རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་གསུམ་པར་བྱ་དགའ་ཨང་གཉིས་པ་ཐོབ་པའི་སྒྲུང་ཐུང་། 《རྒྱང་འགྲིམས་ཀྱི་ལོ་ཟླ་དང་ཨ་ཅག་སྤེན་སྒྲོན》

རྟ་མགྲིན་འཚོ། ཕ་ཡུལ་རེབ་གོང་རྒྱལ་པོ་ནས་ཡིན། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་བོད་སྐད་ཡིག་རྩོམ་རིག་སློབ་བཞིན་མཆིས། དགའ་ཕྱོགས་ཐད་རྩོམ་རིག་ལ་དགའ་ཞིང་སྒོས་སུ་བརྩམས་སྒྲུང་ལ་ཤིན་ཏུ་མོས།

བྱ་དགའ་རག་པའི་མྱོང་ཚོར།

ཐོག་མར་འགྲན་སྡུར་འདིའི་མགོ་མཇུག་བར་གསུམ་ལ་ལུས་ཤུགས་སེམས་ཤུགས་གང་མང་བཏོན་ཡོད་པའི་གཙོ་སྒྲུབ་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

ང་ལ་མཚོན་ན་བརྩམས་སྒྲུང་ཀློག་པ་ནི་ནང་སེམས་ཀྱི་ངལ་གསོ་དང་ལོངས་སྤྱོད་ཅིག་ཡིན་པར་མ་ཟད། གཉིད་མི་ཁུག་པའི་མཚན་གཞུང་རིང་མོ་ལ་བརྩམས་སྒྲུང་ཀློག་པ་ནི་ངའི་འཚོ་བའི་གོམས་གཤིས་སུ་གྱུར་ཡོད། ཡིན་ནའང་། བརྩམས་སྒྲུང་འབྲི་བ་ནི་དེ་འདྲའི་ལས་སླ་བོ་ཞིག་མ་ཡིན་ཏེ། མ་བྲིས་གོང་གི་བློས་བསླངས་དང་ཡི་གེར་འགོད་དུས་ཀྱི་གཟབ་ནན། ཡིག་ཐོག་ལ་ཕབ་ཚར་རྗེས་ཀྱི་རྫོགས་མཐའ་མེད་པའི་དག་བཅོས། སྒོས་སུ་ང་ལ་མཚོན་ན་སྒྲུང་ཐུང་ཞིག་ཡིག་ཐོག་ཏུ་ཕབ་པ་ལའང་རང་ཉིད་ཁོ་ནར་དབང་པའི་དུས་ཚོད་དང་ཁོར་ཡུག་ངེས་ཅན་ཞིག་དགོས་ཀྱིན་འདུག ཡིན་ནའང་ཐེངས་འདིའི་འགྲན་ཞུགས་རྩོམ་ཡིག《རྒྱང་འགྲིམས་ཀྱི་ལོ་ཟླ་དང་ཨ་ཅག་སྤེན་སྒྲོན》ཟེར་བ་འདི་ནི་ད་ལོའི་དབྱར་གནང་སྐབས་སུ། ཕ་ཡུལ་དུ་དབྱར་སྟོན་གྱི་འདུ་འཛིའི་ཁྲོད་བྲེལ་མ་འཚུབ་ཀྱིས་བྲིས་ཚགས་བྱུང་བ་ཞིག་ཡིན་པས། ཐོག་མའི་བློས་བསླངས་ཡག་པོ་བྱེད་ཐུབ་མེད་ལ། མཇུག་ཏུ་དག་བཅོས་ཀྱང་ལན་གཉིས་ཙམ་ལས་བྱས་མེད། དེ་བས། ད་ལྟ་སྒྲུང་ཐུང་དེར་ཕྱིར་ལྟ་དུས་ཁ་གསབ་དང་ལེགས་བཅོས་བྱེད་དགོས་ས་མང་ཙམ་འདུག

ཡིན་ནའང་རྩོམ་འདི་ལ་ད་ལོའི་རྒྱལ་ཡོངས་སྒྲུང་ཐུང་འགྲན་སྡུར་གྱི་བྱ་དགའ་ཨང་གཉིས་པ་ཐོབ་འདུག་ཟེར། འདི་ནི་ང་ལ་མཚོན་ན་འཕྲིན་བཟང་ཞིག་ཡིན་ངེས་ལ་གནོན་ཤུགས་ཞིག་ཀྱང་རེད། འཕྲིན་བཟང་ནི་ངའི་ཚིག་སྐྱོན་སྤུངས་པའི་ཡིག་ཚོགས་དག་ལའང་ཀློག་མཁན་རེ་གཉིས་འབྱུང་སྲིད་ངེས་རེད། འོན་ཀྱང་ངས་རང་ཉིད་ཀྱི་འཚོ་བ་དང་། སེམས་ཚོར་གང་མང་ཞིག་མཚོན་བྱེད་དུ་བྲིས་པའི་རྩོམ་ཐུང་དེ་དག་གིས་བྱ་དགའི་ཟུང་འདི་འདྲ་ཆེན་པོ་ཞིག་ཐེག་ནུས་མིན་ལ་ཐེ་ཚོམ་དང་དོགས་སློང་བྱེད་མཁན་གང་མང་ཞིག་ཡོད་སྲིད་པས། ད་དུང་མུ་མཐུད་དུ་རྩོམ་འབྲིའི་ཐད་ལ་འབད་པ་དང་རྒྱུན་འཁྱོངས་བྱེད་དགོས་འདུག

དཔྱད་འདེམ་པ་ཆོས་སྐྱོང་གིས་གནང་བའི་དཔྱད་གཏམ།

གཏམ་རྒྱུད་ཀྱི་ནང་དུ་གཏམ་རྒྱུད་གཞན་ཞིག་དྲངས་ཏེ། མི་སྣའི་ཁ་བརྡ་ལས་ཕྱིར་དྲན་གྱི་ལོ་རྒྱུས་གྲུབ་ཅིང་། སྒྲུང་གཏམ་གྱི་བརྗོད་པ་ལས་དངོས་ཡོད་ཀྱི་གནས་བབ་ཕྲིས་པ་གཉིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་སོང་འདུག རབ་བརྟན་ནམ་ཨ་ཁུ་ཡར་འཕེལ་གྱི་སྐྱིད་ལ་སྡུག་པའི་མི་ཚེ་རིང་མོ་དེ་སྒྲུང་ཐུང་ཞིག་གི་རྒྱ་ཁྱོན་དུ་བཅུག་པར་མ་ཟད། ཚིག་གི་རྒྱས་བསྡུས་དང་འགྲོས་ཀྱི་མྱུར་བུལ། དོན་གྱི་ལྕི་ཡང་བཅས་རྟ་མཆོག་གི་ལུས་ལྟ་བུའི་མཛེས་ཉམས་ཀྱིས་ཀུན་ནས་ཁྱོགས་སོ།།

གཅིག

  2020ལོའི་ཟླ7པའི་ཚེས7ཉིན་གྱི་ཕྱི་དྲོ་དེར།ངས་གྲོང་ཁྱེར་འདིའི་བས་མཐའ་ནས་ཨ་ཁུ་ཡར་འཕེལ་དང་དུས་བཏབ་སྟེ།ཁོང་གི“ཨ་ཅག་སྤེན་སྒྲོན”སྣུམ་ཚོན་རི་མོ་ཁང་དུ་ཁོའི་རྒྱང་བཞུད་ཀྱི་ལོ་ཟླར་ལབ་གླེང་ཞིབ་རྒྱས་ཤིག་བྱས་པ་ཡིན།ཕྱི་དྲོའི་ཉི་འོད་སྙོམ་ལེ་བ་དེའི་འོག་ཏུ།ཁང་མིག་ནང་གི་སྣུམ་ཚོན་རི་མོ་དག་སྔར་བས་བཀྲག་མདངས་རྒྱས་ཤིང་མིག་ལ་མཛེས་སྡུག་གིས་འཚེར།ལྷག་པར་རབ་གསལ་ཁ་ན་ཁེར་བཅད་དུ་བཞུགས་པའི་སྣུམ་ཚོན་རི་མོ་དེ་ལས་ཨ་ཅག་སྤེན་སྒྲོན་ལགས་བསླུག་བསླུག་ཏུ་འཛུམ་བྱུང་བས།ང་རང་དབང་མེད་དུ་གང་ཞིག་ལ་འཁྱམས་ཤིང་དེའི་མོད་ལ།ཁོས་གཞི་ནས་ངག་སྒོ་ཕྱེ་བྱུང་།དེ་བས།ངས་ཀྱང་རང་སེམས་སྐྱ་མོ་གདན་དུ་བཏིང་ཞིང་རང་བློ་དཀར་མོ་དགུང་ལ་འཐེན་ཏེ་ཁོའི་རྒྱང་བཞུད་ཀྱི་ལོ་ཟླར་ཉན་དགོས་བྱུང་།སྐད་ཅིག་མ་དེར།ཁོའི་འཇམ་ཞིང་ལྷོད་པའི་ངག་བགྲོས་དང་ལྷན་དུ།ངའི་ནང་སེམས་ཀྱི་ནམ་མཁའ་རུ་གཤོག་ཡ་བོར་བའི་རྒོད་པོ་ཁེར་འགྲོ་མ་ཞིག་དལ་གྱིས་འཕུར་ཡོང་།

  ཁོའི་ལྷེམ་ལྷེམ་དུ་འགུལ་བཞིན་པའི་མཆུ་སྒྲོས་ལས“རང་ཉིད་རང་གི་མགོན་ཡིན”ཞེས་ལབ་ཡོང་དུས།ངས་གཉེར་རིས་ཀྱིས་ཁེངས་ཤིང་ཉི་འོད་ཀྱིས་གཙེས་ཏེ་སྨུག་པོར་གྱུར་འདུག་པའི་ཁོའི་གདོང་ལ་ཅེར་ཡོད།ཡང་ཁོས་ངའི་མིག་ཟུང་ལ་ལྟ་ཙམ་བྱས་རྗེས།མུ་མཐུད་དུ་རྒྱང་འགྲིམས་ཀྱི་ལོ་ཟླ་རིང་མོ་དེ་གླེང་བྱུང་།སྟོད་ཉི་མ་ལྷ་སའི་ཇོ་བོ་ལ་ཐོད་པ་ལན་གཅིག་གཏུག་རྒྱུ་ནི་ཁོས་སྟོན་པའི་ན་བཟའ་ཕུད་རྗེས་ཀྱི་འདུན་པ་དང་པོ་ཡིན་ཟེར།ངས་ཁོང་དགོད་དང་བཅས་ཏེ་སྡོམ་པ་ཤོར་རྗེས་ཇོ་བོར་ཐོད་པ་གཏུག་པས་མཐོལ་ལོ་གཤག་ཏུ་འགྱུར་ག་ལ་སྲིད་ཅེས་ཁོ་ལ་དགག་ལན་ཚ་པོ་ཞིག་སྤྲོད་གྲབས་བྱས་མོད།ཁོའི་དྭངས་གསལ་གྱི་མིག་ཟུང་ལས་སྟོད་ཉི་མ་ལྷ་སའི་འཇའ་ཚོན་དང་།བར་སྐོར་སྐོར་ལམ་གྱི་ཨ་ཅག་སྤེན་སྒྲོན་ལགས་བཞད་པའི་འཛུམ་འོད་འཚེར་འཚེར་དུ་འཕྲོས་བྱུང་བས།ངའི་ངག་སྒོ་མི་བསྡམས་ག་མེད་བྱུང་།

