སྒྲུང་ཐུང་ཡིག་བརྒྱ་མ། 《ནད་ཡམས》

  “ཧ་ཧ། ངས་ནད་ཡམས་འདི་ང་ཚོའི་ཡུལ་དུ་འབྱུང་མི་སྲིད་ཅེས་ལབ་ན་ཁྱོད་ཚོ་ཡིད་ཆེས་ཀྱིན་མི་འདུག”

  རྒད་པོ་ཐར་བྷ་ཡིས་བདེན་ཅོག་ཅོག་གིས་འདི་ལྟར་ལབ་རྗེས་གཟས་ནས་ངའི་གདོང་ལ་འཁྱུག་ཙམ་བལྟས་བྱུང་། འཁྱུག་ཙམ་བལྟས་པ་དེ་ལ་ནང་དོན་གྱིས་ཁེངས་འདུག་སྟེ། ཁོང་གིས་སྐད་ཆ་དེ་ནི་ཉེ་འཁོར་གྱི་མི་དེ་དག་ལ་སྨྲས་པ་མིན་པར། ཏག་ཏག་ང་ལ་བརྗོད་པ་ཡིན་པའི་བརྡ་བསྟན་པ་མིན་ནམ།

  རྒད་པོ་ཐར་བྷས་དེ་རིང་གི་མཚོ་ལྷོའི་གསར་འགྱུར་ནང་དུ་མིག་སྔར་རིམས་ནད་འདི་ཉིད་ག་ས་གང་དུ་ཁྱབ་ཀྱིན་ཡོད་ནའང་། མཚོ་ལྷོ་ན་གློ་ནད་འདི་བྱུང་བའི་མི་གཅིག་ཀྱང་མི་འདུག་ཅེས་པའི་སྐད་ཆ་དེ་ཐོས་རྗེས། ད་གཟོད་འདི་ལྟ་བུའི་རྟག་བརྟན་ཐེར་ཟུག་གི་ཡིད་ཆེས་ཤིག་རྙེད་པ་ཡིན་ནོ། །

  ནད་ཡམས་འདི་ཉིད་ཟླ་གཅིག་གི་ཡར་སྔོན་དུ་གྲོང་ཁྱེར་བུའུ་ཝན་ནས་མགོ་འབུས་པ་དང་། རིམ་གྱིས་ཉེ་འཁོར་གྱི་གྲོང་ཁྱེར་མང་པོར་བྱུང་བ་ཁྱབ་བརྡལ་དུ་གྱུར་ནས་རིང་ཞིག་ལོན་རྗེས། ད་གཟོད་ང་ཚོའི་སྡེ་བའི་སྡེ་མི་དག་གིས་དོ་སྣང་ཕྲན་བུ་རེ་བྱེད་མགོ་བརྩམས། རིམ་གྱིས་སྡེ་བའི་ནང་གི་ཤེས་ཡོན་པ་དང་ལས་བྱེད་པ་འགའ་ཞིག་གིས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ནད་ཡམས་འདི་ཉིད་ཀྱི་ཚབས་ཆེན་རང་བཞིན་ཏན་ཏན་ཏིག་ཏིག་གིས་བསྒྲགས་པ་ན། དོ་སྣང་བྱེད་པའི་སྡེ་མི་ཡང་རང་བཞིན་གྱིས་ཇེ་མང་དུ་གྱུར་སོང་། གཞུང་ཕྱོགས་གསར་འགྱུར་སོགས་སུ་བརྗོད་པ་ལྟར་ན་ནད་ཡམས་འདི་ཉིད་སྔོན་འགོག་བྱ་བའི་ཐབས་ལམ་ཡག་ཤོས་ནི་ལག་པ་བཀྲུ་བ་དང་ཁ་རས་རྒྱག་པ་ཡིན་ལ། ཐབས་ལམ་གཙོ་བོ་ནི་རང་ཁྱིམ་དུ་འཁྲས་སྡོད་བྱེད་པ་དེ་ཉིད་ཡིན་པར་སྒྲོག ཡིན་ཡང་། རྒད་པོ་ཐར་བྷ་གཙོ་བྱས་པའི་རྒན་གཞོན་སྐོར་ཅིག་ནི་གཏམ་དེ་ལ་སྣངས་ཆེན་ཅི་ཡང་མི་བྱེད་པར་གང་འདོད་ཀྱིས་ཁྲོམ་སྲང་ལ་ཉུལ་བའམ། ཅི་འདོད་ཀྱིས་མི་མང་ཚོགས་ས་རུ་འགྲོ་འོང་བགྱིད། ཚུལ་འདི་ཐེངས་གཅིག་མ་ཡིན་པར་ཁ་ཤས་ལས་བརྒལ་ཏེ་ལན་གྲངས་མང་པོར་འབྱུང་གིན་ཡོད་པས། ཉིན་ཞིག ང་ཆེད་དུ་རྒད་པོ་ཐར་བྷ་འཚོལ་དུ་ཕྱིན་པ་ཡིན།

