སྡུད་ལམ་གྲོང་འཇུག

རྟ་མགྲིན་འཚོ།(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-08-31

  1

  2029ལོའི་ཟླ8པའི་ཚེས6ཉིན། པེ་ཅིན་དུས་ཚོད། 23:51

  “ཞི་བདེ་རྒྱ་མཚོའི་ནུབ་བྱང་མཚམས་ཀྱི་རྒྱ་མཚོའི་རླུང་འཚུབ་དང་ནུབ་ངོས་སྐམ་སའི་ཚ་རླབས་ལས་བསླངས་པའི་རླུང་དམར་མི་འགྱངས་པའི་ཆུ་ཚོད་གསུམ་དང་སྐར་མ་སོ་གསུམ་སྟེང་མའོ་རོས་ཆོའུ་སི (Mauritius)གླིང་ཚོམ་ལ་སླེབས་སྲིད། རྒྱལ་སྤྱིའི་གནམ་གཤིས་བརྟག་དཔྱད་ཁང་གིས་སྔོན་དཔག་བྱས་པ་ལྟར་ན། རླུང་དམར་འདི་མའོ་རོས་ཆོའུ་སི་རྒྱལ་ཁབ་ཡོངས་ལ་ཁྱབ་ངེས་ཤིང་། ལྷག་པར་ལྷོ་ནུབ་མཚམས་ཀྱི་རྒྱལ་ས་ལོའུ་དབྱི་ཀྭང་ནས་ཆུ་ཚོད་བཞིའི་ཡུན་ལ་རྒྱུན་བསྲིངས་བའི་རླུང་འཚུབ་འཁོར་ལོ་ཅན་འབྱུང་སྲིད།

  གནམ་དཔྱད་རིག་པ་ཚོས་བརྟག་དཔྱད་ལྟར་ན། འདི་ནི་སྤྱི་ལོ1995ལོར་ཡ་གླིང་ནུབ་མཐའི་ཧི་མ་ལ་ཡ་རི་འདབས་ཀྱི་ལྷོ་བྲག་ས་ཁུལ་དུ་བྱུང་པའི་རླུང་འཚུབ་རྗེས། གཏོར་བརླགས་རང་བཞིན་ཆེས་ཆེ་བའི་རླུང་དམར་ཅིག་ཡིན་ངེས་གསུངས།

  2

  2029ལོའི་ཟླ8པའི་ཚེས6ཉིན། པེ་ཅིན་དུས་ཚོད། 23:40

  ཀྲུང་གོའི་ཆིན་ཧྭ་སློབ་ཆེན་དངོས་ལུགས་ཚན་རིག་ཁག་གི་མའོ་རོས་ཆོའུ་སི་ལྟེ་གནས་བྱས་པའི་དངོས་བཤེར་ཁང་G-092པ་རུ། རིག་ལྡན་དཔལ་མཚོས་ཉིན་འདི་འགའི་རིང་གི་དངོས་བཤེར་འབྲས་བུ་ཟིན་དེབ་ཏུ་ཐོ་འགོད་བྱེད་བཞིན་མཆིས། དོན་ངོ་མར་མོས་དངོས་བཤེར་བྱ་རྒྱུའི‘སྡུད་རའི་འགྱེད་འཕྲོས་དབང་རྩ་སྟངས་འཛིན’ MFRAS (Magnetic Field Radiation And Spirit) ཞེས་པའི་དངོས་བཤེར་ལས་གཞི་འདི་ནི་ལོ་བདུན་གྱི་སྔོན་ནས་མགོ་ཚུགས་ཤིང་། མོ་རང་གཙོ་བྱས་པའི་དངོས་ལུགས་རིག་པའི་ཚོགས་མི་གསུམ་དང་། སྐྱེ་ཁམས་དབང་རྩ་རིག་པའི་ཚོགས་མི་གཉིས་ལ་མཉམ་འབྲེལ་གྱིས་ཧྥེ་གླིང་བྱང་ཤར་གྱི་ལོའུ་དབྱི་ཀྭང་གྲོང་ཁྱེར་ན་བཙུགས་ཡོད་པའི་དངོས་བཤེར་ཚན་ཆུང་ཞིག་ཡིན།

  དེ་ནི་རིག་ལྡན་དཔལ་མཚོ་འབུམ་རིམས་པའི་བསླབ་གནས་འཐོབ་རྗེས། ད་དུང་རང་ཡུལ་ཀྲུང་གོའི་བོད་ལྗོངས་ལྷོ་བྲག་རྫོང་དུ་མ་ལོག་པར་གླིང་ཕྲན་འདི་ནས་སྡོད་དགོས་པའི་རྒྱུ་རྐྱེན་ཉག་གཅིག་ཀྱང་ཡིན། ཁོ་ཚོས་དངོས་བཤེར་དང་ལག་ལེན་བརྒྱུད། གློག་ལམ་སྡུད་རའི་འགྱེད་འཕྲོའི་གཞུང་ལུགས་དང་མིའི་དབང་རྩས་འདུ་ཤེས་གཟུང་འཛིན་གྱི་རིགས་ལམ་གཉིས་མཉམ་བསྲེས་བྱས་ཏེ། མ་འོངས་པའི་དུས་ཤིག་ལ། མི་དང་མིའི་བར་གྱི་བསམ་བློ་བརྗེ་རེས་ནི་ཡི་གེ་དང་སྐད་བརྡ། རྣམ་འགྱུར་སོགས་གང་ལའང་བརྟེན་མི་དགོས་པར། ཀླད་རྩའི་ཁྲག་རྒྱུན་གྱི་ཟློས་ཕྱོད་ཁོ་ནས་མིའི་རིགས་ཀྱི་བསམ་འདུན་ཡོད་ཚད་གློག་ལམ་སྡུད་རའི་འགྱེད་འཕྲོ་བཞིན་ཐོགས་རེག་བཀག་གསུམ་གྱི་བར་ཆད་མེད་པར་བརྒྱུད་སྤྲོད་མངོན་འགྱུར་བྱ་རྒྱུ་དེ་ཡིན། ཡང་གཅིག་བཤད་ན། དེ་ནི་སུ་ཞིག་གིས་གང་ཞིག་གི་བསམ་ཚུལ་ཤེས་འདོད་ཚེ་སེ་གོལ་གཏོགས་ཡུན་ཙམ་ལ་ཀླད་རྩས་ཆ་འཕྲིན་མཐའ་དག་རང་བྱུང་སྡུད་རླབས་ལྟར་རང་བྱུང་བརྒྱུད་སྤྲོད་བྱ་ཐུབ་པ་ཞིག་ཡིན།