  ཁོས་ལབ་པ་ལྟར་ན།དེ་དུས་ཁོ་རང་ཕོ་ལོ་ཉེར་གསུམ་ཡིན་ཞིང་།“རབ་ཏུ་བྱུང་ནས་ལོ་བཅུ་འགོར་མ་ཐག་ཡིན།ཏག་ཏག་ལོ་དེའི་སྟོན་ཁར་ངས་སྟོན་པའི་ན་བཟའ་ཕུད་དེ་མི་སྐྱའི་སྡེ་རུ་ཚུད་ཅི་ཐུབ་བྱས་པ་ཡིན”ཟེར།ང་ཡིས་མཚར་སྣང་དང་བཅས་ཏེ“དེ་ནི་ཨ་ཅག་སྤེན་སྒྲོན་ལགས་ཀྱི་ཆེད་དུ་ཡིན་ནམ”ཞེས་དྲིས་པ་ན།ཁོ་རང་ལྷུག་པར་འཛུམ་ཙམ་བྱེད་ཞོར“དེ་ག་ལ་ཡིན།དེ་དུས་ཨ་ཅག་སྤེན་སྒྲོན་ཟེར་བ་ཞིག་མི་ཡུལ་འདིར་འཚོ་གཞེས་གནང་ཡོད་པ་ལའང་ཆ་འཇོག་ཅི་ཡང་མེད”ཅེས་བཤད་རྗེས།རེ་ཞིག་མགོ་བོ་དུད་ཅིང་ངག་སྒོའང་བཅད་དེ་གང་ཞིག་ཕྱིར་དྲན་གྱི་ཀློང་དུ་འགུག་བཞིན་མཆིས།

གཉིས།

  “ང་རང་ལོ་བཅུ་གསུམ་ལ་སོན་པའི་ལོ་སར་གྱི་ཕྱི་ཉིན་དེར།ངའི་ཕ་ལོ་དགའ་ལྡན་པོས་སྔ་མོ་ནས་གླེང་བཞིན་པའི་འཆར་གཞི་འགངས་ཆེན་ཞིག་ལག་བསྟར་གནང་བྱུང་།དེ་ནི་ང་རང་སྡེ་བའི་སྒར་ཁར་ཁྲིད་དེ།ཨ་ཁུ་མགོ་རག་ཅིག་གི་མདུན་ནས་སྟོན་པའི་ན་བཟའ་ངུར་སྨུག་ཆ་ཚང་ཞིག་བླངས་པར་མ་ཟད།ང་རང་འདང་རྩིས་ཆེ་བའི་ལྟག་རྒྱབ་ཀྱི་ལན་བུ་ཕྲ་མོ་དེ་ཡང་ཡེ་ནས་བཅད་བྱུང་།ཉིན་མོ་དེ་ནས་བཟུང་།ཁོ་ཚོས་ང་རང་མི་གཞན་ཞིག་ཏུ་རྩི་བཞིན་མཆིས་ལ།དེ་སྔོན་གྱི་ང་རང་དྲན་པའི་བང་རིམ་ནས་བོར་ཟིན་པ་འདྲ།སྒོས་སུ་ངས་རང་ཉིད་ཀྱི་མཚོན་བྱེད་དུ་སྒོམ་པའི་རུས་མིང‘རབ་བརྟན’ཞེས་པའང་།ཉིན་དེ་ནས་བཟུང་འབོད་མཁན་གཅིག་ཀྱང་མ་བྱུང་ལ།ཐ་ན་ཨ་མས་ཀྱང་ང་ལ‘ཡར་འཕེལ’ཞེས་པའི་མིང་གསར་པ་དེ་ནས་བོས་བྱུང་།”

  “ཡིན་ནའང་ང་ནི་སྔར་བཞིན་ང་ཡིན་ཏེ།འགྱུར་བ་ཕྲན་ཙམ་ཡང་བྱུང་མེད།གལ་སྲིད་ངེས་པར་འགྱུར་ལྡོག་ཅིག་བགྲང་དགོས་ཚེ།དེ་ནི་ངའི་ལྟག་རྒྱབ་ཀྱི་ལན་བུ་སྙིང་རྗེ་མོ་དེ་མི་སྣང་བར་གྱུར་པ་ཁོ་ན་ཡིན་ངེས།སྒོས་སུ་ང་རང་སློབ་གྲྭར་འགྲིམས་དུས་ནས་པྲ་ཚགས་ཆེ་ཞིང་སློབ་ལ་བརྩོན་པ་མེད་པར།སློབ་ཁང་དང་སློབ་རའི་གྱང་ངོས་ག་ས་གང་དུ་རི་མོ་སྣ་ཚོགས་འབྲི་བར་དགའ་བས།དགེ་རྒན་གྱིས་བཀའ་བཀྱོན་གནང་སའི་གཏེ་བོའི་གྲས་ཡིན།དགོན་པར་ཕྱིན་ནའང་སྔར་བཞིན་པྲ་ཚགས་ཀྱི་རང་གཤིས་མཁྲེགས་སུ་བཟུང་ལ།སྐྱོར་ཀློག་བྱེད་དུས་ཀྱང་མེ་ཏོག་རེའམ་འབའ་འབུ་རེ་གཉིས་ཀྱི་གཟུགས་བརྙན་ཤོག་ངོས་སུ་འབྲི་བར་གཡེང་བས།ཨ་ཁུས་རྟག་པར་དབྱུག་སྣེ་ཡིས་ངའི་མགོ་ལ་གཏག་བཞིན་ཡོད།”

  “ཡིན་ནའང་།དགོན་གནས་དེ་ག་རུ་ངས་དེ་ལྟར་མི་ལོ་བཅུ་ལྷག་གི་ཕ་མཐའ་བསྐྱལ་ཟིན།རིང་རྒྱུ་མེད་པའི་མི་ཚེ་གཅིག་ལ་མཚོན་ན་ལོ་ངོ་བཅུ་ནི་ཅིས་ཀྱང་ཐུང་ཐུང་ཞིག་ག་ལ་ཡིན།འོན་ཏེ།ལོ་དེའི་སྟོན་ཁར་ང་རང་དངོས་གནས་དགོན་སྡེ་དང་གྱེས་ཁ་བཞག་སྟེ་རྒྱང་འགྲིམས་ཀྱི་ལོ་ཟླར་བསྙེགས།དོན་དམ་དུ་རྒྱང་འགྲིམས་དེ་ནི་ངས་རང་ཉིད་འཚོལ་བའི་འགྲུལ་བཞུད་ཅིག་ཡིན་ངེས་ཏེ།ངས་རང་སེམས་རང་ལ་གསལ་ཞིང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་བྱས་རྗེས།ངས་གཞི་ནས་དམ་ཚིག་གཅིག་གི་རྡོ་རྗེ་སྤུན་གྲོགས་དག་ལ་གྱེས་ཕྱག་བཙལ་ཅིང་།རང་ཉིད་ཀྱི་ལོ་ངོ་བཅུ་ལྷག་གི་ཉིན་མཚན་བསྐྱལ་སའི་སྒར་ཆུང་གྲུ་བཞི་མ་ལའང་གྱེས་ཕྱག་ཕུལ།”

  “དོན་དམ་དུ།རྒྱང་བཞུད་ཀྱི་ལམ་བུ་ནི་ང་ལ་མཚོན་ན་ཤི་གསོན་དང་ཉེན་མཆོང་གི་ལམ་བུ་ཞིག་དང་གཉིས་སུ་མི་འདུག་ལ།སྒོས་སུ།སྨག་ནག་པའི་མཚན་མོ་དེར་ངས་སྒར་ཆུང་གྲུ་བཞི་རྒྱབ་ཏུ་བསྐྱུར་ཏེ་ལག་སྟོང་མཆན་སྟོང་ངང་གྲོང་ལ་ཆས་དུས།རྒྱབ་རོལ་གྱི་རི་ལུང་དང་ནགས་ལུང་ནས་མཆེད་ཡོང་བའི་སྤྱང་ཚོགས་ཀྱི་ཆོ་ངེ་དག་ནི།ད་ལྟ་དྲན་ནའང་བ་སྤུ་ལྡང་ཞིང་རྣ་ཁ་འགེབས་དགོས་པ་ཞིག་རེད།དེ་དུས་ངས་རང་ཉིད་རྫ་མགོའི་དབེན་གནས་དེ་དང་གྱེས་ཁ་བཞག་པ་ནི་དོན་ལ་རང་ཉིད་སྤྱང་ཚང་ལ་མཆོང་བ་རེད་སྙམ་མོད།འོན་ཀྱང་ནང་སེམས་ཀྱི་ཟབ་ས་ཞིག་ནས་ངའི་གོམ་ཁ་མདུན་ནས་མདུན་ལ་དྲངས་པས།ཕྱིར་ལྡོག་གི་ལམ་འཕྲང་ལ་ཕྱིར་མིག་ལན་གཅིག་གནང་བའི་སྐལ་བའང་ཡེ་ནས་འགགས།”