  “ཁྱོད་ཚོས་ནད་འདི་འཇིགས་སུ་རུང་བ་ཞིག་ཡིན་རབས་ཟེར། དོན་དམ་དུ་དེ་འདྲ་བ་ཞིག་ཡེ་ནས་མ་རེད། འདི་ནི་སིབ་ཅེས་པ་དེ་རེད། སྐྱོན་མི་འདུག་ཨང་།” རྒད་པོ་ཐར་བྷ་ལ་ཡིད་ཆེས་བསྒུལ་མེད་ཅིག་གིས་ཁེངས་འདུག

  “ཨ་ཁུ་ཐར་བྷ། ངས་ཉིན་རྒྱུན་གསར་འགྱུར་ལ་ལྟ་བཞིན་ཡོད། ད་ཐེངས་ཀྱི་ནད་ཡམས་འདི་ཁྱེད་ཀྱིས་ལབ་པ་དེ་འདྲ་ཞིག་མ་རེད། དུས་སྐབས་འདིར། རབ་ཡིན་ན་ཡར་མར་ཀུན་ལ་མ་སོང་ན་བཟང་། ལྷག་པར་ཁྲོམ་སྲང་ལ་ཆས་ན་ཉེན་ཁ་མི་འབྱུང་བའི་ལ་ཐང་མེད།”

  “ནད་ཡམས་འདི་ང་ཚོའི་ཡུལ་དུ་འབྱུང་མི་སྲིད། ང་སྤྱི་ཚོགས་གསར་རྙིང་གཉིས་ཀའི་མི་རེད། ཁྱོད་ཚོ་རིག་གནས་པ་ཚོར་རིག་གནས་ཡོད་ཀྱང་སྲིད་མོད། སྤྱི་ཚོགས་ཀྱི་ཉམས་མྱོང་ནི་ཁྱོད་ཚོ་ལས་ང་ཚོ་ཕྱུག་པོ་ཡིན།” རྒད་པོ་ཐར་བྷ་ནི་ཡུན་གྱིས་ཁོང་ཁྲོ་དང་ཞེ་སྡང་གི་ཕྱོགས་སུ་འགྲོ་བཞིན་ཡོད་པ་འདྲ་བས། ངས་ཀྱང་ཨ་ལན་ཅི་ཡང་མ་བསྐྱོན་པར་ཕྱིར་རང་ཁྱིམ་དུ་ལྡོག་དགོས་བྱུང་།

  ལམ་བར་དུ། ཨ་ཁུ་ཐར་བྷའི་བུ་རྡོ་རྗེ་ཡིས་རླངས་འཁོར་ལ་ཁ་ལོ་བསྒྱུར་ཏེ་ག་ལེར་ཚུར་འོང་གིན་ཡོད་ལ་ང་རང་ངོ་ཤེས་མ་ཐག་ཁོ་ཡང་ལམ་འགྲམ་དུ་བསྡད་བྱུང་།

