་དུ་སོང་བར་མི་ཤེས་པས་སུ་ལའང་ཉེས་པ་མེད་དོ།། དེ་ན་འདི་ནི་མདའ་གཅིག་གིས་ཤྭ་ཕོ་གཉིས་གསོད་པའི་ཐབས་ཤེས་དཔེ་མེད་ཅིག་ཡིན” ཞེས་འབོད།
   “ང་གཉིས་ཀྱི་ཕུང་པོའི་པུར་ཐལ་ནང་དུའང་རྒྱུགས་ཤོག་གི་ཐལ་བའི་ལྷད་འདྲེས་པ་ནི་ཅི་འདྲའི་སུན་དགོས་པའི་དོན་ཞིག་རེད་ཨང་། མ་གཞི་ང་གཉིས་ད་ལྟ་ཤི་མི་འདོད། མ་འོངས་པ་ལ་ཡང་སྙིང་ཅི་ཞིག་འདུག་པ་བལྟ་འདོད་ཡོད”ང་གཉིས་ཀྱིས་ཀྱང་དོན་དུ་སྐད་ཆ་འདི་ལྟར་བཤད་ནས་ཁོའི་འཆར་གཞི་མཛེས་པོ་དེ་དམ་དུ་མ་བླངས་པས་ཁོས“ཨ་ཁ། ཁྱོད་གཉིས་ཀྱིས་འཚོང་ཡག་པོ་ཞིག་རྒྱག་ཤེས་ཀྱི་མི་འདུག”ཅེས་བློ་ཕམ་པའི་ཚུལ་སྟོན།

འགོ་པ་དང་འདྲ་བའི་མི་ཞིག་གིས་ང་གཉིས་ལ་སྐད་ཆ་བཤད་ནས་བསྡད་པའི་ལྭ་བ་ནག་པོ་ཅན་དེ་ལ“ཨ་རོགས། ཁྱོད་ཀྱི་སྐད་ཆ་རྗོགས་རྒྱུ་མེད་པ་དེ་ཅི་ཡིན་ནམ། རོགས་ཤོག”ཅེས་འབོད་བྱུང་བས་ང་ཚོ་ཡང་སོ་སོ་ཁ་བྲལ།
    ང་གཉིས་དུར་སྲེག་ཁང་གི་ཉེ་འགྲམ་གྱི་གླིང་ཁ་ཞིག་ཏུ་སོང་ནས་མེ་ཏོག་ཆེས་མང་ས་ན་ས་དོང་ཆེན་པོ་ཞིག་བྲུས་རྗེས་དེའི་ནང་དུ་དཔེ་ཁུག་དེ་སྦས།
     ཀྲང་ཙི་ཨུན་གྱིས་རང་ཉིད་ཀྱི་དཔེ་ཁུག་དང་རྒྱུགས་ཤོག་སྦས་པའི་ས་ངོས་སུ་གཅིན་པ་ཞིག་གཏང་གྲབས་བྱེད་སྐབས་ངས“མ་གཏོང་། ཁྱོད་ཀྱི་གཅིན་པ་ཚ་དྲགས་པས་མེ་ཏོག་སྙིང་ལ་རྗེ་བོ་དག་འཚིག་འགྲོ་ངེས་རེད”བཤད་པ་ན་ཁོས་ཀྱང་སྣམ་བུ་ཡར་འཐེན་ཙམ་བྱེད།

 ཁོ་རང་སློབ་གྲྭ་ནས་བསྐྲད་པའི་ཉིན་དེའི་མཚན་མོར་ང་གཉིས་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ནས་སློབ་གྲྭར་ལོག ལམ་བར་དུ་ངསཁྱོད་རང་ཁ་མ་བྲལ་བའི་སྔོན་དུ་ང་གཉིས་ཆང་ཁངཟླ་བདུན་པའི་ཚེས་བདུནནང་དུ་ཆང་འཐུང་བཞིནརོ་ལངསལ་རྗེས་དྲན་ཐེངས་གཅིག་བྱེད་དགོསཅེས་བཤད་ཀྱང་ཁོ་རང་ནི་སྣང་དོགས་སྤུ་ཙམ་ཡང་མེད་པརདེ་འདྲ་བྱེད་པའི་དགོས་པ་མེདབཤད་བྱུང་བས་དེ་ནས་ང་གཉིས་རང་རང་གི་ཉལ་ཁང་དུ་ལོག་འགྲོ་བ་ཡིན།

“ཨ་རོགས། བཟོད་པ་ཡར་ལོངས་དང”ཕྱི་ཉིན་ཞོགས་པར་མི་ཞིག་གིས་ང་རང་གཉིད་ལས་སློང་བཞིན་པ་གོ ངས་བསམ་མི་བསམ་གྱིས་མི་དེའི་ཕྱོགས་སུ་མིག་རུབ་རུབ་བྱས་ནས་བལྟས་ཚེ་ཏག་ཏག་ཀྲང་ཙི་ཨུན་རེད་འདུག
  “མགྱོགས་པོར་ལོངས་དང་། དེ་རིང་ང་ཡུལ་དུ་ལོག་འགྲོ་རྒྱུ་ཡིན། ཁྱོད་ཀྱིས་ང་ལ་སྐྱེལ་མ་ཞིག་བྱེད་རོགས”
ངས་སྐད་ཆ་འདི་རྨི་ལམ་ནང་དུ་རྨིས་པ་ཡིན་ནམ་ཡང་ན་ཁོས་ང་རྩེད་མོ་རྩེ་བཞིན་ཡོད་དམ་སྙམ་གྱིན་མལ་ཁྲི་ཐོག་ཏུ་ཡར་ཙོག་ནས་གོས་དག་གྱོན་པར་རྩོམ།
   ངས་ཁ་ངོ་བཀྲུ་ཁོམ་མ་བྱུང་ལ་ཞོགས་ཟས་ཀྱང་ཟ་ཁོམ་མ་བྱུང་། ང་གཉིས་སློབ་གྲྭ་ནས་མགྱོགས་ཤིག་ཤིག་ངང་ཐོན་རྗེས་སྲང་ལམ་གྱི་བཞི་མདོ་ཞིག་ན་འགྲེང་ནས་གླ་གཏོང་རླངས་འཁོར་བསྒུགས།           གླ་གཏོང་རླངས་འཁོར་ཞིག་བཀག་ཐུབ་ཙམ་བྱུང་བ་དང་སྒོ་ཕྱེ་ནས་ནང་དུ་འཛུལ་པའི་སྐབས་སུ་ཁོ་ལ་རྒྱབ་ཁུག་ཞིག་ཀྱང་འཁུར་རྒྱུ་མེད་པར་མཐོང་བས“ཁྱོད་ཀྱི་ཅ་ལག་དག་གང་དུ་ཡོད”ཅེས་འདྲི་བ་ཡིན་
      ཁོས་རྒྱ་སྐད་ཀྱི་ལམ་ནས“ང་ལ་ཅི་དང་གང་ཡང་མེད”ཅེས་བཤད་བྱུང་། རྒྱ་ཡིག་གི་ཡིག་འབྲུ་ལྔ་པོ་འདི་སྐད་གདངས་དྲགས་པས་མི་སེམས་འགུལ་བྱེད་ཀྱི་སྟོབས་ཤུགས་ཅིག་འདུག ངས་མིག་ཤེལ་ནག་པོ་གྱོན་པའི་རྒྱའི་གླུ་བ་ཞིག་གིས་ཡིག་འབྲུ་ལྔ་པོ་འདི་དབྱངས་ཀྱིས་ལེན་པ་མཐོང་མྱོང་། ཁོས་གླུ་ལེན་སྐབས་གདོང་ལ་རྣམ་འགྱུར་འདྲ་དང་མི་འདྲའི་སྒོ་ནས་ང་ལ་ཅི་དང་གང་ཡང་མེད་ཅེས་བླངས་མོད། གླུ་བ་གྲགས་ཅན་ཁོ་ལ་ཅི་དང་གང་ཡང་མེད་ཟེར་ན་སུའི་རྣ་བར་འགྲོ   ཅི་དང་གང་ཡང་མེད་པ་དེ་ཀྲང་ཙི་ཨུན་ལྟ་བུ་ལ་གོ་བ་འདྲ། ཁོའི་རྒྱབ་ཏུ་རྒྱབ་ཁུག་སྟོང་པ་ཞིག་ཀྱང་འཁུར་རྒྱུ་མི་འདུག