  “ཕྱི་ཉིན་གྱི་སྐྱ་རེངས་མགོ་མ་བཀྱགས་པའི་མཚམས་ལ་ང་རང་རྫོང་ཐོག་ཏུ་འབྱོར་མོད།གནས་དེ་རུ་ངོ་ཤེས་འདྲར་ཨེ་ཐུག་བསམས་ནས་ཡུན་རིང་འདུག་མ་ཕོད།དེའི་མཚམས་ལ་སྟབས་ལེགས་ཏེ་ཟི་ལིང་གྲོང་ཁྱེར་དུ་འགྲོ་བའི་དངོས་སྐྱེལ་རླངས་འཁོར་མཐོན་པོ་ཞིག་དང་འཕྲད་པས།དེ་དང་ལྷན་དུ་ཟི་ལིང་གྲོང་ཁྱེར་ལ་ཕྱིན།ཡིན་ནའང་།གནས་དེར་ཐོན་རྗེས་ཁ་ལོ་བས་ང་ནི་ལག་སྟོང་མཆན་སྟོང་ཙམ་ཡིན་པ་ཤེས་རྗེས།ཁོས་ང་ལ‘ཁྱོད་ནི་སྟོན་པའི་ན་བཟའ་མནབས་མཁན་ཞིག་མིན་ཚེ།ངས་ཅིས་ཀྱང་ཁྱོད་རང་དགར་འགྲོ་རུ་འཇུག་མི་སྲིད་དེ།མ་མཐའ་ཡང་གྱོ་མོག་སྟོང་གཉིས་པོ་འདི་དག་མར་སྐྱེལ་རོགས་བྱེད་དུ་བཅུག་སྟེ་གླ་རྔན་གྱི་ཚབ་བྱེད་དུ་འཇུག་ངེས’ཞེས་ལབ་བྱུང་བས།ངས་རང་ཉིད་ནི་སྟོན་པའི་རྗེས་འབྲང་རྣལ་མ་ཞིག་ཡིན་དོད་ཀྱིས་ཁོང་ལ་ཐུགས་རྗེ་ཆེ་ཞུས་རྗེས།གཞི་ནས་ཁོང་དང་ལྷན་དུ་སྐྱེལ་འདྲེན་རླངས་འཁོར་དེའི་ནང་གི་སོ་ཕག་དག་མར་ཕོག་པ་ཡིན།”

  “མར་ཕོག་ཚར་དུས།ཉི་འོད་ཀྱིས་ངེད་གཉིས་ཀྱི་སྤྱི་གཙུག་ནས་ཚ་གདུག་གིས་གཙེས་ཏེ།ཁ་ལོ་བ་དང་ངེད་གཉིས་ཀྱང་རྔུལ་ཆུས་ཡོངས་སུ་བརླན་ཞིང་ངལ་དུབ་ཀྱིས་མནར་ཏེ་ལྟོ་བའང་སྟོང་ལྷང་ལྷང་དུ་གྱུར།དེ་མུར་ངེད་གཉིས་ཀྱིས་དེ་ག་རུ་གུང་ཇའི་དོད་དུ་བག་ལེབ་སྐྱ་ཐོ་རེ་ལ་ཆུ་ཁོལ་ཕོར་གང་འཐུང་རེས་བྱས།དེའི་མོད་ལ་ངས་རང་ཉིད་དགོན་སྡེ་དང་བྲལ་དོན་དང་ཟི་ལིང་གྲོང་ཁྱེར་དུ་ཡོང་དོན་ཇི་སྙེད་མ་གསང་མ་སྦས་པར་ཁོ་ལ་དྲང་མོར་ལབ་པས།ཁ་ལོ་བས་རེ་ཞིག་ལ་ཅི་ཡང་མི་སྨྲ་བར་བསམ་གཞིག་བཏང་མུར།‘འཁོར་བ་བག་ཕྱེ་ལས་ཀྱང་ཞིབ་ཟེར་བ་ཨེ་གོ།མི་ཚོགས་ཀྱི་གྲས་ནས་གསོན་པར་རེ་བ་ནི་ཅིས་ཀྱང་ལས་སླ་མོ་ཞིག་ག་ལ་ཡིན།སྒོས་སུ་ལྟོ་གོས་ཀྱི་སླད་དུ་གསོན་པ་ནི་དེ་བས་འུ་ཐུག་ཐབས་ཟད་ཅིག་ཡིན་ངེས’ཞེས་ཁ་བརྡ་སློབ་གསོའི་དོད་ཀྱིས་འཚོ་གནས་ཀྱི་དཀའ་ངལ་རུམ་གང་ངའི་མདུན་དུ་བྱོ་ནའང་།ངས་ནི་སྔ་མོ་ནས་སེམས་ཐག་བཅད་ཟིན་པ་ཚོར་རྗེས།ཡུལ་ཤུལ་ས་ཁུལ་དུ་ཁོའི་བཟང་ས་ཞིག་གིས་ས་ལས་བྱེད་བཞིན་ཡོད་ཚུལ་དང་།གནས་དེ་རུ་སོང་ནས་ཟླ་གྲངས་ཁ་ཤས་ལ་ཞོར་ལས་བྱས་ཚེ།ང་ལ་སྟོད་ཉི་མ་ལྷ་སར་འགྲོ་བའི་ལམ་རྒྱགས་ཙམ་རེག་ཐུབ་ཚུལ་ལབ་པས།ཉིན་དེའི་དགོང་ཁའི་མཚམས་སྤྲིན་དང་ལྷན་དུ།ངས་རང་ཉིད་ཀྱི་ལང་ཚོའི་ཁ་དོག་ཏུ་གྱུར་ཟིན་པའི་ན་བཟའ་ངུར་སྨུག་དེ་ཉིད་རེ་ཞིག་ཕུད་པ་དང་།རྒྱང་རིང་གི་ཉི་མ་ལྷ་སའི་སླད་དུ་ཡུལ་ཤུལ་ཕྱོགས་སུ་ཆས།”

གསུམ།

  ངས་ཨ་ཁུ་ཡར་འཕེལ་ངོ་ཤེས་ནས་ལོ་གཅིག་ལྷག་འགོར་ཟིན་ནའང་།དེ་རིང་ནང་བཞིན་བག་ལྷོད་ལྷོད་སྒོས་ཅི་འཕྲོས་མོལ་འཕྲོས་ཀྱི་ལབ་གླེང་རིང་མོ་ཞིག་བྱེད་པའི་སྐལ་བ་ཡེ་ནས་བྱུང་མེད་པས།ངས་ཡང་བསྐྱར་ཁོའི་གདོང་གི་ཆ་བྱད་དང་ལུས་ཀྱི་རྣམ་འགྱུར་ལ་རེ་ཞིག་ཞིབ་ཏུ་ལྟ་དགོས་བྱུང་།ཨ་ཁུ་ཡར་འཕེལ་གྱིས་ད་དུང་ངག་འཇམ་ཞིང་བག་ལྷོད་པའི་སྒོ་ནས་གང་ཞིག་ལབ་ཀྱིན་འདུགཕལ་ཆེར་ཁོ་རང་ཕོ་ལོ་ཉེར་གསུམ་ལ་སོན་པའི་སྟོན་མཇུག་དེར།ཡུལ་ཤུལ་ཞེས་པའི་འབྲོག་ཁུལ་ཞིག་ཏུ་ས་ལས་རྡོ་ལས་ཀྱི་ཞོར་ལས་བྱས་ཚུལ་གླེང་བཞིན་ཡོད་པ་འདྲ།འོན་ཏེ།བརྗོད་བྱ་དེས་ངའི་རྣ་བའི་བུ་རམ་ལ་མངར་ཁ་སྩོལ་མ་ཐུབ་པས།ངས་རང་ཉིད་ཀྱི་སྣང་བ་བྱ་རྒོད་ལ་བསྐྱོན་ཏེ།ཁོའི་གཞིས་ཁྱིམ་དུ་བགྲང་བཞིན་པའི་ཁང་མིག་དེའི་བཀོད་པ་ལ་སེམས་པ་གཡེང་།

  དུས་དེར།ཁ་གཏད་ཀྱི་གྱང་ལྡེབས་ངོས་སུ་བཀལ་ཡོད་པའི་སྣུམ་ཚོན་རི་མོ་དེ་ངའི་མཐོང་ལམ་དུ་མངོན་བྱུང་ལ།དེའི་སྟེང་གི་ལྷ་སའི་བོད་མོ་དེས་གཟབ་ནན་ངང་གང་ཞིག་ལ་གཟིགས་བཞིན་པའི་མིག་མདངས་ཀྱིས་ངའི་ནང་སེམས་ཀྱི་གང་ཞིག་དཀྲོགས་པར་བྱས།ཡང་མོའི་ཚོན་ཁྲས་སྤྲས་པའི་སྐྲ་ལོའི་ལན་བུ་གཉིས་བྲང་ན་རང་ཤམ་གྱིས་དཔྱངས་ཡོད་པ་དེ།མདུན་གྱི་པང་ཁེབས་ཁྲ་མོའི་ཁ་དོག་དང་སྡེབ་འགྲིག་པས་སྔར་བས་ཡིད་འཕྲོག་པར་སྣང་།དེ་འཕྲལ་ངས་སླར་ཡང་རབ་གསལ་གམ་ན་ལག་ཏུ་བག་ལེབ་སྒོར་མོ་ཞིག་བཟུང་ཞིང་།གདོང་ལ་འཛུམ་གྱིས་ཁེངས་པའི་སྣུམ་ཚོན་རི་མོ་དེར་ལན་གཅིག་བལྟས་པ་ན།སྣུམ་ཚོན་རི་མོ་དེའི་ཁྲོད་ཀྱི་བུད་མེད་དེའང་མ་གཞི་ངའི་ཁ་གཏད་ཀྱི་རི་མོ་འདིའི་ནང་གི་ལྷ་སའི་བོད་མོ་དེ་ཡིན་པ་འདྲ།

  དེ་བས་སྐད་ཅིག་མ་དེར་ངས་རང་ཉིད་ཀྱི་རྣམ་ཤེས་ཚོགས་དྲུག་གནད་གཅིག་ཏུ་བསྡུས་ཏེ།ཞིབ་ཕྲའི་ངང་རི་མོ་དེ་གཉིས་ལ་གཤིབ་སྡུར་ལན་གཅིག་བྱེད་དགོས་བྱུང་།རབ་གསལ་གམ་གྱི་རི་མོ་དེའི་སྟེང་དུ་མོ་རང“ཁ་མ་བགད་གོང་ལ་མིག་འཛུམ་འདུག”ཅེས་པ་ལྟར།དམར་ལ་རློན་ཤ་ཆགས་པའི་མཆུ་སྒྲོས་ཅུང་འཛུམ་ཙམ་དང་སྒོར་ལ་གནག་པའི་མིག་ཟུང་ལས་བརྩེ་བས་བརྟས་པའི་དྲོད་ཁོལ་ཞིག་མཆེད་འོང་།ད་དུང་ལག་ཏུ་བཟུང་ཡོད་པའི་བག་ལེབ་སྒོར་མོ་ལས་རླངས་པ་ཐོལ་ཐོལ་བྱེད་པའི་རྣམ་པ་དང་།སྐྲའི་ལན་བུ་གཉིས་ཕྱིར་མགོ་ལ་དཀྲིས་ཡོད་པས་ག་ཤེད་ཅིག་ནས་སྨིན་ཐག་ཆོད་པའི་འོད་སྣང་ཞིག་སེར་ལམ་ལམ་དུ་འཚེར་ཡོང་།