  ཡིད་སྐྱོ་བ་ཞིག་ལ། ལོ་ཕྱེད་ཙམ་གྱི་སྔོན་ནས་བཟུང་། རིག་ལྡན་དཔལ་མཚོའི་དངོས་བཤེར་ལ་ཐོལ་བརྒལ་རང་བཞིན་གྱི་འབྲས་བུ་གང་ཡང་ཐོན་མེད། ཡིན་ནའང་མོས་ཁོ་ཚོའི་འདིར་དངོས་བཤེར་ལེགས་འགྲུབ་འབྱུང་བ་ལ་སའི་གོ་ལ་དང་སྐར་མའི་འཁོར་རྒྱུན། ད་དུང་ཉི་མའི་འགུལ་སྐྱོད་སོགས་ལས་མཆེད་པའི་རང་བྱུང་སྡུད་རའི་འདོན་སྤྲོད་དང་རག་ལས་པ་རྟོགས་ཡོད། དེ་བས་མོས་བཟང་པོ་གསུམ་འཛོམས་ཀྱི་དུས་ཤིག་ལ་སྒུག་ནས་ཡོད།

  དེ་རིང་གི་མོ་ལའང་ཟིན་ཐོ་རུ་འགོད་འོས་པའི་གསར་རྙེད་ཀྱི་འབྲས་བུ་ཞིག་མེད་ནའང་། མོས་ཉིན་རེར་དྲན་པ་གཉིད་ལ་མ་གཏོར་གོང་རོལ་ལ་ཉིན་ཐོའི་ཚབ་ཏུ། དངོས་བཤེར་དང་འབྲེལ་ཡོད་ཀྱི་བློ་བསྐྱེད་དང་ཉམས་མྱོང་གང་རུང་ཞིག་ཟིན་ཐོར་འགོད་པར་གོམས་ཡོད་པས། ཨུ་ཚུགས་ཀྱིས་དེ་རིང་གི་དངོས་བཤེར་ལས་འཐོབ་པའི་ཉམས་འཇོག་བྱ་གནད་འགའ་ཤོག་ངོས་སུ་ཕབ། འོན་ཀྱང་ཤོག་ལྷེབ་ཕྱེད་ཙམ་ད་རུང་སྟོང་ལྷང་ངེ་ལུས་འདུག

  དུས་དེར་མོའི་ཡིད་ཀྱི་ལྟེང་ཀར་སྙན་ངག་ཅིག་འོ་མཚོ་བཞིན་འཕྱུར་ཡོང་། དེས་རིག་ལྡན་དཔལ་མཚོའི་བྲང་ཁོག་ཧྲིལ་བོར་ཚ་ལམ་ལམ་གྱི་མཚོ་རླབས་ཤིག་གིས་གང་པར་བྱས། མོས་སྨྱུག་རྩེ་བསྐོར་ཙམ་བསྐོར་ཙམ་བྱས་རྗེས།

  ‘ངས་ཁྱོད་ཀྱི་ཆེད་དུ་དགུ་ཚིགས་གཞུང་ལ་ཕྱིང་དཀར་གྱི་ཤམ་བུ་ཞིག་འཐེན་རྗེས།

  ཁྱོད་རང་མགུལ་ལ་བཏགས་ཏེ་ཉི་ཟླའི་འཆར་ནུབ་ལ་དོ་བསྡོ་དགོས’ ཞེས་བྲིས། དེ་ནི་མདང་ནུབ་ཁོས་བསྐུར་ཡོང་བའི་སྙན་ངག་དེའི་ཁྲོད་ཀྱི་ཚིག་གཅིག་ཡིན། རེད་ཡ། ཁོར་ནམ་ཡང་མཁྱེན་པ་ཡོད་པ་ཇི་བཞིན། མཚན་མོ་རེ་རེར། མོ་རང་རྨི་ལམ་གྱི་ཞིང་ལ་མ་ཕྱིན་པའི་གོང་རོལ་ཏག་ཏག་ལ་ཅིས་ཀྱང་སྙན་ངག་རེ་བསྐུར་ཡོང་ངེས།

  སྐད་ཅིག་མ་དེར། མོས་མི་ལོ་དྲུག་ལྷག་རིང་དུ་ཡིད་འཇོག་བྱས་མྱོང་མེད་པའི་སྙན་ངག་དེ་དག་ལས་སྔར་མེད་ཀྱི་མཛེས་པ་ཞིག་རྙེད་བྱུང་ལ་ཡང་སྙིང་ཞིག་ཀྱང་རྟོགས་པ་འདྲ། དེ་མུར་མོའི་ཀླད་གཞོང་གི་དབང་རྩའི་བར་རིམ་ནས་ཟླ་བ་ཞེས་པའི་སྐྱེས་པ་ཞིག་ཡམ་ཡོམ་དུ་གཡོ་བར་བྱེད། འོན་ཀྱང་དེ་ནི་མག་མོག་གི་རྒྱབ་གཟུགས་ཤིག་གམ་ཡང་ན་རབ་རིབ་ཀྱི་ངོ་གདོང་ལས་ཅི་ཡང་མེད། ཡིན་ནའང་ད་ལྟའི་མོ་ལ་ཅིས་ཀྱང་སྙན་ངག་དེ་དག་ཞིབ་ཏུ་ཀློག་པའི་འདུན་པ་ཞིག་དྲག་ཏུ་སྐྱེས།

  རིག་ལྡན་དཔལ་མཚོས་ཁ་པར་ལག་ལ་བཟུང་དུས། གློག་རྫས2%ལས་མི་འདུག་ལ་ཁ་པར་ཧྲིལ་པོ་ཚ་ལམ་ལམ་དུ་གྱུར་འདུག མོས་ཡ་མཚར་བའི་ངང “སྔོན་ཏག་ཏག་ལ་གློག་རྫས43%ཡོད་པ་མིན་ནམ”ཞེས་ཁེར་ལབ་ཅིག་བརྒྱབ་ཏེ་གློག་གསོག་སྐུད་སྣེར་མཐུད།