ལམ་བར་དུ་ང་རང་ཡུན་རིང་པོ་ཞིག་ལ་གཉིད་དུ་ཤོར་འདུག གཉིད་ལས་སད་སྐབས་གླ་གཏོང་རླངས་འཁོར་འདི་སྔར་བཞིན་པེ་ཅིང་གི་སྲང་ལམ་ཆ་ག་བ་ཞིག་གི་ཐོག་ཏུ་འགྲོ་བཞིན་མཆིས། སྐབས་དེར་ཞོགས་པའི་ཉི་འོད་ཀྱང་སྒེའུ་ཁུང་བརྒྱུད་ནས་ངའི་གདོང་ལ་ཕོག་འདུག སྐབས་སྐབས་སུ་ལམ་འགྲམ་གྱི་རྒྱ་ལྕང་གི་གྲིབ་མ་ངའི་གདོང་ཐོག་ཏུ་གློ་བུར་བབས་ཅིང་གློ་བུར་ཡལ། གཉིད་ལས་སད་ཟིན་ནའང་མིག་མདུན་གྱི་ཡོད་ཚད་ནི་རྨི་ལམ་ཞིག་དང་འདྲ་བོ་འདུག་པས་ངས་ཀྲང་ཙི་ཨུན་ལ“ང་གཉིས་གང་གི་ཕྱོགས་སུ་འགྲོ་དགོས”ཅེས་འདྲི།
    “ང་གཉིས་གནམ་གྲུ་འབབ་ཚིགས་སུ་འགྲོ་དགོས” ཁོའི་སྐད་དེ་མཉན་རྗེས་ང་རང་སླར་ཡང་རྨི་ལམ་ནང་དུ་ལྷུང་སོང་། རྨི་ལམ་ནང་དུ་གནམ་གྲུ་ཐང་དུ་སླེབས་པ་ཡིན་ནམ། ཡང་ན་གཉིད་ལས་སད་དུས་གནམ་གྲུ་ཐང་དུ་སླེབས་པ་ཡིན། གང་ལྟར་ང་གཉིས་གནམ་གྲུ་ཐང་དུ་སླེབས་འདུག
   “ད་ང་རང་བསྐྱལ་མི་དགོས། ཁྱོད་རང་ལོག་རྒྱུགས”ཀྲང་ཙི་ཨུན་གྱིས་སྐད་འདི་ཐེངས་ཁ་ཤས་བཤད་ཀྱང་ང་རང་མུ་མཐུད་དུ་ཁོའི་རྗེས་སུ་བསྐྱོད།
   “ཁྱོད་རང་ང་དང་མཉམ་དུ་འགྲོ་བསམ་པ་ཡིན་ནམ། འགྲོ་ན་ངས་ཁྱོད་རང་ཕ་ཡུལ་དུ་འཁྲིད་ཆོག”སྐད་ཆ་འདི་བཤད་དུས་ང་གཉིས་གནམ་གྲུ་ཐང་གི་སྒོ་ཁར་སླེབས་འདུག་ལ་སྐད་ཆ་དེའི་རྐྱེན་གྱིས་ང་རང་ཡང་མུ་མཐུད་ཁོའི་རྗེས་མ་དེད་པར་རང་སར་ལངས་དགོས་བྱུང་སོང་།
     ཁོས་ཚུལ་དེ་མཐོང་མ་ཐག་ཁོ་རང་ངའི་ཕྱོགས་སུ་འོངས་ནས་ངའི་ལུས་ལ་འཁྱུད་བྱུང་བ་དང་ཆབས་ཅིག་འདི་སྐད་དུ“སྙན་ངག་གི་རྐྱེན་པས་ང་རང་སློབ་གྲྭ་ནས་བསྐྲད་སོང་། ཁྱོད་རང་ཡང་སྙན་ངག་དང་བར་ཐག་རིང་ཙམ་མ་བསྐྱེད་ན་ནམ་ཞིག་ཁྱོད་ཀྱང་འཇིག་རྟེན་འདི་ནས་བསྐྲད་ངེས”ཅེས་བཤད་བྱུང་བས་ངའི་ཁྲག་དམར་ཡོད་ཚད་མིག་ནང་བསོགས་པ་ལྟ་བུའི་སྐྱོ་སྣང་ཞིག་རྒྱས་བྱུང་ནའང་མིག་ཆུ་ཐིགས་པ་གཅིག་ཀྱང་ལྷུང་མ་ཐུབ། སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཐུབ།
      ང་རང་ཁོའི་ལུས་པོ་ལས་ཕྱིར་བསྐྱེད་ཙམ་བྱས་པས་ཁོས་ཀྱང་ང་ལ་མཛུམ་འཁྲེགས་པོ་ཞིག་བསྟན་རྗེས་ཁ་ཕྱིར་བསྐོར་ནས་སྒོ་ནང་འཛུལ་བཞིན་པའི་མི་ཚོགས་མང་པོ་དང་ཁ་དོག་གཅིག་ཏུ་གྱུར།
    ཁོ་རང་ཡལ་རྗེས། ནམ་མཁའ་རུ་གནམ་གྲུ་མང་པོ་ཞིག་འཕུར་བ་མཐོང་ནའང་ཁོ་རང་སྡོད་སའི་གནམ་གྲུ་དེ་གང་དེ་ཡིན་པ་ཤེས་ཐབས་བྲལ།

  ང་རང་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་ནས་སློབ་གྲྭར་ལོག་པའི་སྐབས་དེར་ངའི་ཀླད་པ་དང་མིག་མདུན་གྱི་དངོས་པོ་ཡོད་ཚད་ནི་ཡིག་འབྲུ་གཅིག་ཀྱང་བྲིས་མེད་པའི་ཤོག་ལེབ་དཀར་པོ་ཞིག་དང་འདྲ། རླངས་འཁོར་འདི་གཡས་གཡོ་གཡོན་གཡོ་བྱས་ནས་མི་ཚོགས་ཀྱི་དཀྱིལ་ནས་བསྐྱོད་ཚེ་ཉལ་ས་བདེ་མོ་ཞིག་ཡོད་ན་ཅི་མ་རུང་སྙམ།  རླངས་འཁོར་གྱི་དུང་སྒྲ་དང་མི་ཡུལ་གྱི་རྡུལ་ཚོགས་བར་ནས་ང་རང་སླར་ཡང་རྨི་ལམ་གི་ཞིང་དུ་ལྷུང་།

   བར་སྐབས་ཤིག་ལ་ཁ་ལོ་པས་ང་རང་གཉིད་ལས་དཀྲོགས་བྱུང“ཁྱོད་རང་སླེབས་སོང་། མར་བོབས་དང”ཞེས་འབོད།
  ངས་གཉིད་མ་སད་ཀྱིས“གང་དུ་སླེབས་སོང”ཞེས་དྲིས་པ་ན“ཁོས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནུབ་སྒོའི་འགྲམ་དུ་སླེབས་སོང”ཟེར། ངའི་མིག་མདུན་གྱི་ཡོད་ཚད་ནི་སྔར་བཞིན་ཤོག་ལེབ་དཀར་པོ་ཞིག་དང་འདྲ་བས“ཀྲུང་དབྱང་མི་རིགས་སློབ་ཆེན་ཟེར་བ་དེ་ཅི་ཞིག་རེད”ཅེས་ཐལ་བས་ཁོ་རང་རང་དབང་མེད་པར་དགོད་སོང་། ངོ་རང་དགོད་པའི་སྐབས་སུ་རླངས་འཁོར་ཡང་ལྷུག་ལྷུག་འགུལ།
       ངས་ཁོ་ལ་སྒོར་མོ་བརྒྱ་ལོར་ཞིག་སྤྲད་པ་དང་ཁོས་དངུལ་སིལ་མ་འཚོལ་བཞིན་དུ“ལམ་བར་དུ་ཁྱོད་རང་ཡུན་རིང་ཞིག་ངུས་སོང”ཞེས་བཤད་ཀྱང་ངའི་རྨི་ལམ་ནི་ཤོག་དཀར་ལེབ་མོ་ཞིག་དང་འདྲ་བས་ཅི་ཡང་དྲན་རྒྱུ་མི་འདུག