  དེ་འཕྲལ་ཁོ་རང་ཡང་ཕྱིར་དྲན་ཀློང་གི་ལོ་ཟླ་ལ་རོལ་མཚམས་བཞག་སྟེ།ངའི་རྣམ་འགྱུར་དང་མཚར་སྣང་ལ་ཧད་ནས་འདུགངས་གླགས་དེ་དང་བསྟུན་ནས“ཁ་གཏད་ཀྱི་རི་མོ་འདིའང་ཨ་ཅག་སྤེན་སྒྲོན་ལགས་ཡིན་ནམ”ཞེས་མགོ་རྔ་མེད་པའི་དྲི་བ་ཞིག་དྲིས་པས།ཁོས་ཀྱང་རེ་ཞིག་ལན་ཇི་ལྟར་ལྡོན་དགོས་པ་མ་ཤེས་པར།མགོ་བོ་ཕྱིར་འཁོར་ཏེ་རྒྱབ་རོལ་གྱི་སྣུམ་ཚོན་རི་མོ་དེར་ལན་གཅིག་བལྟས་རྗེས།མཆུ་ཟུང་འགུལ་ཙམ་འགུལ་ཙམ་བྱས་མཐར“འོ་ལེ······ཁང་མིག་འདིའི་ནང་གི་རི་མོ་ཚང་མ་མོ་རང་ཡིན།དེ་བས་ངའི་རྡོ་ཁང་གྲུ་བཞི་འདིའི་སྒོ་བྱང་ལའང‘ཨ་ཅག་སྤེན་སྒྲོན’ཞེས་བཏགས་ཡོད་ཡ”ཞེས་ལབ་བྱུང་།

བཞི།

  རབ་གསལ་གམ་ན་གཅིགངའི་ཁ་གཏད་ན་གཅིགའགྲམ་ལོགས་ཀྱི་གྱང་ལྡེབས་ན་གཉིས།ཡང་ཕུགས་ཀྱི་ལྡེབས་ངོས་ན་གསུམ།ཁང་དཀྱིལ་གྱི་སྟེགས་སྒྲོམ་དེའི་ཕྱོགས་བཞི་ན་བཞི།སྒོའི་ནང་ངོས་དང་ལོགས་ཀྱི་གྲུ་ཟུར་ན་གཅིག་རེ་བསྡོམས་པས་སྣུམ་ཚོན་རི་མོ་བཅུ་གསུམ་འདུགཁང་མིག་འདིར་ལུས་ཀྱི་ཆ་བྱད་དང་གྱོན་གོས་མི་འདྲ་བའི་ཨ་ཅག་སྤེན་སྒྲོན་བཅུ་གསུམ་བཞུགས་འདུགའོ······མ་རེད།ད་དུང་ཚོན་བྱུགས་མེད་པར་ལས་འཕྲོར་ལུས་ཡོད་པ་དེ་དང་བཅུ་བཞི་འདུག

  ཁོས་ང་ཁྲིད་དེ་ཁང་མིག་འདིའི་ནང་གི་སྣུམ་ཚོན་རི་མོ་ཡོངས་ངོ་སྤྲོད་ལན་གཅིག་གནང་རྗེས།ངས་དེ་ལྟར་རྩིས་གྲངས་ཤིག་མི་ལེན་ག་མེད་བྱུང་།ཁོས་ལབ་པ་ལྟར་ན།རི་མོ་དེ་དག་གི་ཐོག་མའི་སྐྱ་ཐིག་ནས་བར་གྱི་འབྲི་བཞེངས་དང་ཐ་མའི་ཚོན་བྱུགས་པའི་ལས་ཚེགས་ཇི་སྙེད།ཁོས་དངོས་སུ་གཟབ་ནན་དང་ཞིབ་ཆ་དོད་པོའི་ངང་རེ་རེ་བཞིན་བྲིས་པས།རྒྱུན་གཏན་གྱི་ལས་ཀའི་བར་གསེང་ནས་དེ་འདྲའི་རི་མོ་གཅིག་ལེགས་འགྲུབ་འབྱུང་བར་མ་མཐའ་ཡང་ལོ་གཅིག་རེ་དགོས་ཟེར།“དེས་ན་ཏག་ཏག་ལོ་ངོ་བཅུ་བཞི་མིན་ནམ།ཁྱེད་དང་ཨ་ཅག་སྤེན་སྒྲོན་གཉིས······”ངའི་ངག་སྒོ་ནས་རང་དབང་མེད་པར་ཚིག་འདི་འདྲ་ཞིག་ཤོར་སོང་བས།ཁོ་རང་སྐད་ཅིག་ཉིད་ལ་གྲག་མེད་དུ་གྱུར་མོད།ཡུན་ཙམ་འགོར་རྗེས།ཁང་མིག་དེའི་ནང་གི“ཨ་ཅག་སྤེན་སྒྲོན”རྣམས་ལ་ཕྱིར་མིག་ལན་གཅིག་གནང་ཞིང་།དོན་གང་ཞིག་ལ་སེམས་ཐག་བཅད་པ་ལྟར་ཨམ་གཙུགས་ཤིག་བསྡམས་རྗེས།དབུགས་རིང་ཞིག་འབྱིན་ཞོར་དུ“རེད།ད་ལོ་འགོར་ན་དངོས་གནས་ལོ་ངོ་བཅུ་བཞི་རེད།ཨ་ཅག་སྤེན་སྒྲོན་ལགས་མི་ཡུལ་འདི་དང་བྲལ་ནས་ལོ་ངོ་བཅུ་བཞི་འགོར་སོང་།ཧུ”ཞེས་ལབ་བྱུང་།

  མཚམས་དེར།སྒོ་གླགས་ནས་ན་གཞོན་ཕོ་མོ་གཉིས་ཀྱིས་ལག་རྡང་སྦྲེལ་ཏེ་ཁང་མིག་དུ་འཛུལ་ཡོང་།དེ་གཉིས་ཀྱི་གདོང་གི་འཛུམ་མདངས་དང་ཕན་ཚུན་དམ་དུ་སྦྲེལ་བའི་ལག་རྡང་ལས།ན་གཞོན་ཕོ་མོ་དེ་གཉིས་ནི་གཉེན་སྒྲིག་བྱེད་ལ་ཉེ་བའམ།ཡང་ན།དེ་གཉིས་ཀྱི་བར་དུ་བརྩེ་འདང་གི་འོ་མཚོ་འཁྱིལ་འདུག་པ་སུས་ཀྱང་རྟོགས་སླ།དེ་འཕྲལ་ཁོས་གཞོན་ནུ་དེ་གཉིས་བསུ་མའི་དོད་དུ་མདུན་ལ་གོམ་འགའ་སྤོས་པ་ན།གཞོན་ནུ་མ་དེས“ཨ་ཁུ་ཡར་འཕེལ་ལ་འགྲུལ་བ་ཡོང་ཡོད་ཀ”ཞེས་བཤད་རྗེས།གམ་གྱི་གཞོན་ནུའི་ལག་ནས་འདྲ་པར་འགའ་བླངས་ཏེ་ཨ་ཁུ་ཡར་འཕེལ་ལ་བསྟན།

  “འདྲ་པར་འདི་གསུམ་པོ་གློག་རྡུལ་གྱིས་སྣུམ་ཚོན་རི་མོར་ཕབ་དགོས་སམ།”ཁོས་འདྲ་པར་དེ་དག་ལ་ལྟ་ཞོར་དེ་ལྟར་དྲིས།

  གཞོན་ནུ་མས“ཡིན་ལགས།འོན་ཀྱང་འདིའི་ཁྲོད་ཀྱི་འདྲ་པར་གཅིག་གློག་རྡུལ་མ་ཡིན་པར།ཁྱེད་ཀྱིས་དངོས་སུ་འབྲི་ཨེ་ཐུབ་བམ།འུ······ཨ་ཅག་སྤེན་སྒྲོན་ལགས་ནང་བཞིན……”ཞེས་དྲིས་པ་ན།“དེ་མི་ཆོག་རྒྱུ་མེད་མོད།ལག་བྲིས་ཀྱི་སྣུམ་ཚོན་རི་མོར་གླ་དངུལ་ཅུང་མཐོ་བར་མ་ཟད།ཉུང་མཐའ་ཡང་ཟླ་ངོ་འགའ་ལ་བསྒུག་དགོས་འདུག”ཨ་ཁུ་ཡར་འཕེལ་གྱིས་དེ་ལྟར་ལན་བཏབ་པ་ན།གཞོན་ནུ་མ་དེས“དུས་ཡུན་ལོ་གཅིག་ནང་འགྲུབ་ན་ཆོགངེད་གཉིས་ཀྱིས་ལོ་གཅིག་གི་རྗེས་ནས་གཉེན་སྟོན་བྱེད་རྩིས་ཡོད་པས།དེ་དུས་བར་དུ་འགྲུབ་ན་ཆོག”ཟེར།

  ཨ་ཁུ་ཡར་འཕེལ་གྱིས་ཡང་བསྐྱར་འདྲ་པར་དེ་གསུམ་པོར་རེ་རེ་བཞིན་ལན་གཅིག་བལྟས་རྗེས།གཞོན་ནུ་ཕོ་མོ་གཉིས་ལ་གཏད་དེ་འདྲ་པར་གསུམ་པོ་ལས་གང་ཞིག་ལག་བྲིས་བྱེད་དགོས་པ་དྲིས་པ་ན།གཞོན་ནུ་དེས་ཅུང་ཐེ་ཚོམ་དང་བཅས་ཏེ“པོ་ཏ་ལའི་མདུན་གྱི་མཉམ་པར་དེ་བཟང་བ་འདྲ”ཞེས་བཤད།དེ་འཕྲལ་གཞོན་ནུ་མས་ཀྱང་བསམ་བློ་གཏོང་ཙམ་བྱས་རྗེས“ངས་བལྟས་ན།ངེད་ཚང་གི་ལྷས་རའི་སྦྲ་འདབས་ན།སློག་པ་ཆ་འགྲིག་གྱོན་ཡོད་པའི་མཉམ་པར་དེ་བཟང་བ་འདྲ”ཞེས་བཤད་པས།ཁོ་གཉིས་ཀྱིས་ཡང་བསྐྱར་འདྲ་པར་དག་ལ་རེ་རེ་བཞིན་ཞིབ་ལྟ་ཞིག་བྱེད་དགོས་བྱུང་།ཡིན་ནའང་ཁོ་གཉིས་ཀྱིས་རང་རང་གི་ལྟ་བ་མཁྲེགས་འཛིན་བྱས་པས།གློ་བུར་གཞོན་ནུ་མས་གཞོན་ནུ་དེར་སྡང་མིག་ཅིག་བགྲད་རྗེས།ཅི་ཡང་མི་སྨྲ་བར་འདྲ་པར་གསུམ་པོ་ཁྱེར་ནས་ཕྱིར་བུད་སོང་།དེ་རྗེས་གཞོན་ནུ་དེས་ཀྱང་བྲེལ་འཚུབ་ངང་ཨ་ཁུ་ཡར་འཕེལ་ལ་གཏད་དེ“ངེད་གཉིས་ཀྱིས་དེ་རིང་སོང་ནས་གྲོས་ཤིག་བྱས་རྗེས།སང་ཉིན་ཁྱེད་ལ་འདྲ་པར་དག་ཕྱིར་ཁྱེར་ཡོང”ཞེས་ལབ་ཞོར།གཞོན་ནུ་མའི་རྗེས་བསྙེགས་ཏེ་ཁང་མིག་ལས་སྒོར་བརྒྱུགས།