  3

  2029ལོའི་ཟླ8པའི་ཚེས7ཉིན། པེ་ཅིན་དུས་ཚོད། 02:40

  ཀྲུང་གོའི་ཆིན་ཧྭ་སློབ་ཆེན་སྐྱེ་ཁམས་དབང་རྩའི་ཚན་རིག་ཁག་གི་མའོ་རོས་ཆོའུ་སི་ལྟེ་གནས་བྱས་པའི་དངོས་བཤེར་ཁང་ S-093པ་རུ།

  “དཔལ་མཚོ། ཁྱོད་ལ་དངོས་བཤེར་འདི་ལེགས་འགྲུབ་འབྱུང་བར་ཡིད་ཆེས་ཡོད་དམ། རེད། སྡུད་ཁྱམས་འཁོར་བསྡུ་སྒྲིག་ཆས་སྡེར་དབྱིབས་ཅན་དག་ངེས་པར་བྱང་སྐར་ཨ་བརྟན་ལ་གཏད་དེ་ས་ངོས་དང48.73°གྱི་རྣོ་ཟུར་གྲུབ་དགོས། དེ་ལྟར་བྱས་ན་ད་གཟོད། སྡུད་ར་ལས་འགྱེད་འཕྲོ་བྱས་པའི་མཐོ་རླབས་དག་རི་བོང་འདི་གའི་ཀླད་རྩ་དང་མཉམ་བསྣོལ་བྱེད་ཐུབ།”

  “ལགས་སོ། དགེ་རྒན་ཆེན་མོ་ཧྭ་ཧྲིན (John H. Watson) ལགས། དེའི་སྐོར་ཁྱེད་རང་སེམས་བདེ་མོ་བྱོས་དང་ཆོག གློག་ལམ་བརྟན་སྲུང་དང་སྡུད་རའི་འགྱེད་འཕྲོ་བསྡུ་རུབ་ཐད། ང་ལ་ཚོད་འཛིན་དང་ལས་སྒྲུབ་ཡག་པོ་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད། འོན་ཀྱང་སྲོག་ལྡན་འདི་དག་གི་ཀླད་རྩས་སྡུད་རའི་མཐོ་རླབས་ཀྱིས་ང་ཚོས་ཚོད་དཔག་བྱས་པ་ལྟར་བདེ་ལེགས་ངང་འཇིབ་ལེན་བྱེད་ཐུབ་མིན་ཐད། ང་ལ་ད་རུང་སེམས་ཁྲལ་དང་ཐེ་ཚོམ་གང་མང་ཞིག་མཆིས།”

  “རེད། རེད། དྲང་མོར་བཤད་ན། ཁྱོད་ཀྱི་སེམས་ཁྲལ་དེ་ང་ལའང་ཡོད། ཡིན་ནའང་དེ་རིང་གི་ཚོད་ལྟ་འདི་ནི་ངེད་དངོས་བཤེར་ཁང་གཉིས་ཀྱི་མཉམ་ལས་ཙམ་མིན་པར། མིའི་རིགས་དུས་རབས་གསར་བ་ཞིག་ལ་བར་བརྒལ་གྱི་དཀྱོགས་མཚམས་སུ་འགྱུར་སྲིད། དངོས་གནས་ལེགས་འགྲུབ་བྱུང་ཚེ། འུ་ཅག་ནི་འཇིག་རྟེན་ཤེས་བྱ་ཇི་སྙེད་ཀྱི་བདག་པོར་འགྱུར་ངེས་ཏེ། རིག་གནས་སམ་ཆ་འཕྲིན་གང་ཞིག་ཆེད་སྦྱོང་མེད་ཀྱང་ཡིད་ལ་འཕོས་པ་ཙམ་གྱིས་བྱང་བར་ཡོང་ངེས།”

  “ འ • • • དེ་དུས་འཇིག་རྟེན་འདི་ཉིད་ཀྱང་ཕྱི་གསལ་ནང་གསལ་ཞིག་ཏུ་སྣང་ངེས། ”

  “ ཧ་ཧ། ངོ་མ་རེད། ངོ་མ་རེད། ཡ་ད་ནི་གོ་སྐབས་དམ་འཛིན་བྱོས་དང་། ཁྱོད་ཀྱིས་ཀྱང་ཤེས་གསལ་ལྟར། དེ་རིང་གི་གནམ་གཤིས་འདིའི་རྩ་བའི་འབྱུང་རྐྱེན་ནི་འཁོར་ཡུན་ལོ11ཡིན་པའི་ཉི་མའི་འགུལ་སྐྱོད་རྣམ་གསུམ་ལས་ནག་ཐིག་གིས་རྩིབས་འཕྲོ་དང་། ཕྱིར་འགྱེད་བྱས་པའི་མཐོ་ནུས་གློག་རྡུལ་རླབས་རྒྱུན་གྱིས་སའི་གོ་ལའི་སྡུད་ཁྱམས་ལ་གཏོར་བརླགས་བཟོས་ཏེ་སྡུད་འཁྲུགས་སྣང་ཚུལ་ལས་བསླངས་བ་ཡིན། གལ་སྲིད་དེ་རིང་ལེགས་འགྲུབ་མ་བྱུང་ན་ཡང་བསྐྱར་མི་ལོ33རྗེས་ཀྱི་དེ་རིང་ལ་བསྒུག་དགོས། དེ་བས་གཟབ་ནན་བྱ་རོགས། ”

  “ལགས་སོ། ངས་ཅིས་ཀྱང་ནུས་ཤུགས་ཡོད་དགུས་དངོས་བཤེར་འདི་ཉིད་ལེགས་འགྲུབ་ཡོང་ཐུབ་བྱ་ངེས། ད་ནི་ང་རང་ཕྱིར G-092ལ་སོང་ནས་དངོས་བཤེར་ལ་གྲ་སྒྲིག་བྱེད་ཡོང་། ”