  ངས་རྡོ་རྗེ་ལ “ཁྱོད་ག་པར་ཕྱིན་པ་ཡིན”ཞེས་དྲིས།

  རྡོ་རྗེ་ཡིས་ལན་དུ“ཆབ་ཆ་ལ་སོང་བ་ཡིན”ཞེས་ལབ།

  ངས་ཁོ་ལ། “ད་སྐབས་རབ་ཡིན་ན་ཁྲོམ་སྲང་ལ་མ་སོང་ན་བཟང་། ཐེངས་འདིའི་ནད་ཡམས་འདི་ཧ་ཅང་ཚབས་ཆེན་ཞིག་རེད”ཅེས་བརྗོད།

  རྡོ་རྗེ་ན་རེ། “ཟེར་སྒྲོས་དེ་འདྲ་བ་ཞིག་རྣ་ཐོས་སུ་བྱུང་མོད། ཉིན་ལ་ཉིན་མཐུད་ནས་རང་ཁྱིམ་དུ་འདུག་རྒྱུ་ནི་ལས་སླ་བོ་ཞིག་ག་ལ་ཡིན། ལྷག་པར་ང་རང་ནི་དུས་རྒྱུན་ག་ས་གང་དུ་འགྲོ་ལོབས་སུ་ཆགས་ཡོད་པས། དེ་ལྟར་མ་སོང་ན་སྙིང་མི་བདེ་བའི་ཚོར་བ་ཞིག་སྐྱེས་འོངས། ཧ་ཧ་ཧ།”

  ངས་ཅུང་གཟབ་ནན་གྱིས་འདི་ལྟར་སྨྲས། “དེ་ཡང་ཁག་མི་འདུག་ཨང་། ཡིན་ཡང་འདི་ནི་ཟེར་སྒྲོས་ཤིག་ཡིན་ག་ལ་སྲིད། ཧ་ཅང་ཚབས་ཆེན་རེད་ཅེས་གསར་འགྱུར་དུའང་སྒྲོག་གིན་ཡོད་པ་མ་ཐོས་སམ།”

  “ཡ་ཡ།”

  རྡོ་རྗེ་ཡིས་ང་ལ་“ཡ་ཡ”ཞེས་ལན་ཞིག་བཏབ་མོད། “ཡ་ཡ”དེ་ནི་མཐར་གཏུགས་ན་སླ་བཅོས་ཀྱི་སྐད་ཆ་ཞིག་ཡིན་པ་ངས་ནི་ཅི་ལ་མི་རྟོགས་ཨང་། གང་ལྟར། ངེད་གཉིས་ཀྱིས་སྐར་མ་ལྔ་ཡས་མས་སུ་ཁ་བརྡ་ཐུང་ཐུང་ཞིག་གློད་རྗེས། རང་རང་གི་ཡུལ་དུ་ཆས་པ་ཡིན།

  ངེད་གཉིས་རང་རང་གི་ཡུལ་ལ་ལྡོག་ནས་ཉིན་བདུན་འགོར་སོང་།

  ཉིན་བདུན་གྱི་རིང་ལ་ང་རང་སྔར་མུས་སུ་དཔེ་ཀློག་རེ་དང་གློག་བརྙན་རེ། སྐབས་སྐབས་སུ་ཁ་པར་ནང་གི་རོལ་རྩེད་རེ་ལ་སེམས་པ་གཡེང་ནས་དུས་འགོངས་པར་བྱས། ཡིན་ཡང་ཉིན་བདུན་པོའི་རིང་འདིར། ང་ལ་ཉིན་རེ་བཞིན་ལུས་ཁམས་དེ་འདྲ་བདེ་ཞིང་ཐང་བའི་ཚོར་བ་ཞིག་མ་བྱུང་།