ཆང་ཁང‘ཟླ་བདུན་པའི་ཚེས་བདུན’གྱི་ནང་དུ‘རོ་ལངས’ལ་རྗེས་དྲན་བྱས་མཚམས་འདི་ཙམ་ལ་སླེབས་མ་ཐག་ཚེ་རིང་མཚོ་ཅི་ཡིན་འདི་ཡིན་མེད་པར་ངུས་བྱུང་།  མོ་རང་ངུ་དོན་ཡང་ངས་ཀྲང་ཙི་ཨུན་གྱི་སྐོར་མང་དུ་བཤད་པས་ཡིན་རྒྱུ་རེད་བསམ་གྱིན“ཚེ་རིང་མཚོ། ཁྱོད་མ་ངུ“ཟེར་བཞིན་མུ་ནས་མོ་ལ་སེམས་གསོ་ཅི་འདྲ་ཞིག་བྱེད་དགོས་པར་བསམ་བློ་གཏོང་།
   “ཉིན་གཉིས་ཀྱི་རྗེས་སུ་ང་གཉིས་ཀྱང་སློབ་གྲྭ་འདི་ནས་ཁ་བྲལ་དགོས་ཨང”མོའི་ངུ་སྐད་ཇེ་ཆེར་སོང་། ངས་མོ་རང་ནི་ཀྲང་ཙི་ཨུན་གྱི་ཆེད་དུ་ངུ་བ་མ་ཡིན་པར་རང་ཉིད་ཀྱི་དོན་དུ་ངུ་བ་ཤེས་རྗེས་ཅུང་ཁྲོས་ནས“དེ་ན་ཁྱོད་རང་སློབ་གྲྭ་འདིའི་ནང་དུ་ད་དུང་ལོ་གཅིག་སྡོད་ཅིག”ཅེས་དམོད་པ་ན་མོ་རང་ངུ་མཚམས་བཞག་ནས“མི་ཁྱོད་རང་ཡིན་ན”ཟེར་བ་དང་སེན་མོས་ངའི་འགྲམ་པར་གཙགས་བྱུང་།
    ལོ་གཉིས་ལྷག་ཙམ་གྱི་རིང་དུ་ང་ཚོ‘རོ་ལངས’ཚོགས་པས་བགྲང་དུ་མེད་པའི་ལྷན་འཛོམས་ཀྱི་རྗེས་ཀྱི་ཉིན་ཞིག་གི་མཚན་མོར་ཆང་གི་བཟི་བའི་ཚོགས་མི་ཞིག་གིས“ང་ཚོ་ཐེངས་འདི་ཙམ་འཛོམས་ཀྱང་སྙན་ངག་ཚིག་གཅིག་འབྲི་མ་མྱོང་ལ་ཚིག་གཅིག་གླེང་མ་མྱོང”ཞེས་བཤད་པའི་ཚེ་ན་ཚོགས་མི་ཀུན་ཆང་གིས་བཟི་བའི་རྐྱེན་གྱིས་ཡིན་ནམ། གང་ལྟར་སྐད་འདི་ཐོས་མ་ཐག་མི་དགོད་མཁན་གཅིག་ཀྱང་མི་འདུག    ང་རང་དབང་མེད་དུ་བགད་རྗེས“ང་ཚོ‘རོ་ལངས’ནི་སྙན་ངག་ཚོགས་པ་བླ་ན་མེད་པ་ཞིག་ཡིན་པའི་རྒྱུ་མཚན་ཡང་དེའོ”ཞེས་པའི་སྐད་ཅིག་ཐལ།
    ཉིན་དེའི་མཚན་མོ་ཆུ་ཚོད་གསུམ་པར་ང་ཚོ་བུ་ལྔ་དང་བུ་མོ་དྲུག་བཅས‘རོ་ལངས’ཀྱི་ཚོགས་མི་བཅུ་གཅིག་པོ་མི་དང་རླངས་འཁོར་གྱི་གྲིབ་མ་ཙམ་ཡང་མེད་པའི་པེ་ཅིང་གི་གཞུང་ལམ་ཆེན་པོའི་ཐོག་ཏུ་ཉུལ་བཞིན་དམག་གླུ་དབྱངས་ཀྱིས་ལེན།  དགྲ་བོ་ནི་ཕྱོགས་བཞི་གང་དུའང་མེད་ཅིང་མུན་པས་ང་ཚོའི་མདུན་ལམ་ཡོངས་སུ་བསྒྲིབས་མོད་ཀྱང་ལང་ཚོའི་ཁྲག་དམར་རུས་རྐང་དང་སྙིང་གར་ལྷུག་ལྷུག་ཏུ་གདུ།
    “ཆང་གི་བཟི་སོང་དུས་རང་ངོ་མི་ཤེས་པ་གང་དེ་སྙན་ངག་པ་མིན”འདི་ནི་ཀྲང་ཙང་ཨུན་གྱིས་བཤད་པའི་སྐད་ཆ་ཞིག་རེད་ལ‘རོ་ལངས’ལ་ལུང་སྟོན་པ་དང་བསྡོམས་ཚིག་བྱེད་ཆོག་པའི་སྐད་ཆ་ཞིག་རྐྱང་རེད། ལྷན་འཛོམས་བྱེད་ཐེངས་རེར་ང་ཚོ་ཆང་གིས་བད་ངེས་པ་ཡིན་ཡང་ཚོགས་མིའི་བར་དུ་འཁྲུག་རྩོད་དང་མི་དགེ་བའི་འབྲེལ་བ་གཅིག་ཀྱང་བྱུང་མྱོང་མེད། ཚད་ལས་ཅུང་ཙམ་བརྒལ་བའི་བྱ་སྤྱོད་ནི་སྨྱོན་པ་བཞིན་གྱིས་བྲོ་འཁྲབ་པ་དང་སྟོང་ལྷང་ལྷང་གི་སྲང་ལམ་ན་ཤགས་པོ་ཤ་འགྲིག་བྱེད་བཞིན་དམག་གླུ་ལེན་པ་དེ་ཙམ་ལས་མ་འདས།

    ངས་སྒྲོག་རྩེའི་ཐོག་གི་པེ་ཙི་དེ་ཡར་བླངས་ནས་ཁ་ཧྥེ་འཐུང་ཁུལ་ཞིག་བྱས་ཀྱང་པེ་ཙིའི་ནང་དུ་ཅི་དང་གང་ཡང་ལྷག་མི་འདུག་པས་པེ་ཙི་རང་སར་བཞག་དགོས་བྱུང་། ངས་མཆུ་ཏོ་སྐམ་པོ་ལྕེ་ལེབ་ཀྱིས་ལྡག་ཙམ་བྱེད་རྗེས་ཚེ་རིང་མཚོ་ལ“ངས་ཁྱོད་ལ་བཞག་མྱོང་བའི་བག་ཆགས་ཆེ་ཤོས་དེ་ཅི་རེད”ཅེས་དྲིས་པས་མོས‘བག་ཆགས་ཆེ་ཤོས་ནི་ང་གཉིས་ལྷ་སར་སླེབས་ལ་ཉེ་བའི་སྐབས་སུ་བྱུང་བའི་དོན་དག་རྣམས་ཡིན་པ་སྨོས་མ་དགོས’ཅེས་བཤད་རྗེས་མོས་ཀྱང་ལྦུ་བ་ལས་ལྷག་མེད་པའི་པེ་ཙི་དེ་ཡར་བླངས་ནས་ཅི་ཞིག་འཐུང་ཁུལ་བྱེད།

ང་གཉིས་ལྷ་སར་སླེབ་ལ་ཉེ་བའི་སྐབས་སུ་བྱུང་བའི་དོན་དག་རྣམས་ངས་ད་ལྟའང་ཅུང་ཙམ་དྲན་ཐུབ་ཀྱི་འདུག དབྱར་གནང་བཞག་དུས་ང་གཉིས་མཉམ་དུ་ལྷ་སར་ལོག མཚན་གང་བོར་མོས་ཕ་རྒན་ལ་ལག་རྟགས་སུ་ཉོས་པའི་རྒུན་ཆང་དམར་པོའི་དམ་བེ་དེ་ཁ་ཕྱེ་ནས་འཐུངས།  མུན་གསལ་དུས་ཉེ་འགྲམ་གྱི་མི་རྣམས་ཀྱིས་ལྷ་སར་བསླེབ་རྒྱུར་ཆུ་ཚོད་གཅིག་ལས་མེད་པར་གླེང་བཞིན་འདུག ངས་ཕ་ཡུལ་ལྷ་ས་ནས་ཡིན་པའི་ཚེ་རིང་མཚོ་ལ་སྐད་ཆ་འདི་དག་བདེན་པ་ཡིན་མིན་འདྲི་དུས་མོས་ཀྱང“ཆུ་ཚོད་གཅིག་ཙམ་ལས་མེད”ཟེར།
     མུན་ཅུང་གསལ་བ་དང་ངའི་མགོ་ན་ནས་གཟེར་བྲེང་ངེར་བྱེད། ངས་རང་གི་མགོ་ལ་བར་མེད་དུ་འཕུར་འཕུར་བྱེད་པ་མཐོང་ཚེ་ཚེ་རིང་མཚོས“ཁྱོད་ལ་ཅི་བྱུང”ཞེས་དྲིས་བྱུང་།
  “གངས་དུག་ཕོག་པ་འདྲ། མགོ་ན་གི”
  “གངས་དུག་ཅི་ཡིན། མདང་དགོང་ཨ་ཕའི་རྒུན་ཆང་དེ་འཐུང་བ་མང་སོང་བས་རེད”ཟེར།
    མདང་དགོང་ང་གཉིས་ཀྱིས་མོའི་ཕ་རྒན་གྱི་ལག་རྟགས་ཡིན་པའི་རྒུན་ཆང་དེའི་འཐུངས་བའི་རྐྱེན་གྱིས་དེ་རིང་ཞོགས་པར་ང་གཉིས་གཉིད་ལས་སད་དུས་ཀྱང་ཅུང་བཟི་ཡོད་པ་འདྲ། ཡང་ན་ང་གཉིས་ར་བཟི་བའི་རྐྱེན་གྱིས་མཚན་གང་ཉལ་མེད་པ་འདྲ། མུན་གསལ་བ་དང་མེ་འཁོར་གྱི་གློག་སད་སོང་བས་མཚན་མོ་ལས་ཀྱང་རབ་རིབ་ཏུ་གྱུར། དེས་ར་བཟི་ཟིན་པའི་ང་གཉིས་ལ་སྣང་བ་མག་མོག་ཅིག་བསྩལ།
    ཁོར་ཡུག་མག་མོག་གི་ནང་དུ་ངའི་མགོའི་ཟུག་གཟེར་དེ་ཡང་མག་མོག་ཏུ་གྱུར། དེའི་ཚབ་ཏུ་འཁྲུལ་སྣང་མང་པོ་ཞིག་ཀླད་པའི་གང་སར་ཁེངས། ངས་གློ་བུར་ཅི་ཞིག་དྲན་འོང་པ་བཞིན་མོ་ལ“འོ་བྱེད་ཨེ་མྱོང”ཞེས་དྲིས་པ་ན་མོས་ཀྱང་ངའི་དྲི་བ་འདི་ཤིན་ཏུ་རྒྱུན་ལྡན་ཞིག་ཡིན་པ་ལྟར“མ་མྱོང”ཞེས་ལན་བཏབ་བྱུང་། ངས་མོའི་རྣམ་འགྱུར་ལ་ཞིབ་ལྟ་ཞིག་བྱེད་མོད་གློག་སད་ཟིན་པ་དང་མུན་ད་དུང་གསལ་མེད་པས་ཅི་ཡང་མཐོང་གི་མི་འདུག