  “རེད། རེད། ཁྱོད་ཀྱིསG-092ནས་སྡུད་ཁྱམས་ཚུར་བསྡུ་དང་ཁྱབ་འགྱེད་ཁ་ཕྱོགས་ཚོད་འཛིན་གྱིས། ངས་ནི་འདི་ནས་གློག་ལམ་སྣེ་ཁྲིད་བརྒྱུད། སྡུད་ར་འགྱེད་འཕྲོའི་མཐོ་རླབས་དེ་རི་བོང་འདི་གའི་དབང་རྩར་འཐིམས་པར་བྱ་ཡོང་། དེ་མིན་ཚོད་ལྟ་མཇུག་རྫོགས་རག་བར་དུ་ལས་གྲོགས་གཞན་དག་དང་བདེ་སྲུང་མི་སྣ་ཡོད་ཚད་ཀྱིས་དངོས་བཤེར་ཁང་གཉིས་ཀྱི་སྒོ་རུ་སྲུངས་ཤོག ཆོག་མཆན་མེད་པར་ནང་དུ་མི་ཡོང་བར་གྱིས། ”

  “ལགས་སོ། ངེད་ཅག་ལ་ལེགས་འགྲུབ་ཡོང་ངེས། ”

  4

  2029ལོའི་ཟླ8པའི་ཚེས7ཉིན། པེ་ཅིན་དུས་ཚོད། 03:22

  དུས་དེར། ཤར་གཞུང 57°37′དང་ བྱང་ལྷོ་འཕྲེད20°10′མཚམས་ཀྱི་རླུང་ཁམས་ཆེན་མོའི་གཏད་རྒྱུགས་རིམ་པའི་མཐོ་ཚད་གློ་བུར་འཕེལ་ཏེ། རྒྱུན་ལྡན་གནས་ཚུལ་འོག་གི་སྟོང་སྨི13ནས་སྟོང་སྨི18ལ་འཕར་འདུག དེ་ལས་བསྐྱེད་པའི་དྲོད་ལྡོག་སྣང་ཚུལ་གྱིས་མི་འགྱངས་པར་གནས་འདིར་སླེབས་སྲིད་པའི་རླུང་དམར་གྱི་ཁ་ཕྱོགས་ཡང་སྔོན་དཔག་བྱས་པ་ལས5°ཡས་མས་ཀྱི་ལྷོ་རུ་སྤོར་སྲིད།

  ཀྲུང་གོའི་ཆིན་ཧྭ་སློབ་ཆེན་དངོས་ལུགས་ཚན་རིག་ཁག་གི་མའོ་རོས་ཆོའུ་སི་ལྟེ་གནས་བྱས་པའི་དངོས་བཤེར་ཁང་G-092པ་རུ། རིག་ལྡན་དཔལ་མཚོས་སྡུད་རའི་ཟློས་ཕྱོད་དཔྱད་ཆས་ཀྱི་མདུན་ན། ཁ་ལྡང་མིག་ཅེར་ཏེ་འཇིགས་ཉམས་དང་བཅས་ནས། གང་ཞིག་ལ་ཡིད་ཆེས་དཀའ་བའི་ངང་ཚུལ་གྱིས་ཧོན་ཐོར་ནས་སྐར་མ་གཉིས་དང་སྐར་ཆ་བདུན་འགོར། དེ་ནི་མོས་ཏག་ཏག་སྡུད་རའི་ཁྱབ་འགྱེད་ཁ་ཕྱོགས་ནི་རླུང་དམར་གྱི་རྒྱུ་ལམ་འགྱུར་བ་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་པ་མཐོང་བས་རེད།

  ཡང་རིག་ལྡན་དཔལ་མཚོ་ཧད་ནས་ཡོད་པའི་དུས་དེར། མོའི་རྒྱབ་ཕྱོགས་ཀྱི་སྒྲོག་ཙེའི་སྟེང་གི་ཁ་པར་ལས། འོད་སེར་ལམ་མེར་བ་ཞིག་འཕྲོས་ཏེ། སྨུག་པའི་རྒྱུན་ནམ་ཡང་ན་ན་བུན་ལྟ་བུ་ཞིག་དལ་གྱིས་ཡར་འཕགས་ཙམ་བྱས་རྗེས། མོའི་མདུན་ཕྱོགས་སུ་རྒྱུ་ཡོང་། འོན་ཀྱང་མོ་རང་ད་དུང་སྡུད་རའི་ཟློས་ཕྱོད་དཔྱད་ཆས་ངོས་ལ་ཅེར་འདུག ན་བུན་ལྟ་བུའི་རླུང་གཟུགས་དང་གཤེར་གཟུགས་གང་ཡིན་འབྱེད་དཀའ་པའི་སེར་ལེ་བ་དེ་ནི། ཐོག་མའི་དར་སྐུད་དབྱིབས་ནས་ད་ནི་མགོ་ཆེ་ལུས་ཕྲ་བའི་ལྕུང་མོའི་དབྱིབས་སུ་གྱུར་འདུག་ལ། རིག་ལྡན་དཔལ་མཚོའི་རྣ་བའི་འགྲམ་ན་དལ་གྱིས་ཡམ་ཡོམ་དུ་སྐྱོམས་བཞིན་མཆིས།

  “ སྡུད་རའི་ཟློས་ཕྱོད་དང་དེའི་ཁྱབ་འགྱེད་ཀྱི་འགྱུར་ལྡོག་ཙམ་ལ་དེ་འདྲའི་ཅེར་ནས་འདུག་རྒྱུ་ཅི་ཡོད། ”ཅེས་པའི་སྐད་སྒྲས G-092ནང་གང་པར་བྱས། རིག་ལྡན་དཔལ་མཚོས་སྐད་ཅིག་མ་དེར་རྣམ་ཤེས་རྙེད་པ་འདྲ། སྐད་གདངས་དེ་ནི་ཇི་འདྲའི་རྒྱུས་ཡོད་ཅིག་རེད་ཨང་། “ཁྱོད་སུ་ཡིན། གང་ན་ཡོད། ངའི་ཆོག་མཆན་མེད་པར་དངོས་བཤེར་ཁང་དུ་ཡོང་དོན་ཅི་ཡིན། ”མོས་དེ་ལྟར་ལབ་ཞོར། སྡུད་རའི་ཟློས་ཕྱོད་དཔྱད་ཆས་ཀྱི་མདུན་ནས་ཕྱོགས་བཞིར་གཏད་ནས་རང་ལུས་དཀྱིལ་འཁོར་ཞིག་བརྒྱབ།

  “དཔལ་མཚོ། ང་ནི་ཁྱོད་ཀྱི་མདུན་ན་ཡོད།”

  གློ་བུར་ཕྱི་རོལ་ན་གནམ་ས་གཡོ་ལ་ཉེ་བའི་འབྲུག་སྒྲ་དང་རླུང་འཚུབ། ད་དུང་སྡུད་རའི་མཐོ་རླབས་དག་མོ་དང་རྒྱང་ཐག་ཤིན་ཏུ་རིང་པོར་གྱེས།