  མཚམས་དེར།ང་རང་ཕྱིར་རབ་གསལ་གམ་གྱི་འདུག་གནས་ལ་ཕྱིན་ནས།རབ་གསལ་ཕ་རོལ་གྱི་གྲོང་ཁྱེར་དེའི་ས་སྲོད་མཐོང་ལམ་ལ་འགུག་བཞིན་པའི་མོད་ལ།ཨ་ཁུ་ཡར་འཕེལ་གྱིས་ཀྱང་གཞོན་ནུ་དེ་སྐྱེལ་མ་བྱས་རྗེས།ཕྱིར་རབ་གསལ་གམ་གྱི་འདུག་གནས་སུ་སླེབས་བྱུང་།

ལྔ།

  གྲོང་ཁྱེར་དེའི་ས་སྲོད་ནི་བྲེལ་འཚུབ་དང་འུར་ཟིང་ཁྲོད་མཚན་མོ་ལ་ཆས་བཞིན་ཡོད་ནའང་།རབ་གསལ་ལས་མངོན་དུ་གསལ་བའི་དགོང་ཁའི་མཚམས་སྤྲིན་ནི་སྔར་བཞིན་བག་ལྷོད་ལྷོད་དང་།ཡིད་འཕྲོག་པར་སྣང་།ངས་མཚམས་སྤྲིན་གྱི་བང་རིམ་ནས་གང་ཞིག་ལ་དྲན་པ་གཏོར་བཞིན་པའི་སྐབས།ཨ་ཁུ་ཡར་འཕེལ་གྱིས་ཀྱང་རབ་གསལ་ནས་དགོང་ཁའི་མཚམས་སྤྲིན་ལ་ལྟ་བཞིན།གློ་བུར“ལོ་ངོ་བཅུ་གྲངས་ལྷག་གི་ཡར་སྔོན་གྱི་ས་སྲོད་དེའི་མཚམས་སྤྲིན་ཡང་།འདི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད།མཛེས་སྡུག་གི་མཚམས་སྤྲིན་དེའི་འོག་ཏུ་ངས་ཨ་ཅག་སྤེན་སྒྲོན་ལགས་ཐོག་མར་ངོ་ཤེས་བྱུང”ཞེས་བཤད་རྗེས།ངའི་རེ་བ་ལྟར།གཞི་ནས་ཁོ་དང་ཨ་ཅག་སྤེན་སྒྲོན་ལགས་གཉིས་ཀྱི་འདས་ཟིན་པའི་ལོ་ཟླ་གླེང་བྱུང་།

  “ས་སྲོད་དེར།ངས་སྟོད་ཉི་མ་ལྷ་སའི་བར་སྐོར་སྐོར་ལམ་དུ་ཁ་ལག་རེ་ཨེ་རེག་བསམས་ནས།གར་འགྲོ་གནས་ལ་ཆ་འཇོག་མེད་པར་འཁོར་བཞིན་པའི་མཚམས་ལ།བར་སྐོར་ནུབ་ངོས་ཀྱི་བར་གྱང་དེ་ན།བལྟས་ཚོད་ཀྱིས་རང་ལས་ལོ་བཅུ་གྲངས་ཀྱིས་ཆེ་བའི་ལྷ་སའི་ཨ་ཅག་ཅིག་གིས།དེ་གར་གྲལ་དུ་བསྒྲིགས་ནས་ཉིན་གང་བོར་སློང་མོ་བྱེད་བཞིན་པའི་སློང་མོ་བ་དག་ལ་ཟས་སྦྱིན་གཏོང་བཞིན་འདུགསྐད་ཅིག་མ་དེར།ཉིན་ཞག་གཉིས་ལ་ཟས་ཁམ་གང་ཡང་ཟོས་མེད་པའི་ང་རང་།སྤྱང་ལྟོགས་ཀྱིས་ཤ་རློན་མཐོང་བ་བཞིན་སེ་གོལ་གཏོགས་ཡུན་ཙམ་ལ་ཨ་ཅག་དེའི་གམ་ལ་བརྒྱུགས།ཡིན་ནའང་།རྒས་འཁོགས་ཀྱི་སྤྲང་རྒན་དེ་དག་གིས‘རང་ན་སོ་གཞོན་པ་ལ་ཁ་ལག་སློང་བར་ངོ་མི་ཚའམ།ཕར་སོང་།ངེད་ཅག་གི་སྐལ་མ་འཕྲོག’ཟེར་ནས།ངའི་ཕྱོགས་ལ་རྐང་གཡུགས་ལག་གཡུགས་བྱེད།དེ་བས་ང་རང་རེ་ཞིག་ཕྱིར་མི་འགྱེད་ཐབས་མེད་བྱུང་ལ།ནང་སེམས་ཀྱི་ག་ཤེད་ཅིག་ནས་རང་ཉིད་ལ་ཁོ་ཐག་ཆད།ཡིན་ནའང་བར་སྐོར་ལས་གཞན་པའི་གནས་གཞན་ཞིག་ལ་འགྲོ་འདོད་མ་སྐྱེས་པས།ང་རང་ཕྱིར་ཕ་གའི་སྲང་འགྲམ་དུ་ཕྱིན་ནས་ཟས་སྦྱིན་གནང་བཞིན་པའི་ཨ་ཅག་དེ་ཉིད་མཐོང་ལམ་དུ་བཀུག་ནས་བསྡད།དེ་དུས་ཀྱི་མོའི་མགོ་རུ་དཀྲིས་ཡོད་པའི་སྐྲའི་ལན་བུ་དང་ཚོན་ཁྲ་སྡེབ་མའི་པང་ཁེབས་གཉིས་ད་ལྟའང་ངའི་དྲན་པའི་ཡུལ་ངོགས་ན་གསལ་ལམ་མེར་འདུགའོ་རེད།རབ་གསལ་གམ་གྱི་རི་མོ་འདི་ནི་ངས་དེ་དུས་ཀྱི་མོ་རང་ཕྱིར་དྲན་བྱས་ཏེ་བྲིས་པ་ཡིན་ཡ།”

  “དོན་དམ་དུ་དེ་དུས་ཀྱི་ང་ནི་ཨ་མདོའི་ཡུལ་ཤུལ་ས་ཁུལ་ནས་ཟླ་གཅིག་དང་ཕྱེད་ཀ་རིང་ལ་ས་ལས་རྡོ་ལས་བྱས་མཐར།དེའི་གླ་དངུལ་ཁྱེར་ནས་སྟོད་ཉི་མ་ལྷ་སའི་ཇོ་བོ་ལ་ཐོད་པ་ལན་གཅིག་གཏུགས་རྗེས།ལས་གང་ཞིག་ལ་འཇུ་དགོས་པ་ཆ་མ་འཚལ་བར་ཟླ་ངོ་གཉིས་ལྷག་ལ་དེ་གར་འཁྱམས་ནས་བསྡད་ཡོད་དུས་ཡིན།ང་ལ་མཚོན་ན་དུས་དེ་ནས་བཟུང་རང་ཉིད་འཇིག་རྟེན་འདིར་དངོས་སུ་གསོན་ཡོད་པའི་སྣང་བ་བྱུང་ལ།ཡང་ན་ཟླ་ངོ་དེ་གཉིས་ཀྱི་རིང་ལ་ངས་ད་གཟོད་རང་ཉིད་ནི་དབུགས་ཀྱི་རྒྱུ་བ་ཆད་མེད་པའི་མི་གསོན་པོ་ཞིག་ཡིན་པའི་ངེས་ཤེས་རྙེད།ཡང་རང་ཉིད་གསོན་ཡོད་པས་མུ་མཐུད་དུ་གསོན་པའི་སླད་དུ་ཅིས་ཀྱང་ལྟོ་གོས་ལ་འབད་འབུངས་བྱེད་དགོས་པའི་ངོས་འཛིན་ཡང་ཟབ་མོ་བྱུང་ཡོད།”

  “ཡིན་ནའང་།ནང་སེམས་ཀྱི་ངེས་ཤེས་ཙམ་གྱིས་ཐུན་གཅིག་གི་ལྟོགས་ལྕོགས་ཀྱང་གནོན་ཐབས་མེད་པས། ང་རང་སྔར་བཞིན་ལྷ་སའི་སྲང་ལམ་རིང་ཐུང་ཇི་སྙེད་དུ་འཁྱམ་དགོས་བྱུང་།ས་སྲོད་དེར།སྤྲང་ཚོགས་ཀྱིས་ང་རང་མཐར་སྤྲད་ནའང་།ཨ་ཅག་དེས་ཟས་སྦྱིན་གནང་ཚར་རྗེས།སྲང་ལམ་ཕ་གའི་ངའི་ཕྱོགས་ལ་ཡོང་ནས།ང་ལའང་རླངས་པ་ཐོལ་ཐོལ་བྱེད་བཞིན་པའི་བག་ལེབ་མངར་མོ་ཞིག་གནང་བྱུང་།ད་དུང་ང་ལ་གཏད་ནས་ཟོལ་མེད་དང་བརྩེ་བ་ཡིས་ཁེངས་པའི་འཛུམ་ཆུང་ཞིག་ཀྱང་གནང་བྱུང་།འཛུམ་ཆུང་དེས་ང་རང་ཡུལ་དུས་ཀྱི་བཀག་རྒྱ་གྲོལ་ཏེ་འཕྲུལ་སྣང་གི་འཇིག་རྟེན་གཞན་ཞིག་ལ་ཁྲིད་སོང་བས།ཨ་ཅག་ལགས་ཀྱི་མཆུ་སྒྲོས་འགུལ་ཙམ་བྱེད་བཞིན་པ་མཐོང་བ་ལས་དོན་ཅི་ཞིག་ལབ་བྱུང་བ་གཏན་ནས་མ་ཐོས།ཡུད་ཙམ་ལ།ང་ཡིས་དེ་ལྟར་འཕྲུལ་སྣང་གི་གཤིན་ས་རུ་འབྲུ་དྲུག་གི་ལོ་འབྲས་འདེབས་བཞིན་པའི་ཡུན་ལ།ངའི་ལག་གི་བག་ལེབ་ལས་མཆེད་ཡོང་བའི་ཚ་དྲོད་ཀྱིས་ངའི་རྣམ་ཤེས་ཚོགས་དྲུག་ཕྱིར་མི་ཡུལ་དུ་དྲངས་བྱུང་།དེ་དུས་ངས་ད་གཟོད་ཨ་ཅག་སྤེན་སྒྲོན་ལགས་སྔ་མོ་ནས་གར་སོང་ཆ་མེད་དུ་གྱུར་ཟིན་པ་ཚོར།”