 མོས་ཀྱང་ང་ལ“ཨེ་མྱོང”ཞེས་དྲིས་ཡོང་དུས་ལན་དུ“མ་མྱོང”བཏབ།
       ཡུན་རིང་ཞིག་ལ་ཁུ་སིམ་མེར་ལུས་པ་དང་མོས་ཡང་བསྐྱར་ཅི་ཞིག་དྲན་ཡོང་བ་བཞིན་“འོ་བྱེད་པའི་རོ་ནི་ཅི་འདྲ་བ་ཞིག་ཡིན་ནམ”ཞེས་དྲིས་བྱུང་བས་ངས“ང་ལའང་ཉམས་མྱོང་མེད་པས་སུ་ལ་འདྲི”ཞེས་འཆད་བཞིན་པའི་སྒང་དེར་མེ་འཁོར་ཏག་ཏག་གློག་འོད་མེད་པའི་ས་དོང་ཞིག་ཏུ་འཛུལ་མགོ་རྩོམ།  མེ་འཁོར་གྱི་ཡོད་ཚད་མུན་པས་བཟུང་སོང་།
   ངའི་མཆུ་ཏོ་ཚོད་ཀྱིས་མོའི་ཕྱོགས་སུ་བསྲིངས་པ་ན་མོའི་གྲང་ཤིག་ཤིག་གི་མཆུ་ཏོ་ལ་གླན་སོང་།
      ས་དོང་དེའི་རིང་ཚད་ཅི་ཙམ་ཞིག་ཡོད་པ་མི་ཤེས་པས་ང་གཉིས་ཀྱིས་དུས་ཡུན་གང་ཙམ་ལ་འོ་བྱེད་པ་ནི་བརྗེད་དུ་བོར།
          ས་དོང་གི་མདུན་ཕྱོགས་སུ་འོད་སྣང་འཕྲོ་དུས་ང་གཉིས་ཀྱི་མཆུ་ཏོ་ཡང་མ་གྲོས་གཅིག་མཐུན་གྱིས་སོ་སོར་བྲལ། ཅི་ཡང་བྱུང་མེད་པ་བཞིན་སོ་སོའི་སར་ཙོག་པོར་བསྡད།
      མེ་འཁོར་ས་དོང་ནས་ཐོན་རྗེས་གཡས་གཡོན་གྱི་མི་དག་གིས་ང་གཉིས་ཀྱིས་འོ་བྱེད་པའི་ཟློས་གར་མཐོང་མེད་པ་འདྲ་བས་ང་རང་བློ་བདེ་མོའི་ངང་ནས་མོ་ལ“འོ་བྱེད་དུས་ཁྱོད་ཀྱིས་མིག་ཨེ་ཚུམ”ཞེས་དྲིས་པས་མོས“མིག་ཚུམ་མེད”ཟེར་བའི་དུས་དེར་མུན་ཡོངས་སུ་གསལ་འདུག དེའི་བདེན་དཔང་ནི་མོའི་མཆུ་ཏོ་བརླན་ཤིག་ཤིག་ངང་ངའི་མིག་མདུན་དུ་མངོན་འོང་། དེ་ནི་ང་གཉིས་ཀྱིས་ཐེངས་དང་པོར་འོ་གླེང་བ་ཡིན་ལ་ཐེངས་རྗེས་མ་དེ་ཡང་ཡིན་པ་འདྲ། དེའི་རྗེས་སུ་ང་གཉིས་ཀྱིས་འོ་དེ་བརྗེད་དུ་བོར་ཟིན་པ་དང་འདྲ་མོད། ད་ཆ་ཆང་ཁང‘ཟླ་བདུན་པའི་ཚེས་བདུན’གྱི་ནང་དུ་སླར་ཡང་ལྷ་སར་འགྲོ་བའི་མེ་འཁོར་དེ་གླེང་དུས་འོ་དེ་སུས་ཀྱང་བརྗེད་ཐབས་མེད་པ་ཤེས་འོང་།
       ལྷ་སར་མ་སླེབ་གོང་གི་བཅུ་ཚོད་གཅིག་གི་སྔོན་དུ“ང་རང་མགོ་ན་བྱུང”ཞེས་བཤད་དུས་མོས“ངའི་ཨ་ཕའི་རྒུན་ཆང་དེ་བཏུང་དྲགས་པས་ཆང་དུག་ཕོག་པ་ཡིན་འགྲོ”ཞེས་འོ་བྱེད་མྱོང་བའི་མཆུ་ཏོ་གྲང་ཞིང་བརླན་པ་དེ་ལས་སྐད་ཆ་བཙོག་པོ་འདི་འདྲ་ཞིག་ཐོན་འོང་པ་ལ་ང་རང་ཧ་ལས་སོང་།
      ལྷ་ས་དང་ཇེ་ཉེར་སོང་བ་དང་བསྟུན་ནས་ཞོགས་པའི་མཚམས་སྤྲིན་མེ་ལྕེ་བཞིན་མཁའ་མཐའི་བ་སྤུ་བཞིན་གྱི་རྩྭ་ཕྲན་དག་སྲེག་བཞིན་པ་དང་འདྲ་བས་མི་ཚོགས་ཀྱིས་ཁ་པར་སྒེའུ་ཁུང་ལ་གཏད་ནས་པར་ཡང་ཡང་དུ་རྒྱག་བཞིན་འདུག མེ་འཁོར་གྱིས་ཁོ་ཚོའི་ལག་པ་དང་ལག་ནང་གི་ཁ་པར་སྒུལ་བས་ཡིན་ནམ། ཡང་ན་སྒེའུ་ཁུང་དང་ནམ་མཁའ་འགུལ་བཞིན་པས་ཡིན། གང་ལྟར་ཁོ་ཚོས་པར་སྙིང་ལ་རྗེ་བོ་ཞིག་བླངས་མ་ཐུབ་པས་རྣམ་འགྱུར་སྲ་མོ་ཅན་གྱི་གདོང་དེ་མཚམས་སྤྲིན་ཆ་ག་བའི་ཕྱོགས་སུ་གཏད་ནས་ཧད་འདུག ངས་ཀྱང་མི་ཡུལ་གྱི་ཞོགས་པར་སྙིང་བོ་ཅི་ཡང་མེད་པར་མཚམས་སྤྲིན་འདི་འདྲ་བ་ཞིག་ཐོན་པའི་དགོས་པ་ཅི་ཡིན་ནམ་སྙམ་བཞིན་པའི་སྐབས་དེར་ངའི་གཡས་ཀྱི་ཚེ་རིང་མཚོས“སྙན་ངག་ཅིག་ཕྲིས་དང”ཟེར་བ་ཐོས་པས་ཁ་ཕྱིར་བསྐོར་བ་ན་མོའི་འཛུབ་མོ་མཚམས་སྤྲིན་དམར་པོར་གཏོད་བཞིན་འདུག ངས་སྒེའུ་ཁུང་གི་ཁ་ཕྱེ་ནས་ཆང་དུག་གིས་ཁེངས་པའི་མཆིལ་ལུད་ཁམ་གང་མཚམས་སྤྲིན་གྱི་ཕྱོགས་སུ་མར་ཕངས་པ་ན་སྒེའུ་ཁུང་ནས་གློ་བུར་ཐོན་པའི་གྲང་རླུང་གིས་མཆིལ་ལུད་རྣམས་ང་དང་ཚེ་རིང་མཚོའི་གདོང་ལ་ཡར་ལྷན་བྱུང་།
     ངས་ཚེ་རིང་མཚོའི་ངོ་གདོང་ཐོག་གི་མཆིལ་ལུད་རྣམས་ཤོག་ལེབ་དཀར་པོ་ཞིག་གིས་འབྱིད་བཞིན་པའི་སྐབས་དེར་མི་ཞིག་གིས་སྐད་ཤུགས་ཆེན་མོས“ལྷ་ས་སླེབས་སོང”ཞེས་འབོད་བྱུང་བས་ངའི་ལག་ནང་གི་ཤོག་བུ་དཀར་པོ་དེ་ཡང་ཤོར་སོང་། ངས་སྒེའུ་ཁུང་གི་ཕྱི་རོལ་དུ་གློ་བུར་ཐོན་ཡོང་བའི་ས་མཐོའི་གྲོང་ཁྱེར་དེ་ལ་ལྟ་བཞིན་ལོ་རྒྱུས་ཀྱི་དེབ་ནང་མཐོང་མྱོང་བའི་པོ་ཏ་ལ་ཞེས་པའི་ལྷ་ཁང་ཡིན་པ་འདྲ་ལ་ཕོ་བྲང་ཡིན་པའང་འདྲ་བའི་ཁང་པ་ཆེན་པོ་དེ་འཚོལ་དུས་སུ་པོ་ཏ་ལ་མཐོང་རྒྱུ་མི་འདུག
   “པོ་ཏ་ལ་གང་དུ་ཡོད་དམ”ཞེས་འདྲི་སྐབས་ལྕགས་པོ་རིའི་རྒྱབ་ནས་པོ་ཏ་ལ་དཀར་ལྷང་ངེར་ཐོན་བྱུང་། ཡིན་ཡང་གསོལ་བ་ཅི་ཞིག་འདེབས་དགོས་པ་དང་ཁ་འདོན་ཅི་ཞིག་བྱེད་དགོས་པ་དྲན་མ་ཐུབ་པས་རེ་ཞིག་སྐྱུར་དགོས་བྱུང་སོང་།
   ང་གཉིས་མེ་འཁོར་ནས་ཐོན་དུས་མོས་རང་གི་ཞྭ་མོ་དམར་ཆེན་དེ་ངའི་མགོ་ལ་བཀོན་བྱུང་བ་དེ་ད་ལྟའང་ངའི་མིག་ལམ་དུ་གསལ་ལྷང་ངེར་འཆར་བ་བྱེད།