  “ཁྱོད··· ཟླ···” རིག་ལྡན་དཔལ་མཚོར་སྐད་གདངས་དེ་ལ་སྨྲ་བརྗོད་ལས་འདས་པའི་རྒྱུས་ཡོད་ཀྱི་བག་ཆགས་ཤིག་འོབས་ཀྱིས་བརྡོལ། ཁོ་ཡིན་ནམ།

  “ཡིན། ང་ནི་ཟླ་བ་ཚེ་རིང་ཡིན། ཁྱེད་ཀྱིས་ང་རང་བརྗེད་མེད་པ་ཤིན་ཏུ་ལེགས། ཡ་མཚར་དང་ལོག་རྟོགས་མེད་པར་གྱིས། རྣམ་རིག་སྒྲིམས་ཤོག ད་ནི་སྡུད་རའི་མཐོ་རླབས་དག་ས་ངོས་ལ་རྩིབས་འཕྲོ་བྱེད་པར་སྐར་མ་དྲུག་དང་སྐར་ཆ་སུམ་ཅུ་ལས་མི་འདུག ”

  རིག་ལྡན་དཔལ་མཚོས་སྐད་གདངས་དེའི་བདག་པོ་ནི་རང་གི་མདུན་ན་ཡམ་ཡོམ་དུ་སྐྱོམས་བཞིན་པའི་ན་བུན་ལྕུང་དབྱིབས་འདྲ་བ་དེ་ཡིན་པ་ཚོར་རྗེས། ལུས་ཡོངས་ བྲེད་ཤ་ཞིག་ལངས་ཡོང་ལ། ཡང་གང་ཞིག་ནས་དགའ་སྐྱོ་འདྲེས་མའི་ཚོར་རླབས་ཤིག་གིས་མོ་རང་མངའ་དབང་བསྒྱུར།

  “ཁྱོད ··· ཁྱོད··· དོན་ངོ་མས་སུ་ཡིན། ཁྱོད···གང་ནས་འོངས་པ་ཡིན། ” ཞེས་པ་ངག་ནས་དབང་མེད་དུ་ཤོར།

  “ང་རང་ཁྱོད་དང་གཏན་དུ་གྱེས་མྱོང་མེད་ཡ། དཔལ་མཚོ། མི་ལོ་སོ་གསུམ་འགོར་ཟིན། ··· འོ་རེད་རེད། ཉེ་བའི་ལོ་དྲུག་རིང་ང་ནི་སྡུད་ལམ་གྲོང་འཇུག་གི་ཐབས་ལམ་ལྟར་ཁྱོད་ཀྱི་ལག་ཁྱེར་ཁ་པར་ལུས་རྟེན་དུ་བཅོལ་ནས་བསྡད་ཡོད། ”

  ན་བུན་སྙོམ་ཉི་ལེ་བ་དེས་ད་དུང་བདེན་ཅོག་ཅོག་གིས་ཅི་ཞིག་ལབ་བཞིན་འདུག རིག་ལྡན་དཔལ་མཚོར་འཇིག་རྟེན་གཞན་ཞིག་ལ་སླེབས་པའམ་རྨི་ལམ་ཡིན་པའི་ཉམས་སྣང་སྐྱེས། འོན་ཀྱང་སྡུད་ལམ་གྲོང་འཇུག་ཅེས་པ་གང་ཞིག་ནས་གོ་མྱོང་པ་འདྲ། དེ་མུར་མོས “སྡུད་ལམ་གྲོང་འཇུག” ཅེས་པ་ཡང་བསྐྱར་ཐེངས་གཅིག་ངག་སྒོ་ནས་ཕྱིར་དེད་ཅིང་། སྒྲོག་ཙེའི་སྟེང་ཁ་པར་ལག་ཏུ་བླངས།

  5

  1995ལོའི་ཟླ8པའི་ཚེས6ཉིན། པེ་ཅིན་དུས་ཚོད། 18:30

  ཧི་མ་ལ་ཡའི་རི་འདབས་ཀྱི་ལྷོ་བྲག་གྲོ་མོ་ལུང་གི་གློག་ལམ་དངོས་བཤེར་ཁང་ན། ཟླ་བ་ཚེ་རིང་དང་རིག་ལྡན་དཔལ་མཚོ། ཇོན •ཧྭ་ཧྲིན (John H. Watson) གསུམ་གྱིས་གློག་ལམ་སྡུད་རླབས་ཚུར་བསྡུ་སྒྲིག་ཆས་མང་པོ་ཞིག་བཤམས་ཏེ། སྒེའུ་ཁུང་ཕ་རོལ་གྱི་ནམ་མཁའ་ན་ལང་ལོང་དུ་འཁྲུགས་བཞིན་པའི་སྤྲིན་ནག་དང་། གློག་དམར་ལ་བལྟ་བཞིན་མཆིས། ཁོ་ཚོ་ནི་དབྱིན་ཇིའི་ནོའུ་ཅིན(Univercity of Oxford) སློབ་ཆེན་ནས་ལོ་ངོ་བདུན་རིང་དངོས་ལུགས་རིག་པ་སློབ་གཉེར་བྱས་རྗེས། དབྱིན་ཇིའི་ཆོས་ཚོགས་ཀྱི་རྒྱབ་སྐྱོར་འོག་ཕྱིར་བོད་ལྗོངས་སུ་ལོག་ནས་སྡུད་ལམ་གྲོང་འཇུག (magnetic and souls)ལ་ཚོད་ལྟ་དང་ལག་ལེན་གྱི་དངོས་བཤེར་ཚན་ཆུང་ཡིན།