  ཕྱི་ཉིན་སྟེ་ཉིན་བརྒྱད་པའི་ཉིན་གུང་གི་དུས་སུ། ཨ་ཁུ་ཐར་བྷ་ངེད་ཚང་གི་ཁྱིམ་མཚེས་ཚང་ལ་མགྲོན་དུ་ཕེབས་པ་དང་། སྐབས་ཐོག་དེར་ང་ཡང་ཏག་ཏག་ཁྱིམ་མཚེས་ཚང་ན་ཇ་སྐྱེམས་ཕོར་བ་གང་འཐུང་བཞིན་བསྡད་ཡོད།

  སྐབས་ཤིག་ལ། ང་ཚོའི་གླེང་གཞི་ནི་ཐེངས་འདིའི་ནད་ཡམས་ཀྱི་སྟེང་ལ་བབས་པ་ན། ཨ་ཁུ་ཐར་བྷས་སྐད་གསང་ཅུང་ཟད་མཐོ་རུ་བཏེགས་ཏེ “དེ་རིང་གི་གསར་འགྱུར་ལ་ཨེ་བལྟས། མིག་སྔར་རིམས་ནད་འདི་ཉིད་ག་ས་གང་དུ་ཁྱབ་ཀྱིན་ཡོད་ནའང་། མཚོ་ལྷོ་ན་གློ་ནད་འདི་བྱུང་བའི་མི་གཅིག་ཀྱང་མི་འདུག་ཟེར། ཧ་ཧ། ངས་ནད་ཡམས་འདི་ང་ཚོའི་ཡུལ་དུ་འབྱུང་མི་སྲིད་ཅེས་ལབ་ན་ཁྱོད་ཚོ་ཡིད་ཆེས་ཀྱིན་མི་འདུག”ཅེས་བདེན་ཅོག་ཅོག་གིས་ལབ་རྗེས་གཟས་ནས་ངའི་གདོང་ལ་འཁྱུག་ཙམ་བལྟས་བྱུང་།

  གསར་འགྱུར་དུ་བསྒྲགས་པའི་གཏམ་བཟང་དེ་ལ་ངས་ཀྱང་དོ་སྣང་བྱས་ཡོད་པས་སྐབས་ཐོག་དེ་ག་ཉིད་ལ་དགའ་བ་ཡལ་ཡལ་བ་ཞིག་རང་བཞིན་གྱིས་བྱུང་ནའང་། ད་ལྟ་ད་དུང་ནད་ཡམས་འདིའི་ཁྱབ་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པ་ངེས་གཏན་ཡིན་པས། སྔར་བཞིན་ལག་པ་བཀྲུ་བ་དང་ཁ་རས་རྒྱག་པ། རང་ཁྱིམ་དུ་འཁྲས་སྡོད་བྱེད་པ་བཅས་ལ་ཤིན་ཏུ་གཟབ་འོས་པ་ནི་གལ་ཆེན་ལས་ཀྱང་འགངས་ཆེན་ཞིག་ཅི་ལ་མིན་ནམ་སྙམ། ཡང་གཅིག་བཤད་ན། གློ་ནད་འདི་འགོས་པ་ཧ་ཅང་མགྱོགས་ཏེ། གཙོ་བོ་མིའི་ཁ་རླངས་བརྒྱུད་ནས་གཞན་ལ་འགོ་བ་དང་། དུས་ཡུན་སྐར་ཆ་ཁ་ཤས་ཙམ་གྱི་རིང་ལ་མི་གཅིག་གིས་མི་བཅོ་ལྔ་ཡས་མས་ལ་བསྒོ་ཐུབ་པར་བརྗོད་པ་མིན་ནམ། ངས་རང་གི་དྲན་ཚུལ་འདི་ཨ་ཁུ་ཐར་བྷ་ལ་བརྗོད་གྲབས་བྱེད་དུས། ཕྱི་རོལ་ནས་མི་ཞིག་འཚབ་འཚུབ་ཀྱིས་ཁྱིམ་དུ་འཛུལ་འོང་ཞིང་། ང་ཚོས་མིག་ཟུང་ཕར་བསྲིངས་ནས་བལྟས་པ་ན་རུ་དཔོན་གནམ་ཁོ་ཡིན་འདུག