       ཆང་ཁངཟླ་བདུན་པའི་ཚེས་བདུན”གྱི་ནང་དུ་ཚེ་རིང་མཚོ་དང་ང་གཉིས་ཀྱིས་མེ་འཁོར་ན་རྒུན་ཆང་དམར་པོ་འཐུང་བའི་མཚན་མོ་དེ་ཡང་ཡང་གླེང་ནའང་ཞོགས་པའི་གྲང་ཤིག་ཤིག་གི་འོ་དེ་སུས་ཀྱང་གླེང་བར་མི་བྱེད།

        མཚན་མོའི་ཆུ་ཚོད་གསུམ་པ་སླེབས་ཚེ་ཆང་ཁང་གི་སྒོ་བརྒྱབ་པ་ཡིན་པས་ང་གཉིས་ཀྱང་ཆང་ཁང་དང་བྲལ།  སྐབས་དེར་སྦྱིན་བདག་ནི་གློག་ཀླད་ཀྱི་ཁ་གཏོད་དུ་གཉིད་དུ་ཤོར་འདུག་ཅིང་རྨི་གཏམ་མག་མོག་ཞིག་གིས་ཁོའི་ཀླད་པ་དང་གློག་ཀླད་ནང་དུ་ཉར་ཡོད་པའི་འཆར་གཞི་མང་པོ་ཞིག་འཆད་ཀྱིན་འདུག ངས་སྒོར་མོ་བརྒྱ་ལོར་ཞིག་ཁོ་དང་གློག་ཀླད་ཀྱི་བར་དུ་བཞག་རྗེས་ང་གཉིས་ཁོ་དང་བྲལ་ཞིང་ཆང་ཁང་ནས་ཐོན།
     ང་རང‘རོ་ལངས’དང་ཁ་བྲལ་རྗེས། མཚན་མོར་པེ་ཅིང་གི་སྲང་ལམ་ན་མ་ཉུལ་པ་ཡུན་རིང་འགོར་སོང་། སྔོན་མར་ང་ཚོ་ཚོགས་མི་རྣམས་སྲང་ལམ་དུ་ཉུལ་བཞིན་དམག་གླུ་མང་པོ་ཞིག་དབྱངས་ཀྱིས་ལེན་མྱོང་། ང་ཚོས་ལེན་པའི་དམག་གླུ་དག་ནི་དམག་གླུ་ཞིག་དང་མི་འདྲ་བར་ངུ་འབོད་དང་ང་རོ་ཞིག་དང་འདྲ་མོད་ཀྱང་ང་ཚོའི་ཁྲག་དམར་ལྷུག་ལྷུག་ཏུ་གདུ་བཞིན་ཡོད་ལ་ང་ཚོའི་ལང་ཚོ་མེ་ལྟར་འབར་བཞིན་ཡོད་ཨང་། དུས་དེར་ང་ཚོ་ཚོགས་མི་བཅུ་གཅིག་པོས་ཁ་བྲལ་ཞེས་པའི་ང་ཚོ་དང་འབྲེལ་བ་མེད་པའི་ཚིག་དེ་གཉིས་ཡེ་ནས་དྲན་མྱོང་མེད།
         དེ་རིང་མུན་པའི་སྲང་ལམ་བརྒྱུད་མཁན་ང་དང་ཚེ་རིང་མཚོ་ལས་ལྷག་མི་འདུག ངས་དུ་སྨུག་དང་མུན་པ་འདྲེས་པའི་མདུན་ཕྱོགས་སུ་ལྟ་བཞིན་དམག་གླུ་ཞིག་ལེན་འདོད་སྐྱེས་ཀྱང་མགོ་གང་ནས་རྩོམ་དགོས་པ་མི་ཤེས་པས་བསྐྱུར་བ་ཡིན། ངའི་གཡས་ཕྱོགས་སུ་འགྲོ་བཞིན་ཚེ་རིང་མཚོའི་ལུས་ལས་ཁོ་ཧྥེའི་དྲི་མ་སྟུག་པོ་ཞིག་ལྡང་ནའང་མོ་རང་ཆང་གིས་ཅུང་བཟི་བའི་མི་ཞིག་ལྟར་དྲན་སྣང་གི་ཀློང་དུ་ལྷུང་འདུག་པས་ངས་མོ་ལ་སྐད་ཆ་ཅི་ཞིག་འཆད་དགོས་པའང་མི་ཤེས།

ལོ་གཉིས་ཀྱི་རྗེས་སུ་ང་ཚོ‘རོ་ལངས’ཀྱི་ཚོགས་མི་རྣམས་སློབ་བྱོལ་བྱེད་པ་དང་མཚན་མོ་ཉལ་ཁང་དུ་མི་ལོག་པ། ཆང་གིས་བཟི་ནས་ཚོགས་འདུ་ཞུགས་པ་ལ་སོགས་པའི་གནད་དོན་མང་པོ་ཞིག་ཐོན་སོང་བས་ང་ཚོ་སློབ་གྲྭའི་དགེ་སློབ་ཕལ་མོ་ཆེས‘རོ་ལངས’ནི་སྙན་ངག་པའི་སྡེ་ཞིག་མིན་པར་དོན་མེད་འཁྱམས་པོ་ཁ་ཤས་འཛོམས་པའི‘སྨྱོན་པའི་རོལ་ཚོགས’ཤིག་ཏུ་ངོས་འཛིན་བྱེད་ལ་སློབ་གླིང་སོ་སོས་ཀྱང‘རོ་ལངས’ཀྱི་ཚོགས་མི་རྣམས་སྐྲོད་མགོ་རྩོམ། ཟླ་གཅིག་ལས་མ་འགོར་བར‘རོ་ལངས’ཀྱི་ཚོགས་མི་བདུན་སློབ་གྲྭ་ནས་བསྐྲད་སོང་ལ‘རོ་ལངས’ནི་སློབ་གྲྭའི་སྒྲིག་ཁྲིམས་དང་འགའ་བའི་ཚོགས་པ་ནག་པོ་ཞིག་ཡིན་པའི་གསལ་བསྒྲགས་བྱེད་ཅིང‘རོ་ལངས’དེ་སློབ་རའི་གང་སར་མཐོང་རྒྱུ་ཡོད་པའི་མིག་ཤེལ་ཅན་ཁ་ཤས་ཀྱི་ཚོགས་འདུའི་གཏམ་བཤད་ཀྱི་ཁྲོད་ནས་དུས་ཚོད་ཕར་བསྐྱལ་བའི་ཚོགས་པ་དཀར་པོ་དེ་དག་གི་རིགས་སུ་བསྒྱུར་བའི་གཏན་ཁེལ་ཡང་བྱས་ཟིན་འདུག
      ང་ཚོའི་སློབ་གླིང་གི་དགེ་སློབ་དག་གིས་འཕྲིན་ལས་བཟོད་པ་ཞེས་པའི་སློབ་མ་དེ་སྔོན་མ་ཞིག་ནས་བརྗེད་ཟིན་པ་འདྲ་སྟེ།‘རོ་ལངས’ཀྱིས་ང་ཚོ་སློབ་གྲྭ་འདི་ཚ་ཚ་འུར་འུར་དུ་བཟོས་ནའང་ང་ཚོ་སློབ་གླིང་ནང‘རོ་ལངས’ཀྱི་སྐོར་གླེང་མཁན་མེད་པར་འཇམ་ཐིང་ཐིང་རེད། ཉིན་ཞིག་ངས་སློབ་གྲོགས་ཁ་ཤས་ལ་ཉམས་ཚོད་ཀྱིས‘རོ་ལངས’གླེང་དུས་ཁོ་ཚོའི་ནང་ནས་སྐྲ་ལོ་རིང་པོ་ཅན་ཞིག་གིས་མིང་ལSpace stepཞེས་པའི་ཞབས་བྲོ་དེ་དགོད་བྲོ་བའི་ངང་ནས་འཁྲབ་རྗེས“‘རོ་ལངས’ནི་ཨ་མེ་རི་ཁའི་རོལ་ཚོགས་ཤིག་ཡིན་ནམ”ཞེས་དྲིས་བྱུང་བས་ང་ལ་སྐད་ཆ་མེད་པར་གྱུར་སོང་།