  སྡུད་ལམ་གྲོང་འཇུག་ཅེས་པ་གོ་སླ་བར་བརྗོད་ན། དེ་ནི་བོད་རྒྱུད་ནང་བསྟན་ལས་འཕོ་བ་གྲོང་འཇུག་གི་གདམས་པ་དང་། དངོས་ལུགས་རིག་པའི་གློག་ལམ་སྡུད་རའི་འཐེན་ཤུགས་གཉིས་མཉམ་བསྲེས་ལས་སྲོག་ལྡན་སྐྱེ་དངོས་ཀུན་གྱི་བླ་རྟེན་བརྗེ་སྤོར་བྱ་རྒྱུར་ཚོད་དཔག་རང་བཞིན་གྱི་གཞུང་ལུགས་ཤིག་ཡིན། གཞུང་ལུགས་འདིའི་སྐོར་བློས་བསླངས་དང་དཔྱད་འཇོག་སྤེལ་མཁན་རེ་གཉིས་བྱུང་ཡོད་མོད། ལག་ལེན་འདེབས་མཁན་གཅིག་ཀྱང་བྱུང་མྱོང་མེད། ཡང་ཅིག་བཤད་ན། འདི་ནི་མིའི་རིགས་ཀྱི་རྣམ་ཤེས་དེ་ལུས་རྟེན་དང་བྲལ་ནས་སྒེར་ཚུགས་སུ་གནས་ཐུབ་མིན་ལ་ཚན་རིག་རང་བཞིན་གྱི་དངོས་བཤེར་བྱེད་ཐབས་ཤིག་ཡིན།

  ལྷག་པར་དེ་རིང་ནི་ཉི་མའི་འགུལ་སྐྱོད་ལས་ནག་ཐིག་འཁོར་ཉིན་ཡིན་པས་རང་བྱུང་སྡུད་རླབས་འབོར་ཆེན་ས་ངོས་ལ་གསེག་ཡོང་ཐུབ། དེས་ཟླ་བ་ཚེ་རིང་སོགས་ཀྱི་དངོས་བཤེར་ལག་ལེན་ལ་སྔར་མེད་ཀྱི་མཐུན་རྐྱེན་བསྐྲུན་ཡོད།

  སྐར་མ་བཅོ་ལྔའི་རྗེས་སུ། སྲིད་པའི་འཐོར་རླུང་ལྟ་བུའི་རླུང་འཚུབ་ཆེན་མོས་ལྷོ་བྲག་གྲོ་ནང་ལུང་བ་ཡམ་ཡོམ་དུ་སྐྱོམས་པར་བྱས། ཕྱི་རོལ་གྱི་རླུང་ཤུགས་ཇེ་ཆེ་སོང་བ་དང་བསྟུན། དངོས་བཤེར་ཁང་ནང་ན་འཁོར་བཞིན་པའི་གློག་ལམ་སྡུད་རླབས་ཚུར་བསྡུ་འཕྲུལ་འཁོར་དག་གི་འཁོར་འགྲོས་ནི་ཇེ་མགྱོགས་ནས་ཇེ་མགྱོགས་སུ་གྱུར། ཟླ་བ་ཚེ་རིང་དང་རིག་ལྡན་དཔལ་མཚོ། ཇོན •ཧྭ་ཧྲིན་གསུམ་གྱིས་རང་སོ་སོ་ན་བློ་རྩེ་གཅིག་སྒྲིམ་གྱིས་སྐྱིལ་ཀྲུང་སྒོར་འདྲ་བ་རེ་བྱས་ཏེ། མིག་ཟུང་བཙུམས་ནས་འཕོ་བ་གྲོང་འཇུག་གི་གདམས་པ་ལྟར། རང་ཉིད་ཀྱི་ལུས་རྟེན་བླ་སྲོག་གམ་ཡང་ན་རྣམ་ཤེས་དེ་ཉིད་བྲང་ཁོག་གི་སྙིང་ཁམས་དབང་རྩ་བརྒྱུད། སྤྱི་གཙུག་ཕྱོགས་སུ་ཕུ་བཏབ་ཏེ་ཡར་འདེགས་ལ་བརྩོན་བཞིན་ཡོད།

  ཡིན་ནའང་ཁོ་ཚོས་རང་ཉིད་ཀྱི་སྙིང་རྩའི་བང་རིམ་ནས་ཡར་འཕགས་བཞིན་པའི་སྣང་བའི་ན་བུན་དེ་ནི། དོན་དམ་གྱི་ལུས་རྟེན་ནམ་རྣམ་ཤེས་ཉིད་ཡིན་མིན་ཐད་ཐེ་ཚོམ་དང་སྒྲོ་འདོགས་ཁ་གསལ་ཞིག་ཆོད་མེད། ལྷག་པར་རྣམ་ཤེས་སུ་འདོད་བཞིན་པའི་སྣང་བའི་ན་བུན་དེ་སྤྱི་གཙུག་ནས་ཡར་འཕགས་ཏེ་ལུས་ཀྱི་ཕུང་བོ་དང་བྲལ་ཚེ། གློག་ལམ་སྡུད་ཁྱམས་ཀྱི་རླབས་རྒྱུན་ལ་ཁོ་ཚོས་སྔོན་དཔག་བྱས་པ་བཞིན་མཉམ་བསྲེས་བྱེད་ཐུབ་མིན་ཐད་དེ་བས་ཀྱང་ཁྲུན་ཐག་ཆོད་མེད་དོ། །

  6

  2029ལོའི་ཟླ8པའི་ཚེས7ཉིན། པེ་ཅིན་དུས་ཚོད། 03:35

  ཀྲུང་གོའི་ཆིན་ཧྭ་སློབ་ཆེན་དངོས་ལུགས་ཚན་རིག་ཁག་གི་མའོ་རོས་ཆོའུ་སི་ལྟེ་གནས་བྱས་པའི་དངོས་བཤེར་ཁང་G-092པ་རུ། རིག་ལྡན་དཔལ་མཚོ་ནི་རང་གི་ཁ་པར་ངོས་ལ་ཅེར་ཏེ། དོན་གང་ཞིག་ལ་ཡིད་ཆེས་དཀའ་བའི་ངང་གིས་འགུལ་མེད་དུ་ལུས་འདུག དུས་ཚེ་མོའི་རྣ་བའི་འགྲམ་ན་ཡམ་ཡོམ་དུ་སྐྱོམས་བཞིན་པའི་ན་བུན་སྙོམ་ཉི་ལེ་དེ་ཅིས་ཀྱང་འུ་ཐུག་པའི་ཉམས་གྱིས“ང་ནི་དངོས་གནས་ཟླ་བ་ཡིན་ལགས། མི་ལོ་ཉེར་བདུན་རིང་ང་རང་ལུས་རྟེན་ངེས་བརྟན་ཞིག་མེད་པར་ཁྱོད་ཀྱི་གམ་ནས་དངོས་པོ་དང་ཡོ་བྱད་གང་རུང་རེ་ལ་གྲོང་འཇུག་བྱས་ནས་བསྡད་པ་ཡིན། འོན་ཀྱང་ལོ་ངོ་དྲུག་གི་སྔོན་ནས་བཟུང་། ང་རང་ཁྱོད་ཀྱི་ཁ་པར་དུ་གྲོང་འཇུག་བྱས་ཤིང་། དེང་རབས་ཚན་རིག་རིག་གཞུང་དང་དྲ་རྒྱའི་རིག་པ་མཐའ་དག་ཁོང་དུ་ཆུད་ཡོད”ཅེས་བཤད་ཚེ། རིག་ལྡན་དཔལ་མཚོ་ནི་ཅིས་ཀྱང་རྨི་ལམ་ལྟ་བུའི་འཕྲུལ་སྣང་ལས་ལྡོག་མ་ནུས་པར། ད་དུང་རང་གནས་དེ་གར་དགུན་གྱི་ཁུ་བྱུག་གི་བརྟུལ་ཞུགས་བཟུང་ཏེ་ཧད་ནས་ཡོད།