  “རེད་ཡ།ས་སྲོད་དེར་ངས་མོའི་མིང་ལ་སྤེན་སྒྲོན་ཟེར་བའང་ཡེ་ནས་ཤེས་རྟོགས་བྱུང་མེད་ལ།མོ་རང་ངའི་མི་ཚེ་འདིའི་ཆེས་སྙིང་ཉེ་བའི་མི་རུ་འགྱུར་སྲིད་པའང་དྲན་པའི་ཡ་ངོགས་སུ་ཅིས་ཀྱང་འཆར་ཐུབ་མེད།འོན་ཏེ།ངས་མོ་རང་མིག་མདུན་དུ་མེད་པ་ཚོར་རྗེས།ནང་སེམས་ཀྱི་གང་ཞིག་ནས་སྨྲེང་བྱུང་ལ་ཙག་ཤེད་ཅིག་གིས་རང་ལུས་དབང་མེད་དུ་ཡར་ལངས་ཏེ།མོའི་རྒྱབ་གཟུགས་ཙམ་ཨེ་མཐོང་བསམས་ནས་སྲང་མདོ་དེའི་ཕྱོགས་ལ་བརྒྱུགས།སྟབས་ལེགས་པ་ཞིག་ལ།སྲང་མདོ་རུ་ངས་མཚམས་སྤྲིན་གྱི་བང་རིམ་ནས་མོའི་རྒྱབ་གཟུགས་མཐོང་བྱུང་།རྒྱབ་གཟུགས་དེ་ནི་སྤྲིན་པ་དང་ཉི་ཟེར་གྱི་བསྡུས་རིམ་ཁྲོད།དལ་གྱིས་ཡར་འཕགས་བཞིན་པའི་ལྷ་མོ་ཨུ་མའི་རྒྱབ་གཟུགས་དང་གཉིས་སུ་མེད།”

  “ང་རང་ཨ་མདོའི་ཡུལ་གྱི་དགོན་གནས་དེ་ན་ཡོད་དུས་སུ།ང་ལ་ལྷ་མོ་ཨུ་མའི་ཐང་ག་ལག་བྲིས་མ་ཞིག་ཡོད།གོ་ཐོས་ལ་ཐང་ག་དེ་ནི་རིག་གསར་ཡར་སྔོན་གྱི་ཐང་ག་ཞིག་རེད་ཟེར།ཐང་ག་དེར་བལྟས་མ་ཐག་ལོ་མང་འགོར་ཡོད་པ་ཤིན་ཏུ་རྟོགས་སླ་སྟེ།ཐང་ག་ཧྲིལ་པོའི་ཚོན་མདངས་ཡལ་ཟིན་པར་མ་ཟད།གྲུ་བཞི་བོ་རུལ་ཏེ་དཀྱིལ་གྱི་ལྷ་མོའི་སྐུ་གཟུགས་ཙམ་ལས་ཅི་ཡང་མི་གསལ།ཡིན་ནའང་དཀྱིལ་གྱི་ལྷ་མོ་ཨུ་མའི་སྐུ་རིས་ཀྱི་ཐིག་རྩ་ཧ་ཅང་གསལ་བས།ཤོག་བུ་དཀར་པོ་ཞིག་ཐང་ག་དེའི་སྟེང་ལ་བཞག་སྟེ་རབ་གསལ་གྱི་ཤེལ་ངོས་ལས་ཉི་འོད་ལ་གཏད་ན།སྨྱུག་རྩེ་ཕྲ་མོ་ཅན་ཞིག་གིས་ཤོག་བུའི་སྟེང་དུ་ལྷ་མོ་ཨུ་མའི་སྐུ་རིས་ཡོངས་སུ་ཕབ་འབྲི་བྱས་ཆོགཐང་ག་དེ་ངའི་ལག་ལ་ཐོག་མར་རེག་དུས།ཉིན་རྟག་པར་དེ་ལྟར་ལྷ་མོ་ཨུ་མའི་གཟུགས་རིས་དེ་ཤོག་ངོས་སུ་ཕབ་པར་སྤྲོ་བས་ཁེངས་པས།ངའི་དགེ་རྒན་ནམ་ཨ་ཁུ་ལགས་ཀྱིས་རྒྱུན་པར‘རིག་བྱེད་སྒྱུ་མའི་འཕྲུལ་ལ་གཡེང་ནས་འཇིག་རྟེན་པའི་ལྷ་ལ་དད་ན།ཡར་བསྐྱེད་ཟེར་བ་གང་ན་ཡོད’ཟེར་ནས་བཀའ་བཀྱོན་གནང་ཡོང་།འོན་ཀྱང་།ངས་དེ་སྣང་མེད་དུ་བཞག་ནས།སྔར་བཞིན་ལྷ་མོ་ཨུ་མ་དེ་ཤོག་ངོས་སུ་ཐེངས་མང་དུ་ཕབ་ཡོད།དེ་བས་ངའི་རི་མོ་འབྲི་རྩལ་བལྟས་བལྟས་རིག་རིག་ལ་ཡར་རྒྱས་བྱུང་སོང་།”

  “དེ་བས།ངས་ནམ་ཡང་ལྷ་མོ་ཨུ་མ་ནི་མཛེས་སྡུག་གི་དྭངས་རྩེ་རུ་རློམ་བཞིན་ཡོད་ལ།ས་སྲོད་དེའི་ཨ་ཅག་སྤེན་སྒྲོན་ལགས་ཀྱང་མི་ཡུལ་འདི་ནས་རྙེད་པའི་ཆེས་མཛེས་སྡུག་གི་མཚོན་བྱེད་ཅིག་ཏུ་སེམས་ཡོད།ངས་དེ་ལྟར་ཨ་ཅག་སྤེན་སྒྲོན་ལགས་ཀྱི་རྒྱབ་གཟུགས་ལ་མིག་སྐྱེལ་བྱས་ཏེ།མཚམས་སྤྲིན་དང་འདྲེས་ནས་མི་མཐོང་བར་གྱུར་པའི་མཚམས་དེར།ངས་ད་གཟོད་རང་ཉིད་ལ་མང་པོ་ཞིག་ཆད་ཡོད་པ་ཚོར་ཡོང་།ཆད་ཡོད་པ་དེ་ནི་ལྟོ་བ་འགྲང་བྱེད་ཀྱི་རྒྱགས་ཕྱེ་ཙམ་ཡིན་སྲིད་ལ།ཨ་ཅག་སྤེན་སྒྲོན་ལགས་ཀྱིས་གནང་བའི་འཛུམ་མདངས་དེ་ཡང་ཡིན་སྲིད།གང་ལྟར་ངས་དེ་ལྟར་ལམ་གྱི་བཞི་མདོ་དེ་རུ།ཨ་ཅག་སྤེན་སྒྲོན་ལགས་ཀྱིས་བྱིན་པའི་བག་ལེབ་མངར་མོ་དེ་ཟོས།”

  “ང་རང་ལྟོགས་དྲགས་པས་ཡིན་ནམ།ཡང་ན་བག་ལེབ་མངར་མོ་དེ་ཞིམ་དྲགས་པས་ཡིན་ནམ།ངས་བག་ལེབ་དེ་ཟོས་ཚར་ཡང་རང་ཉིད་ཀྱི་ལྟོ་བ་སྔར་བཞིན་སྟོང་ལྷང་ལྷང་དུ་སྣང་།ཡིན་ནའང་།ང་ལ་དངོས་ཡོད་གནས་ཚུལ་དེ་ལྡོག་ཐབས་ཅི་ཡང་མེད་དེ།འདས་ཟིན་པའི་ལོ་ངོ་བཅུ་གྲངས་ནང་དུ་ངའི་འཚོ་བ་ནི་ཟས་རང་འགྲུབ་དང་གོས་རང་འགྲུབ་ལྟ་བུ་ཡིན་ལ།ཉིན་རེར་སྐྱོར་ཀློག་བློ་འཛིན་གྱིས་ང་ལ་རྫོགས་རྒྱུ་མེད་པའི་སུན་སྣང་སྟེར་ནའང་།ངས་སུན་སྣང་དེའང་རི་མོ་འབྲི་བར་བརྟེན་ནས་ཇེ་ཆུང་ཇེ་ཡང་དུ་བཏང་ཆོགསྒོས་སུ་ལྟོ་གོས་ཐད་ལ་སེམས་ཁྲལ་ཉག་ཙམ་ཡང་བྱེད་མི་དགོས་ལ།མི་ཞིག་འཇིག་རྟེན་དུ་གསོན་པ་ལ་འཚོ་གནས་ཀྱི་ཕྱིར་དུ་འདུར་རྒྱུག་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་ཡེ་ནས་ཚོར་མེད།”

  “ད་ལྟའི་ཚོད་འདི་ལ་དེ་དག་ཕྱིར་དྲན་བྱས་ན།དེ་དུས་ཀྱི་རང་ཉིད་ནི་དངོས་གནས་བྱིས་པ་བསམ་མེད་ཅིག་རེད་ལ།ཕོ་ལོ་ཉེར་གསུམ་ཡིན་ཟེར་རྒྱུའང་ངོ་གནོང་དགོས་པའི་ཚད་རེད།སྒོས་སུ་ཨ་ཅག་སྤེན་སྒྲོན་དང་མ་འཕྲད་པའི་ཡར་སྔོན་གྱི་ཟླ་ངོ་གཉིས་ཀྱི་རིང་ལ།ང་རང་ལྷ་ས་དང་གཞིས་ཀ་རྩེ་ས་ཁུལ་གྱི་དགོན་གནས་ཆེ་ཆུང་ཀུན་ལ་ཉུལ་ནས།དཀར་ཐུག་རེ་བསླངས་ནས་ལྟོ་བ་རྒྱགས་ཐབས་བྱས་པ་དང་།གལ་སྲིད་དཀར་ཐུག་སློང་རྒྱུ་རེ་མ་རྙེད་དུས།དགོན་པའི་ནང་རོལ་ལ་མཇལ་བའི་ཚུལ་གྱིས་མཆོད་མདུན་ནས་རང་གི་བློ་འབབ་ཀྱི་མཆོད་རྫས་རེ་ཁྱེར་སོང་ནི་ཡིན།ད་དུང་ཐེངས་གྲངས་ཁ་ཤས་ཤིག་ལ་མཆོད་གཏོར་སྣུམ་པོ་འགའ་རེག་པ་ནམ་ཡང་བརྗེད་དུ་མེད།ངས་འདི་དག་ཨ་ཅག་སྤེན་སྒྲོན་ལགས་ལ་མ་གསང་མ་སྦས་པར་དྲང་མོར་ལབ་དུས་ནི།ངེད་གཉིས་ངོ་ཤེས་ཤིང་ཁྱིམ་ཚང་གཅིག་ཏུ་གཞི་མལ་བྱས་ཏེ་ལོ་ངོ་གཅིག་ལྷག་འགོར་རྗེས་ཡིན།དེ་དུས་མོས་ཀུ་རེ་འདྲེས་མས‘དཀོར་ཟས་དཀོར་ཆུ་འཐུང་ན་ཚེ་མི་རིང’ཞེས་ཟེར་མོད།ང་རང་ད་ལྟའང་བདེ་བར་གསོན་ཡོད་པ་མིན་ནམ།”