ཉིན་ཞིག་ངལ་གསོའི་སྐབས་སུ་ང་ཚོའི་སློབ་གླིང་གི་ཀྲོ་མ་ཀྲོ་ཞིག་དང་འདྲ་བའི་དགེ་རྒན་ཞིག་ཡོད་པ་དེས་ང་རང་ལ་སྐད་གཏོང་བྱུང་།
          དོན་དག་ཅི་ཞིག་ཡོད་དམ་སྙམ་གྱིན་ང་རང་ཁོའི་སློབ་སྟེགས་དང་ཉེ་བར་བཅར་སྐབས་ཁོས“སློབ་ཐེངས་འདི་ཁྱོད་རང་སློབ་བྱོལ་ཐེངས་མ་ག་ཚོད་བྱེད་པྭ”ཁོའི་སྐད་ཆ་འདི་ནི་ཀྲོ་མ་ཀྲོའི་ཁུ་བ་དམར་པོ་ལྟར་ངའི་ཕྱོགས་སུ་གཏོར་བར་བྱང་བས་ངའི་ངོ་གདོང་དང་གོས་ཡོད་ཚད་བརླན་པའི་སྣང་བ་སྐྱེས།
    “སློབ་བྱོལ་ཐེངས་བཅུ་ལྷག་བྱེད་པ་ཡིན”
    “ཁྱོད་རང་གི་བརྫུན་མ་ལབ་ཨ།  ཐེངས་བཅུ་མི་ཚད་ཀོ”སྐད་ཆ་འདི་བཤད་ཟིན་པ་དང་ཁོ་རང་སླར་ཡང་སྨིན་ཟིན་པའི་ཀྲོ་མ་ཀྲོ་གསོན་པོ་ཞིག་ཏུ་གྱུར་རྗེས་ཙོག་པོ་བསྡད་སོང་བས་ངས་ཀྱང་དོན་ཅི་ཡང་མེད་པར་ཤེས་ནས་རང་སར་ལོག
        ང་ཚོའི་རྟགས་གསལ་དགེ་རྒན་གྱིས་ཀྱང“ཁྱད་གཞི་འཕྲིན་ལས་བཟོད་པའི་ཁྱད་ཆོས་ནི་སློབ་བྱོལ་བྱེད་རྒྱུ་དགའ་བ་དེ་རེད”ཅེས་བཤད་རྗེས་རང་ཉིད་ཀྱིས་དཔེ་བརྗོད་དེ་གནད་ལ་ཁེལ་སོང་སྙམ་པ་འདྲ། ལུས་ཡོངས་ལྷུག་ལྷུག་ཏུ་འགུལ་བཞིན་དགོད་སོང་།

ཀྲང་ཙི་ཨུན་དང་སུའུ་མོ་ཏ་གཙོས་པའི་ཚོགས་མི་བདུན་སློབ་གྲྭ་ནས་བསྐྲད་ཟིན་རྗེས་ང་རང་ནི་སྙན་ངག་པ་ཞིག་དང་འདྲ་བར་སློབ་རའི་གང་སར་ཉུལ་བཞིན་སྒྲུང་གཏམ་མང་པོ་བཀླགས།  ངས་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་དང་གཞོན་ནུ་མ་གཉིས་ཐེངས་དང་པོར་འོ་བྱེད་པའི་ཟློས་གར་ལ་ཧད་བཞིན་པའི་སྐབས་དེར་ཁ་པར་ནང་ཏིང་སྒྲ་གྲགས་བྱུང་།

      སྐད་སྐུར་མཁན་ནི་ཚེ་རིང་མཚོ་རེད།  མོས“དེ་རིང་མཚན་མོ་ཆུ་ཚོད་བརྒྱད་པར་ང་ཚོ‘རོ་ལངས’ཀྱི་ཚོགས་འདུ་དེ་སློབ་ཁང་གི་ཐོག་བརྩེགས་དང་པོ་ནང་འཚོགས་རྒྱུ་རེད། ངེས་པར་དུ་ཤོག་ཨ”ཟེར།
      ངས‘རོ་ལངས’ཀྱི་སྐབས་དང་པོའི་ཚོགས་འདུ་དེ་ཅི་འདྲ་ཞིག་ཡིན་ནམ། དཀར་པོར་བསྒྱུར་ཟིན་པའི‘རོ་ལངས’ནི་ཅི་འདྲ་ཞིག་ཡིན་ནས་སྙམ་གྱིན་ཚོགས་འདུ་ལ་སོང་།
    གསར་དུ་བསྐོས་པའི‘རོ་ལངས’ཀྱི་ཚོགས་གཙོ་ནི་ཞིབ་འཇུག་སློབ་མ་ཞིག་ཡིན་འདུག ཁོ་ལ་རོགས་པ་གསུམ་འཁྲིད་རྒྱུ་འདུག བསྡོམས་ན་མིག་ཤེལ་ཅན་བཞི་རེད། ང་དང་ཚེ་རིང་མཚོ། སྐྲ་ལོ་སྔོ་པོ་བཟོས་ཡོད་བུ་དེ། ད་དུང་ཞབས་བྲོ་གླིང་གི་བུ་མོ་ཞིག་ང་ཚོ་བཞི་ནི་སློབ་གྲྭ་ནས་བསྐྲད་མེད་པའི‘རོ་ལངས’ཀྱི་ཚོགས་མི་བཞི་པོ་དེ་ཡིན།
   ཚོགས་དཔོན་གྱིས་ཚོགས་འདུ་འཚོགས་མགོ་རྩོམ་བྱུང་།
  “དུས་དེ་རིང་ནས་བཟུང‘རོ་ལངས’ཞེས་པའི་སྙན་ངག་པའི་སྡེ་འདི་གཟི་བརྗིད་ལྡན་པའི་ལམ་བུ་ཞིག་གི་ཐོག་ཏུ་བསྐྱོད་པ་རེད། གང་ཡིན་ཟེར་ན་ང་ཚོ་ནི་དུས་རབས་གསར་པའི་གཞོན་ནུ་ཡིན་པས་སྙན་ངག་འབྲི་བ་ནི་ངེས་པར་དུ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དམིགས་སུ་བཟུང་དགོས། དེ་ནི་དམིགས་ཡུལ་གཙོ་བོ་ཡིན། ཀྲུང་གོའི་སྙན་དེབ་ཆེན་པོ་དག་གི་ཐོག་ཏུ་སྙན་ངག་སྤེལ་ཨེ་ཐུབ་བལྟ་རྒྱུ་ནི་ད་ནས་བཟུང་ང་ཚོ‘རོ་ལངས’ཀྱི་མིག་སྔར་གྱི་དམིགས་ཡུལ་ཡིན”ཁོས་མིག་ཤེལ་དཀར་པོ་དེ་སྣ་རྩ་རུ་འདུད་ཙམ་འདུད་ཙམ་བྱེད་བཞིན་ཁོའི་སྐད་ཆ་ལ་དོ་སྣང་སྤུ་ཙམ་ཡང་མི་བྱེད་པའི་ང་ཚོ་བཞི་པོ་ལ་ལྟ་ཙམ་བྱེད།