  ན་བུན་ལྕུང་དབྱིབས་འདྲ་བ་དེས་སླར་ཡང“དེ་རིང་ནི་སའི་གོ་ལར་སྡུད་འཁྲུགས་སྣང་ཚུལ་བྱུང་ཡོད་ལ། ལྷག་པར་དངོས་བཤེར་ཁང་འདིར་སྡུད་ཁྱམས་ཚུར་བསྡུའི་སྒྲིག་ཆས་མང་པས། ང་ལ་སྡུད་ལམ་གྲོང་འཇུག་བྱེད་པར་ཆ་རྐྱེན་བསྐྲུན་ཡོད་ལ། མཐོ་རླབས་སྡུད་ར་འབོར་ཆེན་ཁྱབ་འགྱེད་ཀྱིས་ངའི་གཟུགས་དང་ངག་གི་སྒྲ་རླབས་ཀྱང་ཁྱོད་ཀྱིས་མཐོང་ཞིང་ཐོས་ཐུབ་པར་གྱུར་ཡོད”ཅེས་གསལ་བཤད་བྱས།

  G-092དངོས་བཤེར་ཁང་ཁུ་སིམ་མེར་གནས། གློ་བུར་འཇིག་རྟེན་ཡང་འཁྱགས་པས་བསྡམས་པ་ལྟར་འགུལ་མེད་དུ་སྣང་།

  ཡུན་ཙམ་འགོར་རྗེས། ན་བུན་ལྕུང་དབྱིབས་འདྲ་བ་དེས་རིག་ལྡན་དཔལ་མཚོར་གཏད་དེ་ཧ་ཅང་ཡིད་སྐྱོ་བའི་ཉམས་ཀྱིས་བཤད་རྒྱུར“ངས་ཁྱེད་ལ་བྲིས་པའི་སྙན་ངག་དེ་དག་ལ་ཅིས་ཀྱང་ཡིད་ཆེས་མཛོད་རོགས།”

  སྙན་ངག་ཅེས་པའི་ཐ་སྙད་དེས་རིག་ལྡན་དཔལ་མཚོ་གང་ཞིག་ནས་དངོས་ཡོད་འཇིག་རྟེན་ལ་དྲངས་བྱུང་བ་འདྲ། མོས་མགོ་བོ་མར་སྒུར་ཏེ་ཡུན་ཙམ་ལ་བསམ་གཞིག་ཅིག་བཏང་རྗེས། གཞི་ནས་མདུན་གྱི་ན་བུན་ལྕུང་དབྱིབས་འདྲ་བ་དེར་གཏད་དེ“དེས་ན། དེས་ན་ཁྱེད་དང་ང་ཡི་བར་དུ····”གློ་བུར་གང་ཞིག་གིས་མོའི་གྲེ་བ་བརྣངས་སོང་བས་ཅིས་ཀྱང་ཚིག་རྔ་བསྐྱངས་ཐབས་བྲལ།

  ན་བུན་ལྕུང་དབྱིབས་འདྲ་བས་རིག་ལྡན་དཔལ་མཚོའི་ཚུལ་དེ་མཐོང་མ་ཐག མྱུར་སྟབས་ངང་སྔོན་གྱི་ལོ་རྒྱུས་དག་རྒྱས་པར་བཤད་ལ། “མི་ལོ་སོ་གསུམ་སྔོན་གྱི་དེ་རིང་མཚམས་ལ། ང་ཚོའི་དངོས་བཤེར་ལག་ལེན་སྐབས། ཁྱོད་དང་ཇོན •ཧྭ་ཧྲིན (John H. Watson) གཉིས་ཀྱིས་གློག་ལམ་སྡུད་རླབས་དང་རང་རང་གི་ལུས་རྟེན་མཉམ་བསྲེས་ལ་ལེགས་འགྲུབ་ཙམ་བྱུང་མོད། འོན་ཀྱང་འཕོ་བ་གྲོང་འཇུག་གི་གདམས་པ་དཔྱིས་ཕྱིན་མེད་ཕྱིར། མཉས་བསྲེས་རྗེས་ཀྱི་རྣམ་ཤེས་དེ་ཕྱིར་རང་ལུས་ལ་འདྲེན་མ་ཐུབ་པས། ཚེ་རབས་ཕྱི་མར་བག་ཆགས་འཇོག་དགོས་བྱུང”ཅེས་བཤད་པ་ན། མོའི་དྲན་པའི་ཡོལ་པར་རྨི་ལམ་ལྟ་བུ་ཞིག་རྒྱུ་ཡོང་ལ་ཡང་རྨི་ལམ་གྱི་ཞིང་ཁམས་དེར་ཤིནཏུ་རྒྱུས་ཡོད་པའི་ཚོར་འདུ་ཞིག་ངང་གིས་སྐྱེས། དེ་བས་མོ་ལོ་སོ་གཉིས་སོན་པའི་རིག་ལྡན་དཔལ་མཚོས་ནང་སེམས་ཀྱི་ཟབ་ས་ཞིག་ནས་ཐོག་དང་པོར་སྐྱེ་བ་སྔོན་མའི་བག་ཆགས་ཟེར་བ་དེར་བདེན་ཁ་མི་བསྩོལ་ག་མེད་བྱུང་།