དྲུག

  མཚམས་དེར།ངས་རབ་གསལ་ལས་རྒྱང་རིང་གི་མཚམས་སྤྲིན་དལ་གྱིས་ནུབ་རིའི་ཕར་ལོགས་སུ་བྱིང་བཞིན་པར་ལྟ་བཞིན།ངའི་ཁ་གཏད་ཀྱི་སྐྱེས་པ་ཕོ་འདི་ཕོ་ལོ་ཉེར་གསུམ་ཡིན་དུས་ཀྱི་ས་སྲོད་དེར།ཨ་ཅག་སྤེན་སྒྲོན་ལགས་མཚམས་སྤྲིན་དང་ལྷན་དུ་མི་སྣང་བར་གྱུར་དུས།ཁོའི་འཇིག་རྟེན་ཇི་སྙེད་མུན་པས་བཀླུབས་ཡོད་ངེས་ཞེས་བསམ་མནོ་གཏོང་བཞིན་པའི་མོད་ལ།ཁོས་གཞི་ནས་དེའི་སྐོར་ལབ་བྱུང་།ཁོས་ལབ་པ་ལྟར་ན།ས་སྲོད་དེར་ཁོ་རང་སྲང་མདོ་དེ་ག་ནས་གར་འགྲོ་ཆ་མ་འཚལ་བར།ས་རུབ་ཐག་ཆོད་ནའང་ད་དུང་ལམ་གྱི་བཞི་མདོ་དེ་རུ་བསྡད་པ་ཡིན་ཟེར།སྲང་ལམ་གྱི་མི་ཚོགས་ཇེ་ཉུང་ནས་ཇེ་ཉུང་།ནམ་ཕྱེད་ཙམ་ལ་ཉེ་དུས་ཁོ་རང་གཅིག་པུ་ལུས་པས།ཡོད་ཚད་སྟོང་ལྷང་ལྷང་དུ་མཆིས་མོད།ཁོ་རང་གནས་གཞན་ཞིག་ཏུ་འགྲོ་འདོད་ཡེ་ནས་མ་སྐྱེས།མཚན་མོ་དེར་ཁོས་སྲང་མདོ་དེ་རུ།རྒྱང་རིང་གི་སུ་ཞིག་ཕྱིར་ལོག་པར་སྒུག་པ་བཞིན་མུ་མཐུད་དུ་ལམ་འགྲམ་དུ་ཙོག་ནས་བསྡད།

  ཡོད་ཚད་སྔ་མོ་ནས་བཀོད་སྒྲིག་བྱས་ཡོད་པ་དང་འདྲ་བར།ཁོ་རང་ལམ་འགྲམ་དེ་རུ་ཙོག་པུར་བསྡད་ཡོད་དུས།མོ་རང་སླེབས་བྱུང་།མོ་རང་ཞོགས་པའི་ཉི་ཟེར་དང་འགྲོགས་ཏེ།བག་ལེབ་མངར་མོ་སླེ་བོ་གང་ཁྱེར་ནས་ཁོའི་ཕྱོགས་ལ་སླེབས་བྱུང་།བག་ལེབ་དེ་དག་སྔོན་ཉིན་མོའི་ས་སྲོད་དུས་ཀྱི་བག་ལེབ་བཞིན་རླངས་པ་ཐོལ་ཐོལ་བྱེད་བཞིན་མཆིས།ཞོགས་པ་དེར་ཨ་ཅག་སྤེན་སྒྲོན་ལགས་ཀྱིས་ཡང་བསྐྱར་སྤྲང་ཚོགས་ལ་ཟས་སྦྱིན་གནང་རྗེས།སླར་ཡང་ཁོའི་གམ་ལ་ཡོང་།དེ་དུས་མོའི་སྐྲའི་ལན་བུ་གཉིས་རང་ཤམ་གྱིས་མདུན་དུ་དཔྱངས་ཡོད་པས།པང་ཁེབས་ཀྱི་ཚོན་ཁྲ་དང་སྡེབ་འགྲིག་ལ་སྔར་བས་ཡིད་དབང་འཕྲོག་པར་སྣང་།

  མོས་ཁོའི་མིང་ལ་ཅི་ཟེར་དང་།ས་ཕྱོགས་གང་ནས་ཡིན།ལས་ཀ་གང་ལ་ཞུགས་ནས་ཁ་གསོ་རྟེན་གང་བྱེད་བཞིན་ཡོད་ཅེས་དྲི་བ་མང་པོ་ཞིག་དྲིས་ཡོང་དུས།ཁོས་མོའི་དྭངས་གསལ་གྱི་མིག་ཟུང་ལ་གཏད་དེ་གང་མང་ཞིག་དྲང་མོར་ལབ་ཐབས་བྲལ་བས།འོས་འཚམ་གྱི་ལན་རེ་བཏབ་ནས་བསྡད།ཡིན་ནའང་།མོས་ཁོའི་མིང་ལ་ཅི་ཟེར་ཞེས་ཐེངས་གཉིས་པར་དྲིས་ཡོང་དུས།ཁོས་གཞི་ནས་རང་ཉིད་སུ་ཡིན་པ་ལ་བསམ་གཞིག་མི་གཏོང་ག་མེད་བྱུང་།འོན་ཀྱང་།སྐད་ཅིག་མ་དེར་ཁོའི་དྲན་པའི་ནང་ངོགས་སུ“རབ་བརྟན”ཞེས་པའི་བྱིས་དུས་ཀྱི་མིང་དེ་རེ་ཞིག་འཕོས་བྱུང་བས།དེ་འཕྲལ་ཁོས་ཀྱང་རང་ཉིད་ནི་རབ་བརྟན་ཡིན་ཚུལ་ལབ།ཉིན་དེ་ནས་བཟུང་།ཁོས་རང་ཉིད་ངོ་མ་ཡང་བསྐྱར་རྙེད་པ་དང་།ལྷག་པར་ཨ་ཅག་སྤེན་སྒྲོན་ལགས་ཀྱི་གཟིགས་སྐྱོང་གིས་ཁོ་ལ་རང་ཉིད་མི་རུ་སྐྱེས་པའི་སྙིང་པོའང་རྙེད་དུ་བཅུག་པ་འདྲ།

  ཁོས་མོ་ལ་གཏད་དེ་རང་ཉིད་ནི་ཨ་མདོའི་མཇལ་བ་རྣམ་དག་ཅིག་ཡིན་ཚུལ་དང་།ཉིན་འགའི་སྔོན་ལ་ཁྱིམ་མི་དག་དང་ཁ་ཐོར་བྱུང་ཞིང་།སྒོར་ཁུག་ཐོབ་ཐང་ལག་འཁྱེར་དང་བཅས་པ་རྐུ་ལ་ཤོར་བས།ཕྱིར་ཕ་ཡུལ་ལ་ལོག་པའི་ལམ་རིན་ཙམ་ཡང་མེད་པར་ལུས་ཡོད་ཚུལ་སོགས་བདེན་མ་རྫུན་གྱི་གཏམ་རྒྱུད་རིང་མོ་ལབ་པས།ཨ་ཅག་སྤེན་སྒྲོན་ལགས་ཀྱིས་མོ་རང་ཉིད་ཀྱང་ཡིན་པ་ཨ་མདོའི་ཕྱོགས་ནས་ཡིན་ཚུལ་དང་།ཕ་ཡུལ་དུ་ལོག་མ་ཐུབ་པར་འདི་ག་རུ་ལོ་གྲངས་ལྔ་ལྷག་འགོར་ཡོད་ཚུལ་སྦ་གསང་མེད་པར་བཤད་པར་མ་ཟད།གལ་སྲིད་ཁོ་རང་འཐད་པ་ཡིན་ན།ཟླ་ངོ་གསུམ་ལ་མོའི་བག་ལེབ་ཚོང་ཁང་དུ་ལས་རོགས་བྱས་ན།མོས་ཁོ་རང་ཕྱིར་ཕ་ཡུལ་ལ་ལོག་བྱེད་ཀྱི་ལམ་རིན་གནང་ཆོག་ཟེར།

  ཁོ་རང་དེ་ལྟར་ཨ་ཅག་སྤེན་སྒྲོན་ལགས་ཀྱི་རྗེས་འབྲངས་ནས།ཁོ་མོའི་བག་ལེབ་འཚོང་ས་རུ་ཟླ་ངོ་འགའ་ཡི་ཉིན་མཚན་བསྐྱལ།མ་གཞི་མི་དང་མིའི་བར་གྱི་བརྩེ་མདངས་ཟེར་བ་ནི་ཉིན་ནས་ཉིན་གྱི་འབྲེལ་འདྲིས་དང་།སེམས་དང་སེམས་པའི་ཕྱི་བསྟན་ནང་བསྟན་ལས་འཕྱུར་ཡོང་ངེས་པ་ཞིག་ཡིན་ཏེ།ཟླ་ངོ་གསུམ་ལ་ཉེ་དུས་ཀྱི་ས་སྲོད་ཅིག་ཏུ།ཨ་ཅག་སྤེན་སྒྲོན་ལགས་ཀྱི་སྣེ་ཁྲིད་འོག་ཁོ་རང་གཞི་ནས་མོའི་གཟིམས་ཤག་ཏུ་འཛུལ་སོང་།ཁོས་ཨ་ཅག་སྤེན་སྒྲོན་ལགས་ཀྱི་གཟིམས་ཤག་གི་རབ་གསལ་ནས།སྲང་ལམ་བཞི་མདོ་ཅན་དེ་མཐོང་བྱུང་།སྲང་ལམ་བཞི་མདོ་ཅན་དེ་རུ།ཟླ་ངོ་ཁ་ཤས་ཀྱི་ཡར་སྔོན་ལ་རང་ཉིད་ཀྱིས་བག་ལེབ་མངར་མོ་ཞིག་ལག་ཏུ་བཟུང་ནས།ལྷ་སའི་ཨ་ཅག་ཅིག་གི་རྒྱབ་གཟུགས་མཐོང་ལམ་དུ་འགུག་བཞིན་པ་མཐོང་བྱུང་།ད་དུང་ཨ་ཅག་སྤེན་སྒྲོན་ལགས་ཀྱིས་མཚན་མོ་དེར་རབ་གསལ་འདི་ལས།སྲང་མདོ་དེར་ཙོག་པུར་བསྡད་དེ་སུ་ཞིག་ཕྱིར་ལོག་པར་མཚན་སྒུག་བྱེད་བཞིན་པའི་རང་ཉིད་ལ་ལྟ་བཞིན་པའང་མཐོང་བྱུང་།