ཁོའི་རོགས་པ་མིག་ཤེལ་ཅན་གསུམ་པོས་ཐལ་མོ་བརྡབས། ཡིན་ཡང་འོག་གི་ང་ཚོ་གསུམ་པོ་སྣང་དོགས་ཅི་ཡང་མེད་པར་ཁུ་སིམ་མེ་ཙོག་ནས་བསྡད་པ་མཐོང་ཚེ་ཁོ་ཚོ་ཅུང་དོགས་མི་བདེ་བར་གྱུར་སོང་།
      ཁོས་བཤད་མཚམས་འདི་ལ་སླེབས་དུས་མིག་ཤེལ་ཅན་གཞན་ཞིག་གིས་ང་ཚོ་ལ་དེབ་རེ་རེ་བགོས་བྱུང་། ཞིབ་པར་བལྟས་ན་མིང་ལ《མེ་ཏོག་གི་འདབ་མ》ཟེར་བའི་སྙན་ངག་གི་དུས་དེབ་ཅིག་རེད།  “སློབ་གྲོགས་ཚོ། ཤོག་གྲང་སུམ་ཅུ་སོ་གཅིག་ཀྱི་ཤོག་ངོས་སུ་ལྟོས་དང་། ད་ལོ་ཟླ་བཞི་པར་ངའི་སྙན་ངག་ཅིག་ཀྱང་འདི་རུ་བཀོད་འདུག རྗེས་མ་ཁྱོད་ཚོས་ངའི་ཆུ་ཚད་ཙམ་དུ་འབྲི་ཐུབ་ན་དེབ་གྲགས་ཅན་འདི་དག་གི་ཐོག་ཏུ་སྙན་ངག་འགོད་ཐུབ་པ་གདོན་མི་ཟ”ཚོགས་གཙོས་གསར་པ་དེས་འདི་ལྟར་བཤད་པའི་སྐབས་སུ་ངས་ཀྱང་ཚགས་དེབ་དེའི་ཤོག་ལེབ་སུམ་ཅུ་སོ་གཅིག་ལ་བལྟས། ཤོག་ངོས་ཀྱི་ཕྱེད་ཀ་རང་ཉིད་ངོ་སྤྲོད་ཀྱིས་བདག་ཏུ་བཟུང་འདུག་པ་མཐོང་། གཙོ་བོ་ནི‘དགུ་བཅུའི་རྗེས་ཀྱི་ཚབ་མཚོན་སྙན་ངག་པ’‘པེ་ཅིང་རྩོམ་པ་པོ་འཐུས་ཚོགས་ཀྱི་ཚོགས་མི’ལ་སོགས་པ་མང་པོ་ཞིག་བྲིས་འདུག དེ་ནས་ངས་ཁོའི་སྙན་ཐུང《དྲན་གདུང》ཞེས་པ་དེ་འདོན་ཙམ་བྱས་པས་སྙན་ངག་འདི་ནི་མིང་ཚིག་གཙོ་བོ་གསུམ་གྱིས་གྲུབ་ཡོད་པ་གསལ། དེ་དག་ནི‘མེ་ཏོག’དང‘མིག་ཆུ’‘སྐྱོ་སྣང’བཅས་རེད།  བུ་མོ་ཆུང་ཆུང་ཞིག་གི་མཛའ་འཕྲིན་དང་འདྲ་བའི་སྙན་ངག་འདི་མིག་མདུན་གྱི་རྒས་ཉམས་ཆགས་ཟིན་པའི་སྐྱེས་པ་འདིས་ཅི་འདྲ་བྲིས་པ་ཡིན་ནམ་སྙམ་ནས་མུ་མཐུད་ཁོས་ཅི་བྱས་བསྒུགས།
        ཁོས་མུ་མཐུད་དུ་རང་ཉིད་ཀྱི་སྙན་ངག་འདི་ངུ་སྐད་འདྲེས་མས་ཐེངས་གཅིག་གྱེར་རྗེས། མཛུབ་མོ་ང་ལ་གཏད་ནས“འདི་ནི་ངའི་འཐུས་ཚབ་སྙན་ངག་ཡིན། ཁྱོད་ཀྱིས་དཔྱད་བརྗོད་ཅིག་བྱོས་དང”ཟེར།

ངས་སྙན་དེབ་དེ་སྒྲོག་རྩེའི་ཐོག་ཏུ་གཡུགས་རྗེས་ཡར་ལངས་པ་དང“ཁྱོད་ཀྱི་སྙན་ངག་འདི་སྐྱག་པ་ལས་ཅུང་མཛེས་པ་འདུག”ཅེས་ཁོའི་སྙན་ངག་ལ་བསྟོད་པས་ཁོའི་གདོང་གི་འཛུམ་མདངས་གློ་བུར་ཡལ་སོང་ལ་ང་ལ་རེ་ཞིག་ཧད་ནས་བསྡད།

“ཁྱོད་རང་སྨྱོ་སོང་བ་ཡིན་ནམ”ཁོ་རང་གཉིད་ལས་སད་པ་བཞིན་སྐད་ཆ་འདི་བཤད་པའི་སྐབས་སུ་ཁོས་བགོ་ཡོང་བའི་སྙན་དེབ་བཞི་པོ་དེ་ཤུགས་ཀྱིས་རྩམ་པ་འདྲ་ཞིག་བཟོས་ནས་ཁོའི་ཕྱོགས་སུ་འཕང་པ་ཡིན། སློབ་ཁང་ཡོངས་སུ་ཤོག་ལེབ་ཀྱི་ཁ་བ་ལྷུག་ལྷུག་ཏུ་བབས་བྱུང་།
        “རོ་ལངས་ཤི་སོང”ངས་ངའི་རོགས་པ་གསུམ་ལ་འདི་ལྟར་བཤད་རྗེས་སློབ་ཁང་ནས་ཐོན།  སྐབས་དེར་ངའི་རྗེས་འདེད་མཁན་ཡང་ཚེ་རིང་མཚོ་རེད། མོས་ང་ལ་སེམས་གསོ་ཡང་ཡང་བྱེད་ཀྱང་ང་རང་དཀར་པོར་བསྒྱུར་ཟིན་ཞིང་མིང་ཙམ་ལས་ལྷག་མེད་པའི‘རོ་ལངས’དང་གཏན་དུ་ཁ་བྲལ་བ་ཡིན།

 དེ་རིང་མཚན་མོར་ཉལ་ཁང་དུ་ལོག་པའི་ལམ་བར་དུ་ངས“‘རོ་ལངསདཀར་པོ་དེ་ཅི་འདྲ་བྱུང་སོངཞེས་དྲིས་པ་ན་མོས“‘རོ་ལངསདཀར་པོ་ཡང་ཤི་སོངཟེར། ངས་མོའི་སྐད་ཆ་འདི་ཐོས་དུས་ང་ལ་གྲགས་འགུལ་ཅི་ཡང་མི་འདུག མོས་སླར་ཡང་གསལ་བཤད་ཀྱི་ཚུལ་དུརོ་ལངས་ནག་པོ་དེ་ལོ་གཅིག་གི་སྔོན་དུ་ཤི་སོང་བ་བཞིན་རོ་ལངས་དཀར་པོ་ཡང་ཁ་སང་ཤི་སོངཞེས་བཤད་བྱུང་།

ལོ་གཅིག་གི་སྔོན་དུ་ང་རང་‘རོ་ལངས’དང་ཁ་བྲལ་རྗེས། སྐྲ་ལོ་སྔོན་པོ་ཅན་གྱི་བུ་དེ་དང་ཞབས་བྲོ་གླིང་གི་བུ་མོ་དེ་གཉིས་ཀྱང་ཁ་བྲལ་སོང་ཟེར། ང་ལ་དོན་དག་དེ་ཚོ་འཆད་མཁན་ནི་ཚེ་རིང་མཚོ་མ་རེད། ཏག་ཏག་སྐྲ་ལོ་སྔོན་པོ་ཅན་དེ་རེད།

    ‘རོ་ལངས’དང་ཁ་བྲལ་རྗེས་ཀྱི་ལོ་གཅིག་གི་རིང་ང་གཉིས་སློབ་གྲྭའི་ནང་གློ་བུར་ངང་ཐེངས་ཁ་ཤས་འཕྲད་མྱོང་། ང་གཉིས་འཕྲད་ཐེངས་རེར་ཁོས“སྔོན་མ་ང་ཚོ་ཅི་འདྲའི་སྐྱིད་ཨང”ཟེར། དེ་ནས་ཁོས‘རོ་ལངས’དང་ཁ་བྲལ་རྗེས་ཀྱི་འཚོ་བ་རྣམས་ང་ལ་བཤད་རྗེས་མགྱོགས་ཤིག་ཤིག་གི་བྲལ་འགྲོ། ཉིན་འགའི་སྔོན་དུའང་ང་གཉིས་སློབ་རའི་ཟུར་ཞིག་ཏུ་འཕྲད་བྱུང་། ཁོའི་སྐྲ་ལོ་སྔོ་པོ་དེ་ནག་པོར་བཟོས་འདུག་ཀྱང“སྔོན་མ་ང་ཚོ་ཅི་འདྲའི་སྐྱིད་ཨང”ཞེས་མཚམས་འདྲི་བྱེད་སྟངས་དེ་ད་དུང་འགྱུར་མི་འདུག