  ཏག་ཏག་སྐབས་དེར། ཝན་ནིན་གྲོང་ཁྱེར་གྱི་ནམ་མཁའ་ནས་སྤྲིན་ནག་འཁྲུགས་ཤིང་། གློག་དམར་འཁྱུགས། ད་དུང་ཐོག་རྒོད་མདའ་འདྲ་བ་གྲངས་མེད་ཅིག་གང་སར་འཕངས་བྱུང་། གློ་བུར་རིག་ལྡན་དཔལ་མཚོའི་ཡིད་ལ་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་འཕོས་བྱུང་བས། མོས་ཀླད་ངོས་ན་འཁོར་བཞིན་པའི་དྲི་བ་མང་པོ་ཞིག་རང་མལ་ནས་བཞག་སྟེ། མྱུར་སྟབས་ཀྱིས་གམ་ན་ཡོད་པའི་གློག་ལམ་སྡུད་རླབས་ཚུར་བསྡུ་དཔྱད་ཆས་ཀྱི་གློག་སྒོ་ཕྱེ་གྲབས་བྱས།

  དུས་དེར། མོའི་མདུན་ན་རླུང་གིས་དལ་གྱིས་བསྐྱོད་བཞིན་པའི་ན་བུན་དེའང་རྟབ་རྟབ་པོའི་ཚུལ་གྱིས་མོ་ལ“ཅུང་ཙམ་སྒུག་དང་། ང་ལ་ཉོན། དེ་རིང་གི་ཁྱོད་ཚོའི་དངོས་བཤེར་ལེགས་འགྲུབ་འབྱུང་མི་སྲིད ”ཅེས་པ་སྨྲས་བྱུང་།

  རིག་ལྡན་དཔལ་མཚོ་གང་ཞིག་ནས་འཚིག་པ་གཏིང་ནས་ཟས་ཡོང་། མོས“ཅིའི་ཕྱིར”ཞེས་པ་ངག་ནས་ཤོར།

  ན་བུན་ལྕུང་དབྱིབས་འདྲ་བ་དེས་འགྲེལ་བཤད་ཀྱི་ཚུལ་དུ“ང་ནི་ཐེངས་སྔོན་མའི་དངོས་བཤེར་ལག་ལེན་སྐབས། གློག་ལམ་སྡུད་རླབས་བསྡུ་པ་མང་དྲགས་པས་ཤ་ཁྲག་གི་ཕོང་པོ་རལ་བར་བྱས་སོང་། འོན་ཀྱང་ང་ལ་འཕོ་བ་གྲོང་འཇུག་གི་གདམས་པ་ཡོད་པས། རྣམ་ཤེས་ཉིད་མི་ཡུལ་འདིར་སྒེར་ཚུགས་ཀྱིས་སྲུང་ཐུབ་བྱུང་། འོན་ཀྱང་དེ་རིང་ནི་ང་རང་མི་ལུས་ཀྱི་ཕུང་པོ་ཞིག་ལ་སྡུད་ལམ་གྲོང་འཇུག་གི་ཐབས་ཀྱིས་འཕོ་པའི་གོ་སྐབས་ཉག་གཅིག་ཡིན། ”ཞེས་བཤད།

  རིག་ལྡན་དཔལ་མཚོས “དེ་དང་ངའི་དངོས་བཤེར་ལ་འབྲེལ་བ་ཅི་ཡོད། འོ་རེད་རེད། མཐོ་རླབས་སྡུད་ཁྱམས་ཀྱིས་ཤ་ཁྲག་གི་ཕུང་པོ་རལ་བར་བྱེད་ནུས་ན··· ”ཞེས་བཤད་ཞོར་དང་དོན་གང་ཞིག་གི་མཐིལ་བརྟོལ་པ་འདྲ།

  དེའི་ཚེ་ན་བུན་ལྕུང་དབྱིབས་འདྲ་བ་དེས་ཁེངས་ཉམས་དང་བཅས་ཏེ“ཧ་ཧ། མཐོ་རླབས་སྡུད་ཁྱམས་དང་དབང་རྩ་མཉམ་བསྲེས་བྱེད་པ་ནི་སྟོང་སེམས་ཙམ་ཡིན་ནའང་། སྡུད་ལམ་གྲོང་འཇུག་གི་ཐབས་མཆོག་འདི་ཉིད་ཀྱིས་མིའི་རིགས་ཀྱི་དྲན་ཤེས་ནི་རྟག་བརྟན་དུ་སོར་འཇོག་བྱ་ནུས་ཏེ། མིའི་དྲན་ཤེས་ནི་ཤ་ཁྲག་འདུས་བཅོས་ཀྱི་ཕུང་པོ་ལ་མ་བརྟེན་ཡང་སྐལ་པ་གྲངས་མེད་དུ་གནས་ཚུགས་ངེས། འོན་ཀྱང་དུས་དེར་སླེབས་པར་ཅིས་ཀྱང་ལོ་ངོ་སོ་གསུམ་ལ་སྒུག་དགོས། ལོ་ངོ་སོ་སུམ་གྱི་རྗེས་སུ་མིའི་རིགས་ནི་འཆི་པ་ཞེས་པའི་ཞེད་སྣང་ལས་ཡོངས་སུ་གྲོལ་སྟེ། ངེས་པ་དོན་གྱི་བདེ་ལྡན་ཞིང་་་ལ་སླེབས་ངེས་སོ།། །” ཞེས་སྨྲས་པ་དང་མི་སྣང་གྱུར་རོ། །

  7

  2029ལོའི་ཟླ9པའི་ཚེས27ཉིན། པེ་ཅིན་དུས་ཚོད། 23:11

  མཚན་མོ་དེར། རིག་ལྡན་དཔལ་མཚོར་ཕ་མེད་ཀྱི་ཕྲུ་གུ་ཞིག་འཁོར། སྐད་ཅིག་མ་དེར་རིག་ལྡན་དཔལ་མཚོར་འཇིག་རྟེན་ཇི་སྙེད་མོའི་མངལ་ན་མཆིས་པའི་ཉམས་སྣང་ཞིག་འགོག་མེད་དུ་སྐྱེས།

                        (རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དངོས་གཞིིའི་སློབ་མ་ཞིག་ཡིན)
 
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡུད་ལམ་གྲོང་འཇུག

2020-08-31 རྟ་མགྲིན་འཚོ།(པེ་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།