  “ཨ་ཁུ་ཐར་བྷ། སྔོན་ཏག་ཏག་ལ་ཁ་པར་འོངས་ཏེ་ཁྱོད་ཀྱི་བུ་རྡོ་རྗེ་ལ་ཐེངས་འདིའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཕོག་འདུག་པར་ངོས་བཟུང་སྟེ་རྫོང་སྨན་ཁང་གིས་ཁྲིད་སོང་ཟེར།”

  “ཨ་ཁ། དཔེ་སྲིད་དམ། དེ་དཔེ་སྲིད་དམ།” ཨ་ཁུ་ཐར་བྷ་དེ་མ་ཐག་ཡིད་སེམས་བློང་བློང་བོར་བཏང་སོང་།

  རུ་དཔོན་གནམ་ཁོའི་སྐད་ཆ་དེ་ཐོས་འཕྲལ་དུ། ང་ནི་རང་བཞིན་གྱིས་ཡིད་ཆེས་པར་གྱུར་ཏེ་སེམས་ལ་ཐེངས་དང་པོར་ཤར་འོངས་པ་ནི་ཉིན་བདུན་གྱི་ཡར་སྔོན་དེར་རྡོ་རྗེ་དང་ངེད་གཉིས་ཀྱིས་སྐར་མ་ལྔ་ཡས་མས་ལ་ཁ་བརྡ་གློད་པའི་དུས་ཚོད་དེ་དང་། ཆབས་ཅིག་ཏུ་ཉིན་འདི་དག་ལ་ཟས་གང་ཞིམ་མཐའ་དག་མཉམ་ཟ་དང་མཉམ་འཐུང་བྱས་ཏེ་འོངས་པའི་རང་གི་ཨ་མ་ལགས་དང་ཕུ་བོ་ལགས། ད་དུང་ཨ་ཅེ་དང་སྲིང་མོ་བཅས་ནི་ཡིད་ལ་ཝ་ལེར་འཁོར་བྱུང་།

  དེ་མཚུངས་སུ་ངའི་ཡིད་ལ་ཉིན་བདུན་གྱི་རིང་འདིར་ངེད་ཚང་ལ་མགྲོན་དུ་ཕེབས་པ་དང་ཡང་ན་ཐད་ཀར་འབྲེལ་འདྲིས་བྱུང་ཡོད་པའི་ཡུལ་མི་སྐོར་ཅིག་གི་ངོ་གདོང་ཡང་དྲན་འོངས་པ་ནི་ཁོ་ཚོ་སྟེ། ཨ་ཁུ་བཙུན་ཐར་དང་ཨ་ཁུ་ལྷ་དཔལ། ཨ་ནེ་དབང་མོ། ཨ་ཅེ་ཆོས་མཚོ་སྐྱིད་མ་བུ་གཉིས་ཀ རྡོ་རྗེ་ཚེ་རིང་། ལྷུན་འགྲུབ། མ་ཅིག་སྐྱིད། ཚེ་དཔལ་སྟོབས་ལྡན། ཨ་ཞང་སྐལ་བྷེ་བཟའ་མི་ཡོངས། ཡུན་རིང་མ་མཇལ་བའི་སློབ་གྲོགས་བཀྲ་ཤིས་དང་དཀོན་མཆོག་ནོར་བུ། ད་དུང་ཁ་སང་དགོང་མོར་ང་རང་གསང་སྟབས་ཀྱིས་མགྲོན་དུ་བསུས་པའི་མཛའ་མོ་ཆོས་སྒྲོན་སྐྱིད་བཅས་ཡིན་ནོ། །

                                                                                            2020ལོའི་ཟླ་2པའི་ཚེས་7ཉིན་བྲིས།

རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲུང་ཐུང་ཡིག་བརྒྱ་མ། 《ནད་ཡམས》

2020-02-08 སྙན་བུ།(པེ་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།