    དེ་རིང་ཚེ་རིང་མཚོ་ང་གཉིས་སློབ་གྲྭའི་སྒོ་ནས་ཡར་འཛུལ་སྐབས། ངས་མོ་ལ“ཁྱོད་རང‘རོ་ལངས’དང་ཁ་མི་བྲལ་བའི་རྒྱུ་མཚན་ཅི་ཡིན་ནམ”ཞེས་འདྲི། མོ་རང་ངའི་སྔོན་དུ་འགྲོ་བཞིན་ཡོད་པས་སྐད་ཆ་འདི་མོའི་རྒྱབ་གཟུགས་ལ་འདྲི་བ་འདྲ་པོ་ཞིག་ཆགས་སོང་།

    མོས་ཁ་ཕྱིར་བསྐོར་བ་དང་ལྡོག་འགྲོ་བྱེད་བཞིན་བྲེལ་བ་མེད་པར་པར་ཁུག་ནས་ཐ་མག་རྐང་གཅིག་བླངས་རྗེས་མེ་སྟག་སྒྲོན་སོང་། དབུགས་ཐེངས་གཅིག་བཞིབས་པ་དང“ལོ་གཅིག་གི་རིང་ང་རང་གཅིག་པོས‘རོ་ལངས’དཀར་པོའི་ནང་ནས‘རོ་ལངས’ནག་པོའི་རྗེས་དྲན་ཞིག་འཚོལ་བཞིན་ཡོད། ངལ་བ་འབྲས་མེད་རེད”ཅེས་བཤད་པ་དང་སྐད་ཆ་དང་མཉམ་དུ་དུ་བ་དཀར་བོ་ལྷུག་ལྷུག་ཏུ་སྐྱུགས། སྐད་ཆ་དང་དུ་བ་གཉིས་ཀ་མི་རྟག་པའི་མཚོན་བྱེད་བཞིན་མཚན་གྱི་མཁའ་དབུགས་སུ་སིམ། མོའི་ལག་པ་སིག་སིག་ཏུ་འདར་བས་ཐ་མག་གི་སྣེའི་རྡུལ་དག་བར་མཚམས་མེད་པར་མར་ཟགས།
     སྐྲ་ལོ་སྔོན་པོ་ཅན་གྱི་བུ་དེ་དང་ཚེ་རིང་མཚོ་གཉིས་ཀྱིས་ང་ལ་བཤད་པའི་སྐད་ཆ་ཕལ་བ་དེ་གཉིས་ཀྱིས་ང་ལ་ཆང་དང་འགྲོགས་པའི་ལོ་ཟླ་དག་དྲན་དུ་བཅུག་ཅིང་ཆང་འཐུངས་ཟིན་པ་དང་རིམ་གྱིས་བཟི་འོང་བ་བཞིན་ཚོ་རིང་མཚོའི་ལུས་ནས་ལྡང་བའི་དུ་དྲི་སྟུག་པོ་དང་མཉམ་དུ་སྐྱོ་སྣང་འཛད་མཐའ་མེད་པ་ཞིག་གིས་ངའི་སྙིང་དམར་མགྲིན་པའི་ནང་ཡར་བཀྱགས་བྱུང་།

ཚེ་རིང་མཚོས་ཐ་མག་རོ་ཏོ་དེ་ཐད་ཀར་ལམ་འགྲམ་གྱི་གད་སྙིགས་བླུགས་སྒམ་དུ་བརྫངས་པ་དང“ད་ཆ་ཁྱོད་ཀྱིས་བརྩམས་སྒྲུང་རྩོམ་བཞིན་འདུག་ཟེར། བདེན་ནམ”ཞེས་དྲིས་བྱུང་བས་ངས་བདེན་པའི་བརྡ་ལ་མགོ་ཅོག་ཅོག་གཡུག་པ་ན“དེ་ན་ང་གཉིས་ཀྱི་འབྲེལ་བ་དེ་སྒྲུང་གི་ནང་དུ་འབྲི་ན་ཆོག་གམ”ཞེས་འདྲི་མོད། མོས་ང་ལ་རྒྱུས་ཡོད་པས་ངས་ང་གཉིས་ཀྱི་འབྲེལ་བ་རྣམས་སྒྲུང་གཏམ་གྱི་ནང་དུ་འབྲི་མི་སྲིད་པ་གསལ་པོ་ཤེས་པ་འདྲ། ངའི་དྲི་ལན་ལ་མ་བསྒུག་པར་མགྱོགས་ཤིག་ཤིག་ངང་མདུན་དུ་ཕྱིན་སོང་། གད་སྙིགས་བླུགས་སྒམ་གི་ནང་ནས་གད་སྙིགས་མེས་འཚིག་པའི་དྲི་ངན་གྱིས་ཀྱང་རྒྱབ་ནས་ང་རང་འདེད་བྱུང་།
      ཚེ་རིང་མཚོ་བྱང་ཆ་ལྡན་པའི་འགྲོས་ཀྱིས་བུ་མོ་ཉལ་ཁང་གི་ཕྱོགས་སུ་ལོག་སོང་། ང་རང་མོའི་རྒྱབ་གཟུགས་ལ་ཧད་ཀྱིན་གལ་སྲིད་མོས་ཕྱིར་ལྟ་ཙམ་ཞིག་བྱེད་བྱུང་ན་ང་རང་མོའི་ཕྱོགས་སུ་རྒྱུགས་ནས་མོ་ལ་འཁྱུད་ཅིང་སྐད་ཆེན་པོས་ངུ་ཤོར་ངེས་སྙམ། ཡིན་ཡང་མོ་རང་ནི་ཕྱིར་ལྟ་ཙམ་ཡང་མེད་པར་བུ་མོ་ཉལ་ཁང་གི་སྒོ་ནས་ཡལ་སོང་། ངས་འདི་ནི་ཤིན་ཏུ་འོས་ཤིང་འཚམ་པའི་ཁ་བྲལ་ཞིག་གོ་སྙན་གྱིན་བུའི་ཉལ་ཁང་ཕྱོགས་སུ་ལོག་སོང་བ་ཡིན།

ད་ལྟ་ཆུ་ཚོད་བཞི་པར་སླེབས་ཟིན་པས་ངའི་ཉལ་ཁང་སྟེ་ཐོག་བརྩིགས་ཨང་ལྔ་པའི་སྒོ་ཆེན་སྲ་མོར་བརྒྱབ་འདུག་ལ་ག་ཚོད་བརྡུངས་ཀྱང་ཨ་ལན་ཅི་ཡང་མི་འདུག དེ་ནས་ང་རང་སྒོ་ལ་རྒྱབ་བསྙེས་ནས་ཉལ། སྐབས་དེར་མིག་ཤེས་ཀྱིས་འཛིན་པ་དཀའ་བའི་འབུ་ཁ་ཤས་ཀྱིས་ངའི་སྐེ་སྡོང་ལ་སོ་བཏབ་འོང་པས་ཟ་འཕྲུག་རྒྱུགས་ནས་ཚ་འུར་རེ་བྱེད།

     “གང་ཞིག་འབུ་སྲིན་ཆུང་ངུར་དག་གིས་སྙན་ངག་པའི་ཁྲག་ཟས་སུ་བྱེད་ན་གང་དེ་མགྱོགས་པོར་མི་ལུས་ཐོབ་ནས་སྲང་ལམ་ན་སྒོར་མོ་སྤྲང་བའི་བསྐལ་བ་རྙེད་དོ”ངས་མུན་པའི་ཁྲོད་དུ་སེན་མོས་རང་གི་སྐེ་ལ་འཕུར་བཞིན་ནམ་མཁའ་ལ་ཅེར་བ་ན། མུན་གསལ་འོང་བ་འདྲ། སྐར་མ་མེད་ནའང་ནམ་མཁའི་དཀྱིལ་ནས་འོད་ལམ་ལམ་ཞིག་འཕྲོས་བྱུང་ལ་འོད་སྣང་དེའི་ཁྲོད་དུ་ངའི་བསྟོད་དབྱངས་ལ་ཁ་ཡ་སྤུ་ཚམ་ཡང་མི་བྱེད་པའི་འབུ་སྲིན་ཁ་ཤས་དལ་ལྷོད་ལྷོད་ཀྱིས་ལྡིང་བཞིན་འདུག་པ་ངའི་མིག་ལམ་དུ་གསལ་ལེར་ཤར་བྱུང་།

                                                                     རྩོམ་སྒྲིག་པ། སྐྱ་བོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་། རོ་ལངས།

2016-08-05 ཀླད་ཀོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།