  མཚན་མོ་དེར།ཨ་ཅག་སྤེན་སྒྲོན་དང་ཁོ་གཉིས་ཀྱིས་ཨ་ཅག་སྤེན་སྒྲོན་ལགས་ཀྱི་གཟིམས་ཤག་ནས།སེམས་པས་སེམས་པ་གཏད་ཅིང་།མཆིན་པས་མཆིན་པ་གླན་ཏེ་ཅི་འཕྲོས་མོལ་འཕྲོས་ཀྱིས་སྐྱ་རེངས་ལ་བསྒུགས།ཡང་མཚན་མོ་དེར།ཁོས་ཨ་ཅག་སྤེན་སྒྲོན་ལགས་ཀྱི་སྒེག་ཉམས་ཇི་སྙེད་ཤོག་ངོས་སུ་རི་མོར་ཕབ།ཕྱིས་སུ་མོས་རི་མོ་དེ་ཉིད་གཅེས་སུ་སྤྲས་ཞོར།“འདི་ཉིད་ལ་ཚོན་མདངས་བཏང་ཡོད་ན་སྔར་བས་ཡག་ངེས་རེད”ཟེར།དེ་བས།ཁོས་རི་མོ་ལ་ཚོན་བྱུག་པར་ཚོད་ལྟ་གང་མང་བྱས་ལ།རིམ་གྱིས་ཐད་ཀར་ཚོན་རྩི་ཁོ་ན་ཡིས་རི་མོ་འབྲི་བ་ལའང་ཚོད་ལྟ་བྱས་མཐར།དེ་ལ་ཨ་ཅག་སྤེན་སྒྲོན་ལགས་ཀྱི་དགའ་མོས་ཆེན་པོ་ཐོབ་ཅིང་།མོ་རང་ཁོམ་ལོང་ཡོད་དུས་དང་ལྭ་གསར་རེ་ཉོ་དུས།རྟག་ཏུ་ཁོ་ལ་ཚོན་རྩི་ཡིས་རི་མོར་ཕབ་ཏུ་འཇུག་ངེས།

  ཕྱིས་སུ་ཁོ་དང་ཨ་ཅག་སྤེན་སྒྲོན་གཉིས་ཀྱིས་འདུག་གནས་སྤར་ཏེ།བག་ལེབ་འཚོང་ས་དེའང་གཞན་ཞིག་ལ་བཙོངས་དུས།ཁོས་བྲིས་པའི་ཚོན་རྩིའི་རི་མོ་དག་ན་གཞོན་སྐོར་ཞིག་གིས་རིན་དངུལ་མཐོན་པོ་རེ་སྤྲད་དེ་ཉོས་སོང་།དེས་ཁོ་ལ་མུ་མཐུད་དུ་ཚོན་རྩིས་རི་མོ་འབྲི་བར་སྒུལ་ཤུགས་མང་ཙམ་སྤྲད་པར་མ་ཟད།ཕྱིས་སུ་ཨ་ཅག་སྤེན་སྒྲོན་ལགས་ཀྱིས་ཁོ་ལ་སྣུམ་ཚོན་རི་མོའི་སྐོར་གྱི་དགེ་རྒན་ཞིག་ཀྱང་གདན་འདྲེན་བྱས་པས།ཁོ་ལ་ཅིས་ཀྱང་རང་ཉིད་ལ་དབང་བའི་ནུས་རྩལ་ཡོད་པར་གྱུར།ལོ་ངོ་གཉིས་གསུམ་ཙམ་གྱི་རིང་ལ་ཁོས་བྲིས་པའི་སྣུམ་ཚོན་རི་མོ་དག་ལྷ་སའི་ནང་མ་ཁང་དང་།དཀྲུགས་ཇ་ཁང་དག་གི་གྱང་ལྡེབས་ངོས་ནས་རྒྱུན་པར་མཐོང་ཐུབ།དེ་བས།ཁོ་དང་ཨ་ཅག་སྤེན་སྒྲོན་གཉིས་ཀྱི་འཚོ་བའང་རེ་ཞིག་སྐྱིད་སྣང་གིས་ཁེངས།

བདུན།

  ཨ་ཁུ་ཡར་འཕེལ་གྱིས་ཨ་ཅག་སྤེན་སྒྲོན་དང་འབྲེལ་བའི་ལོ་ཟླ་དག་གླེང་མཚམས་བཞག་དུས།ངེད་གཉིས་སྡོད་པའི་གྲོང་ཁྱེར་དེ་སྔ་མོ་ནས་གཉིད་དུ་ཡུར་ཟིན་པས།ངས་ཀྱང་ཁོ་ལ་གྱེས་ཁ་བཞག་སྟེ།ཨ་ཅག་སྤེན་སྒྲོན་ཞེས་པའི་ཁང་མིག་དེ་ནས་ཕྱིར་བུད།དོན་དམ་དུ་ང་རང་ཉིད་ཀྱང་སྣུམ་ཚོན་རི་མོ་སྦྱངས་པའི་སློབ་ཆེན་སློབ་མ་ཞིག་ཡིན་པས།དེང་གི་སྤྱི་ཚོགས་སུ་སྣུམ་ཚོན་རི་མོ་ལག་བྲིས་ཙམ་ལ་བརྟེན་ཏེ།འཚོ་གནས་བྱེད་འདོད་པ་ནི་སྟོང་བསམ་ཙམ་ཡིན་པ་ཤེས་མོད།འོན་ཀྱང་ཨ་ཁུ་ཡར་འཕེལ་གྱིས་གློག་རྡུལ་འཕྲུལ་ཆས་ཀྱིས་འདྲ་པར་དག་སྣུམ་ཚོན་རི་མོར་ཕབ་སྟེ།གྲོན་དངུལ་བསྡུ་བའི་འཚོ་ཐབས་དེ་ལ་ག་ཤེད་ཅིག་ནས་མི་འགྲིག་པའམ།སྣུམ་ཚོན་རི་མོ་ལ་གང་ཞིག་ནས་རྒྱབ་འགལ་བྱེད་བཞིན་པའི་ཚོར་བ་འགོག་མེད་དུ་སྐྱེས་ཡོང་།འོན་ཏེ།བསམ་བློ་ཞིབ་ཏུ་བཏང་ཡོང་དུས།ཁོ་ལ་ཁག་མི་འདུག་བསམས།

  སྒོས་སུ།ཁོ་དང་ཨ་ཅག་སྤེན་སྒྲོན་གཉིས་ཀྱིས་བདེ་སྐྱིད་ཀྱི་འཁོར་བ་ཆུང་ཆུང་དེའི་མགོ་བརྩམས་ནས་ཡུན་རིང་མ་འགོར་བ་སྟེ།ཁོ་གཉིས་ཀྱིས་གཞི་ཁྱིམ་ཆུང་ཆུང་དེ་བསྐྱངས་པའི་ལོ་བཞི་པ་ལ།ཨ་ཅག་སྤེན་སྒྲོན་ལགས་ཀྱིས་ཁོ་ལ་ངེས་པ་དོན་གྱི་གཞིས་ཁྱིམ་དྲོན་མོ་ཞིག་བསྕལ་ཆེད།ཕྲུ་གུ་སྙིང་རྗེ་མོ་ཞིག་བཙའ་རྒྱུའི་སེམས་ཐག་བཅད་ལ།ཁོས་ཀྱང་རང་ཉིད་ཕྲུ་གུ་ཞིག་གི་ཨ་ཕར་འགྱུར་བར་ཟླ་ངོ་དུ་མར་ངང་སྒུག་བྱས།

  ཡིན་ནའང་ལྷ་སའི་དགུན་ཟླ་ར་བའི་ལྷགས་རླུང་དེའི་ཁྲོད།ཨ་ཅག་སྤེན་སྒྲོན་མ་བུ་གཉིས་མྱུར་སྐྱོབ་ཁང་ཞེས་པའི་ཁང་མིག་དེ་ལས་ཅིས་ཀྱང་བདེ་བླག་ངང་ཕྱིར་ཡོང་ཐུབ་མ་བྱུང་ལ།སྟོད་ཉི་མ་ལྷ་སའི་སྨན་ཁང་ཆེན་མོ་དེ་རུ།ཁོས་ཤི་འཐམ་རོ་འཐམ་གྱིས་འོ་དོད་དང་སྨྲེ་ངག་བཏོན་ཀྱང་།ཨ་ཅག་སྤེན་སྒྲོན་ལགས་ཞིང་གཞན་དུ་འགྲོ་བར་བཀག་འགོག་ཕྲན་ཙམ་ཡང་གནང་མ་ཐུབ།

  ས་སྲོད་དེ་ནས་བཟུང་།ཁོས་ཡང་བསྐྱར་རང་ཉིད་བོར་ཟིན་ལ།རབ་བརྟན་ཞེས་པའི་མིང་དེའང་རང་ཉིད་དང་རྒྱང་ཐག་ཤིན་ཏུ་རིང་བར་སྣང་།དེ་བས།ཁོས་ཡར་འཕེལ་ཞེས་པའི་མིང་དོན་སྐམ་པོ་དེ་ཁུར་ནས་སྟོད་ཉི་མ་ལྷ་ས་དང་གྱེས་ཁ་བཞག་རྗེས།ཡུལ་ཕྱོགས་ངེས་མེད་དུ་འཁྱམས་འཁྱམས་མཐར།གྲོང་ཁྱེར་འདིའི་གྲུ་ཟུར་ཞིག་ཏུ་གཞི་ནས་ཨ་ཅག་སྤེན་སྒྲོན་ལགས་ལ་དབང་བའི་ཁང་མིག་ཅིག་རྙེད་བྱུང་།དོན་དམ་དུ་ཁང་མིག་འདི་ནི་ཨ་ཅག་སྤེན་སྒྲོན་ལགས་ལ་དབང་བར་མ་ཟད།ཨ་ཁུ་ཡར་འཕེལ་གྱིས་མི་ཡུལ་འདི་ནས་རེ་བ་བཅོལ་རྟེན་གྱི་མ་སྐྱེ་བུ་ཕྲུག་དེ་ལའང་དབང་།ད་དུང་ཁོའི་དགའ་འོས་ལ་ངུ་ཡང་སྐྱེན་པའི་རྒྱང་འགྲིམས་ཀྱི་ལོ་ཟླ་དེར་ཡང་ཅི་ལ་མི་དབང་།

  རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། 《མཚོ་སྔོན་བོད་ཡིག་གསར་འགྱུར》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།